ཚད་མ་རིག་པའི་གཞུང་ལུགས་ཐོག་མ་དེ་བོད་ཀྱི་མཁས་པས་བརྩམས་པ་རེད།

ཚད་མ་རིག་པའི་གཞུང་ལུགས་ཐོག་མ་དེ་བོད་ཀྱི་མཁས་པས་བརྩམས་པ་རེད།

བོན་ནག་ཚང་ཡེ་ཤེས་བློ་གྲོས།   ༼   རེབ་གོང ༽

སྔོན་གླེང་།

          ངས་ན་ནིང་ནས་བཟུང་ཚད་མ་རིག་པའི་བྱུང་ཁུངས་སྐོར་གྱི་རྩོམ་ཡིག་རེ་འབྲི་བའི་འགོ་བཟུང་མྱོང་ན་ཡང་མཇུག་གྲུབ་མ་ཐུབ། ཨ་མདོ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ལྷ་དཔལ་ལགས་ཀྱིས་འགོ་འཛིན་མཛད་དེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཆུ་སྐྱེས་དགེ་འདུན་བསམ་གཏན་ལགས་ཀྱིས་གླེང་སྟེགས་སྟེང་བཤད་པའི ༼བོད་ཀྱི་ཚད་མ་རིག་པ་གླེང་བ༽ཞེས་པའི་གཏམ་བཤད་ལ་བལྟས་རྗེས་ཚད་མ་རིག་པའི་བྱུང་འཕེལ་ངོ་མ་དེ་འབྲི་འདོད་བྱུང་སོང་། དོན་ངོ་མ་བོད་ཀྱི་མཁས་པས་བརྩམས་པའི་ཚད་མའི་གཞུང་ལུགས་དེ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་འཇོག་པ་ནི་ཚད་མ་རིག་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་ཚབས་ཆེན་ཞིག་ཏུ་སེམས་སོ།།

དངོས་གླེང་།

        ཚད་མ་རིག་པའི་བྱུང་ཁུངས་ཀྱི་ཐད་ལ་བོད་ཀྱི་མཁས་པ་ཁ་ཤས་ཀྱིས་བོད་ཀྱི་མཁས་པས་མཛད་པའི་ཚད་མའི་བསྟན་བཅོས་ཐོག་མ་དེ་ལ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ ༼1059 — 1109 ༽ ཀྱིས་མཛད་པའི ༼ ཚད་མ་རྣམ་ངེས་ཀྱི་འགྲེལ་བཤད ༽ དེ་འཇོག་བཞིན་ཡོད་ལ། ཆུ་སྐྱེས་དགེ་འདུན་བསམ་གཏན་ལགས་ཀྱིས་ཞིབ་འཇུག་གི་ཁ་ཕྱོགས་དེ་ལས་རིང་བར་སོང་སྟེ་བོད་བཙན་པོ་ཁྲི་སྲོང་ལྡེ་བཙན ༼718– ༽གྱིས་མཛད་པའི ༼བཀའ་ཡང་དག་པའི་ཚད་མ ༽ དེ་བོད་ཀྱི་མཁས་པས་མཛད་པའི་ཚད་མའི་བསྟན་བཅོས་ཐོག་མ་ཡིན་པ་གླེང་སྟེགས་སྟེང་གསུང་འདུག

དོན་ལ་བོད་ཀྱི་མཁས་པས་བརྩམས་པའི་ཚད་མའི་བསྟན་བཅོས་ཐོག་མ་དེ་དུས་རབས་བདུན་པའི་སྐབས་ཀྱི༼ བཀའ་ཡང་དག་པའི་ཚད་མ ༽དེས་མཚོན་དཀའ་བར་སྙམ། རྒྱུ་མཚན་གང་ཡིན་ཞེ་ན།  དེ་ལས་སྔ་བའི་བོད་ཀྱི་མཁས་པས་མཛད་པའི་ཚད་མ་རིག་པའི་བསྟན་བཅོས་མང་པོ་ཞིག་ཡོད་པས་ཡིན།  ལོ་གཅིག་ཁྲི་བརྒྱད་སྟོང་ལྷག་གི་ཡར་སྔོན་དུ་གངས་ཏི་སེ་བར་རྒྱུད་ནས་སྐུ་འཁྲུངས་པའི་ཞི་བདེ་ཤེས་རིག་གི་དེད་དཔོན་ཆེན་པོ་སྟོན་པ་གཤེན་རབ་ཀྱིས་མཛད་པའི ༼ ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལ་རྩོད་སྤོང་སྨྲ་བའི་སེང་གེ ༽ དང་།༼ཐེག་འགྲེལ་མེ་ལོང་དགུ་བསྐོར༽།  ༼མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིག་མདོ ༽སོགས་མཛད་ཡོད་ལ། པཎ་ཆེན་ལི་ཤུ་སྟག་རིང ༼སྤྱི་ལོ་སྔོན་གྱི་ལོ 1751 ལ་འཁྲུངས༽ གིས་མཛད་པའི ༼ རྫོགས་པ་ཆེན་པོ་གལ་མདོ་རིག་པའི་ཚད་མ ༽། ༼ མན་ངག་ལུང་གི་ཚད་མ༽། ༼མན་ངག་ལུང་གི་ཚད་མའི་འགྲེལ་བ ༽དང་། སེ་བོན་ཤ་རི་དབུ་ཆེན༼ སྤྱི་ལོའི་སྔོན་གྱི་ལོ 1074 བར་གྱི་རེད ༽ གྱིས་མཛད་པའི ༼ བོན་ཐམས་ཅད་ཀྱི་ཡང་སྙིང་གཏན་ཚིགས་ངེས་པའི་གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ ༽། རྒྱུང་ཡར་བླ་ཆེན་དྲན་པས ༼ སྤྱི་ལོའི་སྔོན་གྱི་ལོ 914 ལ་འཁྲུངས ༽ མཛད་པའི ༼རྣམ་འབྱེད་འཕྲུལ་གྱི་ལྡེ་མིག༽། དག་པོ་དྲན་པ་ནམ་མཁས ༼སྤྱི་ལོ 702 — ༽ མཛད་པའི ༼རྫོགས་ཆེན་མེ་ལོང་བདུན ༽ །  ཕྱྭ་པ་ཆོས་ཀྱི་སེང་གེ ༼1109 — 1169༽ཡིས་ཚད་གཞུང་སྙིང་བསྡུས་སུ་མཛད་པ ༼ བསྡུས་གྲྭ་ཆུང་འབྲིང་ཆེ་གསུམ ༽ དང་། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན ༼1182 –1251༽ གྱིས་མཛད་པའི ༼ཚད་མ་རིག་གཏེར ༽ །  བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་འ་ཞ་བློ་གྲོས་རྒྱལ་མཚན ༼1198–༽གྱིས་མཛད་པའི༼ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད༽སོགས་ནི་ད་ལྟ་མངོན་སུམ་གྱིས་མཇལ་ཡུལ་དུ་གྱུར་ཡོད་ལ། བོད་ཀྱི་མཁས་པས་མཛད་པའི་ཚད་མའི་བསྟན་བཅོས་རྙིང་གྲས་ཀྱི་སྐོར་རེད།

བོད་ཀྱི་ཚད་མ་རིག་པའི་གཞུང་འདི་རྣམས་ཀྱི་འཕེལ་རིམ་ལ་དཔྱད་ཚེ་བོད་ཀྱི་ཚད་མ་རིག་པའི་བསྟན་བཅོས་ཐོག་མ་དེ ༼ བཀའ་ཡང་དག་པའི་ཚད་མ ༽ ཡིན་པ་འཇོག་མི་ཐུབ་ལ། ང་ཚོས་མགྲིན་པ་གཟེངས་སུ་བཏེགས་ནས་བཤད་འདོད་པ་ནི་ཚད་མ་རིག་པའི་གཞུང་ལུགས་ཐོག་མ་དེ་བོད་ཀྱི་མཁས་པས་བརྩམས་པ་རེད་ཅེས་བརྗོད་པ་དེ་ཡིན།

མཇུག་གཏམ།

         བདག་གིས་མཇུག་གཏམ་དང་འབྲེལ་བའི་བཤད་འདོད་པ་དེ། ང་ཚོ་སུ་ཡིན་ཡང་རིག་གཞུང་ཞིག་གི་དཔྱད་བརྗོད་འབྲི་དུས་རང་འཐད་སའི་གྲུབ་མཐའ་དེས་རིག་གཞུང་ཞིག་གི་བྱུང་བ་དང་འཕེལ་བ་སོགས་ཐག་གཅོད་བྱེད་པ་ནི་རིག་གཞུང་དེ་དམར་གསོད་དུ་བཏང་བ་ཡིན་ལ། བོད་པའི་རིག་གཞུང་སྤྱི་ལ་བསམ་བློ་གཏོང་རྒྱུ་དེ་གནད་ཀྱི་དམ་པ་ཞིག་རེད་འདོད་བཞིན་ཡོད། དོན་ངོ་མར་བཤད་ན་བོད་ཀྱི་ཡོན་ཏན་པ་མང་པོ་ཞིག་གིས་ཡང་དག་པའི་དཔྱད་བརྗོད་ཅིག་འབྲི་དཀའ་བར་འདུག  རྒྱུ་མཚན། བན་བོན་གང་རུང་གི་གྲུབ་མཐའི་ཕྱོགས་ཞེན་ཡོད་པས་རེད། ཕྱོགས་ཞེན་གྱིས་བྲིས་པའི་རྩོམ་ཡིག་དག་མཐོང་ན་ཡིད་སེམས་རབ་ཏུ་སྐྱོ་བའི་མིག་ཆུ་ཞིག་ངང་གིས་སེམས་ཁོང་དུ་འཐོར་བར་ངེས་སོ།།

༢༠༡༦ / ༡༢ / ༩ མཚན་མོའི་ཆུ་ཚོད་གསུམ་པའི་སྟེང་བྲིས་པ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།