བོད་ཆེན་པོའི་མངའ་ཁོངས་འབབ་རྫོང་གི་རྫོང་རིའི་རིག་དངོས་ངོ་སྤྲོད་དང་ཤེས་རིག་གི་རྒྱབ་ལྗོངས་ལ་ཅུང་ལྟ་བ།

རྩོམ་པ་པོ། བོན་ནག་ཚང་ཡེ་ཤེས་བློ་གྲོས།  ཡོང་ཁུངས། རེབ་གོང་བོན་མང་དྲ་བ།

༼༡༽ བོད་ཆེན་པོའི་མངའ་ཁོངས་འབའ་རྫོང་གི་རྫོང་རིའི་རིག་གནས་ཀྱི་འབྱུང་བའི་གནས་བཤད་པ།

 

རྫོང་རིའི་རིག་དངོས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཐུན་ཏེ༼འབའ༽རྫོང་འབའ་ཁུགས་ཞང་མཐུན་སྒྲིལ་སྡེ་བ་དང་མཁར་སྒང་སྡེ་བ་གཉིས་ཀྱི་མཐའ་སྐོར་ནས་བུད་པ་ཡིན་ལ། འདི་ནི་འབབ་ཆུ་དང་རྨ་ཆུའི་བཞུར་རྒྱུན་གྱི་ཁྲོད་ན་ཡོད། དུས་རབས 20 ལོ་རབས 70 སྐབས་སུ་ས་ཞིང་སྒེར་ལ་སྤྲད་ནས་ས་རྒོད་བདེ་ཐང་བྱེད་པའི་དུས་སུ་རིག་དངོས་འདི་བུད། 1983 ལོ་ནས་རྫོང་དང་ཞིང་ཆེན་གྱི་ཆེད་མཁས་པས་དངོས་རྫས་བསློག་ནས་རྫ་ཆས་སོགས 25 འདྲ་རྙེད་ནས་རྒྱུས་ལོན་བྱས། 1986 ལོ་ནས 1994 ལོའི་བར་དུ་རྒྱལ་ཁབ་རིག་རྫས་ཅུའུ་ཡིས་ཆོག་ཆན་བཀོད་པ་བརྒྱུད་དངོས་རྫས 2571 ལག་སོན་བྱུང་། 1995—1996 ལོའི་བར་སྐབས་སུ་དུར་ས 341 སྔོག་འདོན་བྱས་པ་དང་། ཚོན་ལྡན་རྫ་ཆས 896 བླངས། ཁྱོན་རིག་དངོས 23000 ལག་སོན་བྱུང་ནས་འབའ་རྫོང་གི་རྫོང་རི་ནི་རིག་དངོས་ཀྱི་གཏེར་མཛོད་ཅིག་ཏུ་གྲུབ་ཡོད་པ་ར་སྤྲོད་བྱས། ཚན་རིག་པའི་དཔྱད་འབྲས་ཁྲོད་ནས་རྫོང་རིའི་རིག་དངོས་ཀྱི་སྐོར་ལ་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ཡོད་པར་བརྗོད་འདུག

༼༢༽བོད་ཆེན་པོའི་མངའ་ཁོངས་འབའ་རྫོང་གི་རྫོང་རིའི་རྫ་ཆས་ཤེས་རིག་གི་རི་མོའི་སྒྱུ་རྩལ་ལ་ཅུང་ལྟ་བ།


རྫོང་རི་ནས་ཐོན་པའི་རྫ་ཆས་ཀྱི་བཟོ་དབྱིབས་ཀྱང་གཅིག་ཏུ་མ་ངེས་ལ་མི་དང་བྱ་གཅན་རི་གཡུང་། ལོང་བུ་གཅིག་ཅན་དང་ཉིས་ལོང་ཅན་གྱི་རྣམ་པ་ལྟར་བཟོས་འདུག འདིས་རང་གི་འཚོ་བ་དང་བར་ཐག་ཧ་ཅང་ཉེ་བའི་འཚོ་སྡོད་པ་རྣམས་ཀྱི་བློ་གྲོས་མཚོན་ཐུབ་ལ། རྫ་ཆས་ཀྱི་སྟེང་གི་རི་མོ་ཡང་འབྲི་སྟངས་ཀྱི་ཐད་ནས་ཀྱང་སྣ་མང་གི་རང་བཞིན་ལྡན་ལ་བྱ་དང་མི། ཆུ་གནས་ཀྱི་སྦལ་བ། དེ་བས་ཀྱང་མང་ཆེ་བ་ནི་ཆུ་རིས་རེད། འདིས་རྫ་ཆས་སོགས་བྱུང་སའི་གནས་ཀྱི་ཉེ་འགྲམ་ན་བཞུར་བཞིན་པའི་འབའ་ཆུ་དང་རྨ་ཆུར་འབྲེལ་བའི་ཤེས་རིག་ཅིག་གི་སྙིང་སྟོབས་དང་འཕེལ་རྒྱས་མཚོན་བཞིན་ཡོད་ལ། དེ་ལས་ཀྱང་ངོ་མཚར་བ་ནི་མི་རྣམས་ཀྱི་ཞབས་བྲོ་འཁྲབ་བཞིན་པའི་འདྲ་རིས་སྣང་བའི་རྫ་ཕོར་འདི་དང་། མི་གཉིས་ཀྱིས་རྡོ་བ་འགྱོགས་བཞིན་པའི་འདྲ་རིས་སྣང་བའི་རྫ་ཕོར་འདི་གཉིས ༼ད་ལྟ་ཟི་ལིང་གི་གནའ་རྫས་སྲུང་སྐྱོབ་ཁང་ན་ཡོད ༽ ལ་རྒྱའི་ཞིབ་འཇུག་པ་རྣམས་ཀྱིས་ཀྲུང་གོའི་ཤེས་རིག་གི་རྒྱལ་བོའམ་ཀྲུང་གོའི་ཤེས་རིག་གི་ཏོག་ཅེས་འབོད་བཞིན་འདུག འདིའི་སྟེང་གི་མི་རྣམས་ཀྱི་ཞབས་བྲོ་འཁྲབ་བཞིན་པའི་འདྲ་རིས་འདི་ལ་བརྟགས་ན། བར་དཀྱིལ་གྱི་ཟླུམ་གཟུགས་དེས་ཉི་མ་དང་ཟླ་བ་མཚོན་བཞིན་ཡོད་ལ། ཉི་ཟླའི་འོད་སྣང་གི་ཁྲོད་ན་བྲོ་འཁྲབ་བཞིན་འདུག འདི་ནི་སྟོད་མངའ་རིས་ན་དར་ཁྱབ་བྱུང་བའི་ཤོན་འཁྲབ་བཞིན་པའི་སྣང་ཚུལ་དང་ཧ་ཅང་འདྲ་བར་གནས་ཡོད་ལ་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ལིས་ཀོ་ལིན་གྱིས་བཤད་པ་ལྟར་ན། ཚོན་ལྡན་རྫ་གཞོང་ནང་གི་སྒོར་སྒོར་དེས་ཉི་མ་མཚོན་ཡོད་པ་དང་། ཟླུམ་གཟུགས་ཀྱིས་གནའ་བོའི་ལྷ་དགུ་མཚོན་པར་བྱས་ཡོད། ཁོ་ཚོས་གདོད་མའི་སྐྱེལ་བསུ་མཛད་སྒོ་སྤེལ་སྐབས། དཔུང་བ་སྦྲེལ་ནས་རྩེ་བའི་བྲོ་གར་དེའི་མིང་ལ་ཉི་མའི་བྲོ་གར་ཟེར་ཞེས་བརྗོད། རྫ་ཕོར་གཞན་པ་འདི་ལས་མི་རྣམས་ལ་ངལ་རྩོལ་ཡོད་པ་དང་འཚོ་བ་སྟོབས་ལྡན་ཡིན་པ་སོགས་མཚོན་བཞིན་འདུག

༼ ༣ ༽ བོད་ཆེན་པོའི་མངའ་ཁོངས་འབའ་རྫོང་གི་རྫོང་རིའི་རིག་དངོས་ལས་བྱུང་བའི་འཚོ་བའི་ཡོ་བྱད་ལ་ལྟ་བ།

འབའ་རྫོང་གི་རྫོང་རིའི་ཤེས་རིག་ལས་བྱུང་བའི་འཚོ་བའི་ཡོ་བྱད་ཧ་ཅང་གི་མང་པོ་ཞིག་ཡོད་ལ་ཇ་རྫ་དང་ཆང་རྫ༼རྒྱལ་རོང་ཕྱོགས་ན་འདི་འདྲ་ཡོད༽། རྫ་ཕོར། ཕོར་གསུམ་རྫ་ཆས། ཆུ་རྫ་སོགས་རྫ་དབྱིབས་འདྲ་མིན་གྱི་ཡོ་བྱད་ཧ་ཅང་མང་། གཡི་གྲི་དང་། རུས་པ་ལས་བཟོས་པའི་གྲི། ཁེམ་བུ། ཚེབ་སོགས་ཀྱིས་ལོ་ངོ་ལྔ་སྟོང་སྔོན་གྱི་བོད་མི་རྣམས་ཀྱིས་ཟ་འཐུང་བྱེད་པའི་སྐབས་སུ་ཤ་སོགས་ཟ་བ་ལ་གྲི་དང་། ཁུ་བ་འཐུང་བ་ལ་ཁེམ་བུ། ཐུག་པ་འཐུང་བ་ལ་ཚེབ་རྣམས་བཀོལ་བའི་ལས་རིམ་ལ་དཔྱད་ན་དེ་དུས་ཀྱི་བོད་མི་རྣམས་བློ་གྲོས་ཅན་དང་བློ་སྤོབས་ཅན་ཡིན་པ་མཚོན་ཐུབ་ལ་འཚོ་བའི་ཡོ་བྱད་ཅིག་གི་འབྱུང་ཁུངས་ཀྱང་བོད་ཆེན་པོའི་ལྗོངས་འདི་ཡིན་པ་གསལ་བཤད་བྱས་ཡོད། མཚོ་སྔོན་ཞིང་ཆེན་ལིག་བཱན་ཚོན་ལྡན་རྫ་ཆས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བང་ཀོ་ཧྲོང་གིས་བཤད་རྒྱུར། རྫོང་རི་རིག་གནས་ཀྱིས་གསར་སྐྲུན་བྱས་པའི་འབྲོག་པའི་ཤེས་རིག་གིས་ད་བར་དུ་དཔའ་ངར་ཆེ་ཞིང་། གྲང་ངར་བཟོད་ཐུབ་པ། ཤ་ཟ་བར་དགའ་བའི་བོད་མི་རིགས་ཀྱི་རང་བཞིན་ལ་ཤན་ཤུགས་ཐེབས་ཤེས་བརྗོད།རྒྱན་ཆའི་སྐོར་ནས་རྒྱུ་གཡུ་དང་ཆུ་ཤེལ། རུས་པ་སོགས་ལས་གྲུབ་པའི་ཕྲེང་བ་དང་དཔུང་རྒྱན་སོགས་ཀྱིས་མཛེས་པར་བྱས།རོལ་ཆ་འདིའི་རྒྱུ་འཇིམ་པ་ཡིན་ན་ཡང་ཧ་ཅང་གི་སྙན་མོ་ཡིན་པར་བྲིས་ཡོད། འདི་ནི་བོད་པ་རྣམས་ཀྱིས་རང་གི་བློ་གྲོས་ལ་བརྟེན་ནས་བཟོས་པའི་འཚོ་བ་དངོས་ལ་མཁོ་བའི་ཡོ་ཆས་ཡིན་ལ་ལོ་རྒྱུས་ཀྱི་རིན་ཐང་ཡོད་པའི་དངོས་རྫས་ཀྱང་རེད་དོ།།

༼ ༤ ༽ བོད་ཆེན་པོའི་མངའ་ཁོངས་འབའ་རྫོང་གི་རྫོང་རིའི་རིག་དངོས་ལ་བལྟས་རྗེས་ཀྱི་ཚོར་འདུ།

འབའ་རྫོང་གི་རྫོང་རིའི་ས་ཆ་ནས་རིག་དངོས་འདི་འདྲ་མང་པོ་ཞིག་བུད་ཡོད་ན་ཡང་རིག་དངོས་སྲུང་སྐྱོབ་ཁང་སོགས་གཅིག་ཀྱང་འབའ་རྫོང་ན་རིག་རྒྱུ་མི་འདུག་ལ་རྫོང་རིའི་རིག་དངོས་མང་པོ་ཞིག་ཟི་ལིང་གི་གནའ་རྫས་སྲུང་སྐྱོབ་ཁང་དུ་ཡོད། ཚན་རིག་པས་རྫོང་རིའི་དངོས་རྫས་སོགས་ལ་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་བཤད་འདུག་པར་མ་ཟད་ལིས་ཀོ་ལིན་གྱིས་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་དེ་གནའ་དུས་སུ་ས་སྟོང་ཞིག་མིན་པར། ཀྲུང་ཧྭ་ཤེས་རིག་གི་འབྱུང་ཁུངས་ཞིག་ཡིན་པར་འདོད་ཅེས་ཟེར། རང་ཉིད་ཀྱི་བསམ་ཚུལ་ལ་ཚན་རིག་གི་ངོ་བོ་གོང་འཕེལ་དུ་ཇི་ལྟར་སོང་ན་ལོ་རྒྱུས་ཀྱི་དུས་ཡུན་དེ་འདྲ་རིང་བར་མཐོང་ཐུབ་ལ་གཞུང་ལུགས་ཀྱི་དཔྱད་འབྲས་ཁྲོད་ནས་ཀྱང་ལོ་རྒྱུས་ཀྱི་དུས་ཡུན་དེ་ལས་ཀྱང་རིང་བར་འདོད། རིག་དངོས་འདི་རྣམས་ཀྱི་རྒྱབ་ལྗོངས་ལ་དཔྱད་ན་བོད་ཆེན་པོའི་མངའ་ཁོངས་འདི་ཡང་ཤེས་རིག་གི་མགོ་ཁུངས་ཤིག་ཡིན་པ་གཞི་ནས་ཤེས་ཐུབ། རྫོང་རིའི་རིག་དངོས་རྣམས་ལ་བོད་པས་དཔྱད་བརྗོད་བྲིས་པ་ངོ་མ་བཤད་ན་གྲངས་ཀ་དང་རིན་ཐང་གང་གི་ཆ་ནས་ཉུང་བར་གནས་ཡོད། མང་སྤེལ་མང་འབྲི་ནི་མཐའ་མའི་རེ་བའོ།།

༢༠༡༧ ལོའི་རྒྱ་ཟླ ༡༢ ཚེས ༢༠ མཚན་མོར་རེབ་གོང་ནས་བྲིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།