རང་བློས་བཙལ་བའི་སྔགས་ཕྱི་ནང་གི་ལྟ་གྲུབ་གླེང་བ།

རྩོམ་པ་པོ། སྒོ་དགེ་ལེགས།       རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

སྐུ་ལ་མཚན་བཟང་སུམ་ཅུའི་རི་མོ་བཀྲ། །

གསུང་ལ་གདམས་ངག་ཟབ་མོའི་བདུད་རྩི་འཁྱིལ། །

ཐུགས་ལ་རིས་མེད་བརྩེ་ཆེན་མངོན་པར་རྫོགས། །

སུམ་ལྡན་བསྟན་འཛིན་དབང་རྒྱལ་གཙུག་གི་ནོར། །

ཞེས་མཆོད་པར་བརྗོད་པས་མདུན་བསུས་ནས་སྔགས་ཕྱི་ནང་གི་ཁྱད་པར་ནི། ལྟ་བ་དང་། ལྷ་དང་།སྤྱོད་པ་དང་། འབྲས་བུ་དང་བཞིའི་སྒོ་ནས་འཇོག་དགོས་པས་དེའི་ནང་ནས་ལྟ་བ་དང་ལྷ་ཡི་སྒོ་ནས་འཇོག་ཙུལ་ལ་རོབ་ཙམ་དཔྱད་ན། དང་པོ་བཀའ་ལས་གྲུབ་ནི་སྟོན་པ་ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་གྱིས་མཛད་པའི་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས། གསང་སྔགས་ཕྱི་ནང་དག་གི་ཁྱད་པར་ནི། རྟེན་ལྷ་ཕྱིས་འབྱུང་སྤྱོད་པ་ལྟ་བ་མཉམ་ཉིད་དང་། འབྲས་བུ་རང་གཞན་འབྱུང་བ་རྣམ་པ་བཞི་ཞེས་གསུངས་པ་དང་། ཚེ་ལོ་བརྒྱ་བའི་སྟོན་པ་གཤེན་རབ་མི་བོས་མཛད་པའི་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་མེ་ལོང་དགུ་སྐོར་ལས་དེ་ལ་གསང་སྔགས་ཕྱི་ནང་གི་ཁྱད་པར་རྣམ་པར་བཞག་པ་ནི། རྣམ་པ་བཞི་སྟེ་གང་ཞེ་ན་ལྟ་བ་དང་། ལྷ་དང་། སྤྱོད་པ་དང་། འབྲས་བུའོ་ཞེས་གསུངས་དོན་འདི་བཞི་ཡི་ཐོག་ནས་གསང་སྔགས་ཕྱི་ནང་གི་ཁྱད་པར་བཞག་པ་གསལ་བས། དེ་དག་ལས་ལྟ་བ་དང་ལྷ་ཡི་ཁྱད་པར་ལ་རང་བློས་ཅི་ཐུབ་ཀྱི་སྒོ་ནས་ཅུང་ཙམ་དཔྱད་གླེང་བྱས་ན། དང་པོ་ལྟ་བའི་ཁྱད་པར་ལ། གསང་སྔགས་ཕྱི་བ་གཉིས་ཀའམ་རྒྱུད་སྡེ་འོག་མ་གཉིས་ཀྱིས་ལྟ་བ་དང་དེ་རྟོགས་ཀྱི་ཤེས་རབ་གཉིས་ཀྱི་བར་ལ་ཡུལ་ཡུལ་ཅན་གྱི་འབྲེལ་བའམ་བརྟགས་བྱ་བརྟགས་བྱེད་ཤེས་བྱ་ཤེས་བྱེད་སོགས་ཀྱི་འབྲེལ་བ་གྲུབ་ལ། སྔགས་ནང་མ་གང་ཡིན་ཡང་དེ་དག་དང་བྲལ་བར་འདོད་དེ་ལྷག་པར་གསང་སྔགས་དངོས་བསྐྱེད་པ་ལྟ་བུའི་ལྷག་པའི་དོན་དམ་འཆད་པའི་སྐབས་སུ་གསང་སྔགས་འདིའི་ལུགས་ཀྱི། དོན་དམ་པ་ནི་སེམས་ཉིད་རང་བཞིན་མ་བཅོས་པ། ཅིར་ཡང་མ་གྲུབ་མི་སྣང་བ་མ་ཡིན། ཅིར་ཡང་མ་ཡིན་པ་ཉིད་བོན་ཉིད་ཐམས་ཅད་ངོ་བོ་ཉིད་དུ་རང་སྣང་བའོ་ཞེས་ཐེག་འགྲེལ་ལས་གསུངས་དོན། ཅིར་ཡང་མ་གྲུབ་མི་སྣང་བ་མ་ཡིན་ཅིར་ཡང་མ་ཡིན་པ་ཉིད་ཅེས། ཡུལ་ཡུལ་ཅན་ཤེས་བྱ་ཤེས་བྱེད་བརྟགས་བྱ་བརྟགས་བྱེད་གང་ཡང་མིན་པ་ཚིག་དེའི་དངོས་སུ་གསལ་འདུག་པས་སྔགས་ནང་མ་ལ་དེ་དག་གི་འབྲེལ་བ་གྲུབ་མ་གྲུབ་ལ་སོམ་ཉི་བྱེད་དོན་མེད་མོད། འོ་ན་སྔགས་ཕྱི་བ་དག་གིས་ཀྱང་དེ་ལྟར་འདོད་རུང་སྙམ་ན། རྒྱུད་སྡེ་འོག་མ་བྱ་རྒྱུད་པ་ལྟ་བུ་ལ་མཚོན་ན། བྱ་རྒྱུད་པས་ཕྱི་ནང་མཚན་ཉིད་འཛིན་པའི་བོན་སྣ་ཚོགས་སུ་སྣང་བ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་རང་ས་ནས་བརྟགས་པས། དངོས་པོར་ཅིར་ཡང་མ་གྲུབ་ཅིང་རྣམ་པར་རྟོག་པའི་དབེན་པར་འདུག་སྟེ། མ་རིག་པའི་སྐྱེ་མཆེད་ཀྱིས་སྟོང་བའི་བོན་ཉིད། ཡང་དག་པའི་དྲི་མ་དང་བྲལ་བ་ལྟ་བུའོ་ཞེས་ཐེག་འགྲེལ་གྱི་གཞུང་ཚིག་ཏུ་བརྟགས་བྱ་བརྟགས་བྱེད་ཡོད་པ་དངོས་སུ་གསལ་འདུག་པས། ཡུལ་ཡུལ་ཅན་དང་ཤེས་བྱ་ཤེས་བྱེད་ཅེས་འགྲེལ་བཤད་མི་འདྲ་བ་ཤོག་ལྷེ་མང་པོ་ཅི་ཙམ་བརྒྱབ་ཀྱང་ཐེག་འགྲེལ་ལས་ཡུལ་ཡུལ་ཅན་དང་ཤེས་བྱ་ཤེས་བྱེད་བརྟགས་བྱ་བརྟགས་བྱེད་སོགས་ཀྱི་འགྲེལ་བ་གཅིག་ཏུ་ཁེལ་དགོས་པས་དངོས་བསྐྱེད་ཀྱི་སྐབས་སུ་ཕྱི་བས་ཡུལ་དང་ཡུལ་ཅན་དུ་བལྟས་ཏེ། ཤེས་པས་ཡུལ་ལ་ཕར་བརྟགས་པའོ་ཞེས་པའི་རྒྱུ་མཚན་དང་བྱ་སྤྱོད་ཀྱི་ལྟ་བ་བསྟན་པའི་སྐབས་ཀྱི་རང་རིག་པ་དང་རྣལ་འབྱོར་གྱི་ཚད་མས་བརྟགས་པས་ཞེས་པའི། བརྟགས་པའི་གོ་དོན་ལ་བསམ་ན་དེ་དག་གཅིག་ཏུ་ཁེལ་བ་ལས་དེ་ལས་གཞན་ཞིག་ཡོད་པ་ཚིག་གི་ཟུར་ཙམ་ཡང་མ་མཐོང་བས་ཡུལ་ཡུལ་ཅན་དང་ཤེས་བྱ་ཤེས་བྱེད་སོགས་ཀྱི་འགྲེལ་བཤད་དེ་ཀ་རང་ཨེ་ཡིན་སྙམ། དེ་ལས་གཞན་སྤྱོད་རྒྱུད་པའི་ལྟ་བ་བསྟན་པའི་སྐབས་སུ་ཡང་རང་རིག་པ་དང་རྣལ་འབྱོར་གྱི་ཚད་མའི་བརྟགས་པས་ཞེས་པའི་རག་རིག་པའམ་རྣལ་འབྱོར་གྱི་ཚད་མ་དེ་བརྟགས་བྱེད་དང་ཐེག་པ་རང་ལུགས་ཀྱི་ལྟ་བ་དེ་བརྟགས་བྱ་རུ་བཞག་འདུག་པ་དངོས་སུ་གསལ་བས། སྔགས་ནང་མ་ཕྱི་བ་ལས་ཁྱད་འདོན་པ་བཤད་པའི་སྐབས་སུ་འགྲེལ་མེ་ལོང་དགུ་སྐོར་ལས་དེ་ལ་ལྟ་བ་ནི་ཕྱི་བས་ཡུལ་དང་ཡུལ་ཅན་དུ་བལྟས་ཏེ། ཤེས་པས་ཡུལ་ལ་ཕར་བརྟགས་པའོ།། ནང་པས་ནི་བལྟ་ཡུལ་སྤྱོད་ཡུལ་དང་བྲལ་བ་སྟེ། ཕྱི་ནང་གཉིས་མེད། ཡུལ་ཡུལ་ཅན་གཉིས་ཏེ། ཤེས་བྱ་ཤེས་བྱེད་གཉིས་སུ་མི་འབྱེད་དེ། མཉམ་པ་ཉིད་ཀྱི་བདག་ཉིད་ཆེན་པོ་རྟོགས་པའོ། །ཞེས་གསུངས་འདུག་པའི་ཡུལ་ཡུལ་ཅན་དང་ཤེས་བྱ་ཤེས་བྱེད་ཞེས་པ་ལ་སོགས་པ་ནི་བརྟགས་བྱ་བརྟགས་བྱེད་ཀྱི་སྒོ་ནས་བཞག་འདུག་པ་ནི་གོང་གི་ཤེས་པས་ཡུལ་ལ་ཕར་བརྟགས་པའོ་ཞེས་པའི་ཚིག་དེས་ར་སྤྲོད་བྱེད་འདུག ད་དུང་སྔགས་ཕྱི་ནང་གི་ཁྱད་པར་དེ་ཙམ་གྱིས་མི་ཚད་པར་ལྷུན་གྲུབ་འདོད་ལུགས་ཀྱི་ཁྱད་པར་གྱི་སྒོ་ནས་ཡང་བཞག་སྟེ་གསང་སྔགས་དངོས་བསྐྱེད་པའི་ལྷག་པའི་དོན་དམ་འཆད་སྐབས་དཔེར་ན་ཉི་མ་ལ་ཉི་འོད་ཟེར་དུ་འབྱུང་བ་བཞིན་ནོ་ཞེས་པའི་དཔེ་དེས་ཉི་མ་ལ་ཉི་འོད་ལྷུན་གྱིས་གྲུབ་ཡོད་པ་བཞིན་དུ་གཞི་རང་འབྱུང་ཡེ་ཤེས་ལ་ལྷ་སྐུ་འགྲུབ་པའི་ནུས་པ་གཞི་བསྒོམས་ཀྱང་མ་བསྒོམས་ཀྱང་རྟོགས་ཀྱང་མ་རྟོགས་ཀྱང་གཞི་ལ་ལྷུན་གྲུབ་ཀྱི་ཚུལ་དུ་ཡོད་འདུག་པ་བསྟན་འདུག་པར་སྙམ་སྟེ། འགྲེལ་མེ་ལོང་དགུ་སྐོར་ལས་དངོས་བསྐྱེད་པའི་སྐབས་སུ། གསང་སྔགས་འདིའི་བཞེད་ཀྱིས། ཀུན་རྫོབ་ཏུ་སྣང་སྲིད་འདི་ཉིད་ཡེ་ཤེས་ཀྱི་རོལ་བ་རང་སྣང་ཡིན་པས་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཡེ་ནས་མཉམ་པར་རྫོགས་པར་བཞེད་དེ་ཞེས་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཡེ་ནས་མཉམ་པར་རྫོགས་པར་བཞེད་དེ་ཞེས་ལྷ་དང་ལྷ་མོའི་དཀྱིལ་འཁོར་ཡེ་ནས་རྫོགས་པར་བཞེད་ཚུལ་ལྷ་སྐུ་འགྲུབ་པའི་ནུས་པ་ལ་མི་འཇོག་པར་ལྷ་སྐུ་རང་ལ་ངོས་འཛིན་ན་དོན་ལྡན་པ་དང་ཁྱད་མེད་པར་འགྱུར། ད་དུང་གཞི་ལ་ལྷུན་གྱིས་གྲུབ་ན། འོ་ན་དོན་ལྡན་པའོ་ལྟ་བ་དངོས་བསྐྱེད་པའི་ལྟ་བ་ལས་ཁྱད་འདོན་པ་བཤད་སྐབས་ཀྱི་དོན་མི་འཐད་པར་ཐལ། རང་རིག་པ་བྱང་ཆུབ་ཀྱི་སེམས་དང་དེའི་རྩལ་མ་འགག་པའོ། །ལྟ་བ་དེ་ཡང་མཐོང་ལམ་སྐྱེས་ཙམ་ནི་དེ་ལྟར་རྟོགས་པ་ཡིན་སྐད་ཅེས། དངོས་བསྐྱེད་པར་ལྷ་སྐུ་རང་མཚན་པ་མཐོང་ལམ་གྱི་སྐབས་སུ་གཟོད་འགྲུབ་དགོས་པ་བསྟན་པའི་ཕྱིར་ཏེ། འགྲེལ་མེ་ལོང་དགུ་སྐོར་ལས་དོན་ལྡན་པའི་གཞུང་གི་སྐབས་སུ་ཡང་ཁྱེད་ཀྱི་ལྟ་བ་དེ་མཐོང་ལམ་སྐྱེས་དུས་ན་ཡོད་པ་ལས། དེ་མ་ཡིན་པར་མེད་དེ། ངའི་ལྟ་སྟངས་ནི་ཡེ་ཕྱི་ནས་ཡོད་པའི་ཕྱིར་རྩོལ་བ་མེད་པའོ། །ཁྱེད་ཀྱི་དེ་རྩོལ་བ་དང་བཅས་པར་འགྱུར་ཏེ། མཐོང་ལམ་སྐྱེས་པའི་དུས་ན་ཡོད་པའི་ཕྱིར། ཞེས་ལྷ་སྐུ་རང་མཚན་པ་ཡེ་ནས་གྲུབ་པ་མཐོང་ལམ་གྱི་སྐབས་སུ་གསར་དུ་གྲུབ་པ་གསལ་བར་གསུངས་པའི་ཕྱིར། དེ་བས་གོང་གི་བསྐྱེད་པའི་ལྷུན་གྲུབ་འདོད་སྟངས་དེ་བསམ་དཔྱད་བྱས་བྱས་པའི་མཐར་གྱི་གྲུབ་འབྲས་ཤིག་ཡིན་ནོ། །དོན་ལྡན་པའི་ལྷུན་འགྲུབ་འདོད་ཚུལ་ནི་ལྷ་སྐུ་སོགས་ཡེ་ནས་ལྷུན་གྱིས་གྲུབ་ཀྱང་དེ་ལ་འབད་རྩོལ་ཕྲ་བ་དགོས་པ་སོགས་ནི་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས། འབད་རྩོལ་དག་གིས་སྒྲུབ་མི་དགོས། །ཡིན་པ་ཡིན་པར་ངོ་ཤེས་ན། །མཚོ་ལ་གཟིངས་འགྲོའི་ཚུལ་བཞིན་སྒྲུབ། །སྤྱོད་པ་སྤྱོད་བྱེད་སྣ་ཚོགས་ཀུན། །གང་ཡང་མ་འགག་ལྷུན་ལ་རྫོགས། །ཞེས་དང་ཡང་དེ་ཉིད་ལས། འབད་རྩོལ་རྒྱུ་རྐྱེན་སོགས་ལ་རག་མ་ལུས། །རྒྱ་མཚོ་ཆེན་པོའི་གྲུབ་བཞིན་ཤུགས་ཀྱིས་འགྲོ། །རྩོལ་མེད་ལྷུན་གྲུབ་ཡེ་ཤེས་དབྱིངས་དང་ལྡན། །ཞེས་གསུངས་པས་རྒྱ་མཚོ་ལ་གྲུ་གཟིངས་ཆེན་པོ་བསྐྱོད་པའི་སྐབས་སུ་འབད་རྩོལ་ཆེན་པོ་མི་དགོས་ཀྱང་ཆུང་ངུ་དགོས་པ་བཞིན་དུ་འདིས་ཀྱང་ཆུང་ངུ་དགོས་པར་བསྟན་ཏོ། །རྩོལ་མེད་དང་ལྷུན་གྲུབ་སོགས་འདོད་པ་ལུང་དེ་དག་གིས་ཟུར་དུ་གསལ་ཡང་རྫོགས་ཆེན་པ་ཇི་བཞིན་རྩ་བ་ནས་རྩོལ་བ་མེད་པ་མ་ཡིན་ཏེ་འགྲེལ་མེ་ལོང་དགུ་སྐོར་ལས། ཁྱོད་ཅི་སྐད་འདོད་པའི་རྩོལ་བྲལ་དེ་བོན་ཅན། རྩོལ་བ་དང་བཅས་པར་འགྱུར་ཏེ། རྒྱུ་རྐྱེན་ཁས་བླང་སྟེ་རྩོལ་བ་དྲུག་གིས་ཟིན་པའི་ཕྱིར་རོ། །ཞེས་རྩོལ་བ་ཁྱོན་ནས་མེད་པ་དགག་འདུག་པས་སོ། །མདོར་ན་འབད་རྩོལ་དག་གིས་སྒྲུབ་མི་དགོས་ཞེས་པ་དེ་འབད་རྩོལ་རག་པ་མེད་པའི་དོན་ཡིན་ནོ། །གོང་དུ་བཤད་པ་དག་གིས་ཕྱི་ནང་གི་ལྟ་བའི་ཧེ་བག་མི་འདྲ་བ་མང་པོ་བཤད་ཚར་བས་དེ་ཙམ་ལས་ཉོག་པར་དོགས་པས་ལྟ་བའི་ཁྱད་པར་དེ་ཙམ་གྱིས་མཚམས་འཇོག་གོ །

གཉིས་པ་ལྷ་ཡི་སྒོ་ནས་ཕྱི་ནང་གི་ཁྱད་པར་ནི། དང་པོ་ཐེག་འགྲེལ་མེ་ལོང་དགུ་སྐོར་ལས་ལྷ་ནི་ཕྱི་པས་ཡེ་ཤེས་སེམས་དཔའ་རྗེ་བོའི་ཚུལ་དུ་དམིགས་ཏེ། དེ་ལ་མཆོད་ཅིང་བསྟོད་པས་དེ་མཉེས་ནས། བདག་དམ་ཚིག་སེམས་དཔའ་ལ་དངོས་གྲུབ་དང་འབྲས་བུ་ཚུལ་གསོལ་བ་སྟེ། གཞན་ལ་རེ་བ་ལས་མ་ཤེས་སོ། །ནང་པས་ནི་ལྷ་དང་ལྷ་མོའི་དཀྱིལ་འཁོར་སེམས་དཔའ་གསུམ་བརྩེགས་པ། བདག་ཉིད་ལས་མི་གཞན་པ་ཡིན་པ་ལ་ཡིན་པར་བསྒོམས་ཏེ། མཆོད་པ་ལ་སོགས་བདག་ཉིད་ཆེན་པོ་མཆོད་ནས། དངོས་གྲུབ་དང་འབྲས་བུ་གཞན་ནས་མི་འཚོལ་ཏེ། བདག་ཉིད་ཆེན་པོའི་དཀྱིལ་འཁོར་ལས་འབྱུང་བའོ། ། ཞེས་སྔགས་ཕྱི་པས་ལྷ་ཡེ་ཤེས་སེམས་དཔའ་རང་གི་སེམས་ཉིད་ལས་སྤྱན་དྲངས་པ་མ་ཡིན་པར་དབྱིངས་སྟོང་བ་གཞན་ལས་སྤྱན་དྲངས་པར་འདོད་དེ་དབྱིངས་སྟོང་བ་གཞན་ལས་སྤྱན་དྲང་ཚུལ་ནི། གཞན་ལ་རེ་བ་ལས་མ་ཤེས་སོ་ཞེས་མཆོད་པ་ལ་སོགས་རང་གི་སེམས་ཉིད་ལ་མི་བྱེད་པར་ཞིང་ཁམས་གཞན་ལ་བཞུགས་པའི་སངས་རྒྱས་ལ་མཆོད་པ་དང་རེ་བ་བྱེད་པས་ལྷ་ཡེ་ཤེས་སེམས་དཔའ་དེ་ཡང་རང་གི་སེམས་ཉིད་ལས་གྲུབ་འོང་པ་མ་ཡིན་པར་འདོད། དེ་བས་དབྱིངས་སྟོང་བ་གཞན་ལས་སྤྱན་དྲང་ཚུལ་ཡང་དེ་ཀ་རང་ཡིན་ནོ། །དེ་ལས་གཞན་ལྷ་དེ་ཉིད་རྗེ་བོའི་ཚུལ་དུ་ཡང་འདོད་དེ། ཀུན་མཁྱེན་ཉི་མས་ཡེ་ཤེས་སེམས་དཔའ་རྗེ་བོར་ལྟ་བ་བྱ་བ་གཙང་སྤྱོད་ཀྱི་ཐེག་ཆེན་པ་དང་ཞེས་རྗེ་བོར་ལྟ་བ་ཚིག་དེས་དངོས་སུ་གསལ་བས་དེ་ལ་འགྲེལ་བཤད་ཅི་ཡང་མི་དགོས་ཤིང་རྗེ་བོར་འདོད་ཚུལ་ནི་རང་ལས་ཡོན་ཏན་མཐོ་བ་དང་རྩལ་དང་ནུས་པ་གང་གི་ཕྱོགས་ནས་རང་ལས་ཆེ་བ་རང་ཉིད་ལས་ཁྱད་འདོན་པས་ལྷ་དེ་མཆོད་ཅིང་བསྟོད་པར་བྱེད་པ་དང་དེ་མཉེས་ནས་རང་ཉིད་ལ་དངོས་གྲུབ་སོགས་སྩོལ་བ་འདོད་པ་དང་རང་ཉིད་ཀྱང་དེའི་འབངས་སུ་བལྟ་བས་རྗེ་འབངས་སུ་འདོད་ཚུལ་ཡང་དེ་ལྟར་འཇོག་དགོས། སྤྱོད་རྒྱུད་པས་རྗེ་འབངས་མི་འདོད་དེ་ལྷ་ཡེ་ཤེས་སེམས་དཔའ་དེ་ལ་བདག་དམ་ཚིག་སེམས་དཔའ་ལས་ཁྱད་པར་འཕགས་པའི་ནུས་པ་དང་རྩལ་སོགས་མེད་པར་རང་དང་འདྲ་མཉམ་ཞིག་ཡིན་པར་ཁས་ལེན་པས། འདོད་ཚུལ་མི་འདྲ་ཡང་མི་མངོན་པའི་དབྱིངས་སངས་རྒྱས་ཀྱི་ཞིང་ཁམས་གཞན་ཞིག་གནས་སྤྱན་དྲངས་དགོས་པར་འདོད་པ་ལ་ཧེ་བག་གང་ཡང་མེད་དོ། ། ནང་པས་དེ་ལྟར་མིན་པར་ལྷ་ཡེ་ཤེས་སེམས་དཔའ་དེ་དབྱིངས་སྟོང་བ་གཞན་ལས་སྤྱན་འདྲེན་མི་དགོས་པར་རང་གི་སེམས་ཉིད་ལས་སྤྱན་དྲངས་པར་འདོད་དེ་འགྲེལ་མེ་ལོང་དགུ་སྐོར་ལས་ནང་པ་ནི་ལྷ་དང་ལྷ་མོའི་དཀྱིལ་འཁོར་སེམས་དཔའ་གསུམ་བརྩེགས་པ། བདག་ཉིད་ལས་མི་གཞན་པ་ཡིན་པ་ལ་ཡིན་པར་བསྒོམ་སྟེ། ཞེས་བདག་ཉིད་ལས་མི་གཞན་པ་ཡིན་པ་ལ་ཞེས་པའི་ལྷ་ཡེ་ཤེས་སེམས་དཔའ་དེ་དབྱིངས་སྟོང་བ་གཞན་ཞིག་ནས་སྒོམ་པའི་ལྷ་མ་ཡིན་པ་ལ་རང་གི་སེམས་ཉིད་ལ་ཡེ་ནས་ཡོད་པའི་ལྷ་ཡིན་པས། སྔགས་ནང་མའི་ལྷ་ཡེ་ཤེས་སེམས་དཔའ་དེ་དབྱིངས་སྟོང་བ་གཞན་གྱི་སངས་རྒྱས་ཀྱི་ཞིང་ཁམས་ཞིག་ནས་སྤྱན་དྲངས་པར་མི་འདོད་དོ། །ཡང་སྔགས་དངོས་བསྐྱེད་པ་ཡན་ཆད་ཀྱིས་ལྷ་ཡེ་ཤེས་སེམས་དཔའ་དང་བདག་དམ་ཚིག་སེམས་དཔའ་དང་གཉིས་མེད་ལས་ཀྱི་སེམས་དཔའ་ཞེས་སེམས་དཔའ་སུམ་བརྩེགས་འདོད་པ་དང་འོག་མས་དེ་ལྟར་མི་འདོད་པས་དེའི་སྒོ་ནས་ཁྱད་པར་ཡང་ཡོད་དེ། འགྲེལ་མེ་ལོང་དགུ་སྐོར་ལས་སྔགས་ཕྱི་ནང་གི་ཁྱད་པར་ལྷ་ཡི་སྒོ་ནས་བཞག་པའི་སྐབས་སུ་ནང་པས་ནི་ལྷ་དང་ལྷ་མོའི་དཀྱིལ་འཁོར་སེམས་དཔའ་སུམ་བརྩེགས་པ་བདག་ཉིད་ལས་མི་གཞན་པ་ཡིན་པ་ལ་ཡིན་པར་བསྒོམ་སྟེ། མཆོད་པ་ལ་སོགས་བདག་ཉིད་ཆེན་པོ་མཆོད་ནས། དངོས་གྲུབ་དང་འབྲས་བུ་གཞན་ནས་མི་འཚོལ་ཏེ། བདག་ཉིད་ཆེན་པོའི་དཀྱིལ་འཁོར་ལས་འབྱུང་བའོ་ཞེས་ཁྱད་པར་དེ་དག་གི་སྒོ་ནས་འོག་མ་ལས་ཁྱད་པར་འདོན་པར་བཤད་པས་འོག་མའི་སེམས་དཔའ་གསུམ་འདོད་མི་ཐུབ་པ་དེ་ཚིག་རྐང་གོང་མ་དེས་ཤུགས་ལ་བསྟན་འདུག་སྙམ། འོ་ན་མདོ་གཡུང་དྲུང་ཀློང་རྒྱས་ལས་གཉིས་མེད་ལས་ཀྱི་སེམས་དཔའ་རུ་གྱུར་ནས་འགྲོ་དོན་རྒྱ་ལག་ཕྱད་པར་གྱུར་ཞེས་པའི་ལུང་དོན་མི་འཐད་པར་ཐལ། གཉིས་མེད་ལས་ཀྱི་སེམས་དཔའ་མི་འདོད་པའི་ཕྱིར་ཞེ་ན། དེ་ལ་ཡོངས་འཛིན་སྨྲ་བའི་སེང་གེ་དཔོན་སློབ་བསྟན་འཛིན་རྣམ་དག་གིས་མཛད་པའི་གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད་ལས་བྱ་རྒྱུད་པའི་སྐབས་སུ་དབྱིངས་ནས་སྤྱན་དྲངས་པའི་ལྷ་དེ་དག་རྗེ་བོ་ལྟ་བུ་སྟེ་བྱིན་རླབས་ཐུགས་རྗེ་ཡོན་ཏན་ཆེན་པོ་ཅན་དུ་བལྟ་ཞིང་དེས་དམ་ཚིག་སེམས་དཔའ་ལ་དབང་བསྐུར་བྱིན་གྱིས་བརླབས་ནས་ལྷ་དེ་གཉིས་ཆུ་ལ་ཆུ་འདྲེས་པ་ལྟར་གྱུར་པས་ལྷ་དེ་སྔར་བས་གཟི་བརྗིད་ཡོན་ཏན་འཕེལ་བར་བསམ་པ་ནི་གཉིས་མེད་ལས་ཀྱི་སེམས་དཔའ་ཞེས་བྱའོ་ཞེས་པའི་དེ་ཙམ་གྱི་གཉིས་མེད་ལས་ཀྱི་སེམས་དཔའ་བལྟ་མི་ཐུབ་པའི་ཕྱིར་རོ། །  ཞེས་དེ་ཙམ་གྱི་སྒོ་ནས་གསང་སྔགས་ཕྱི་ནང་གི་ཁྱད་པར་རང་བློར་གང་ཤར་གྱི་སྒོ་ནས་བཤད་ཚར་བས་ནོར་འཁྲུལ་ཅི་ཡོད་ཐམས་ཅད་སྐྱབས་ཡུལ་དམ་པ་རྣམས་ལ་མཐོལ་ཞིང་བཤགས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།