ཡུལ་མདོ་སྨད་དུ་དབལ་རམ་འབུམ་གསུམ་གྱི་སྒྲུབ་མཆོད་འཛིན་པའི་བོན་སྡེ་ངོ་སྤྲོད།

རྩོམ་པ་པོ། རིག་པའི་ཁུ་བྱུག རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

  ༄༅།།དང་པོ་ཐོག་མའི་གླེང་བྱ།

ཞང་བོད་གངས་རིའི་ལྗོངས་འདིར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་མཚམས་བོད་རྒྱལ་གྲི་གུམ་དང་། སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན་སོགས་ཀྱིས་ཆབ་སྲིད་དབང་གིས་རྒྱལ་བསྟན་འཕྲུལ་ངག་གཡུང་དྲུང་བོན་ལ་གནོད་འཚེ་ཚབས་ཆེན་བཏང་། གཡུང་དྲུང་བོན་ནི་རྒྱལ་བསྟན་ཡང་དག་པའི་སྙིང་བོ་རུ་ངེས་ནའང་རྒྱལ་བོས་ཅི་མི་སྙམ་པར་བསྟན་པར་གནོད་འཚེ་བྱས་རྐྱེན་ནི་ཆབ་སྲིད་ལ་དམིགས་སྟངས་ཙམ་ལས་མ་འདས། ཕྱིས་སུ་རྒྱལ་བོ་གླང་དར་གྱིས་བསྟན་པ་སྤྱི་ལ་བཀག་འགོག་བྱེད་སྐབས་སྐྱེས་མཆོག་དམ་པ་ངོ་མོ་ཡེ་ཤེས་མཚོ་རྒྱལ་དང་ཁྱུང་བོ་ཁྱུང་དཀར་ཚངས་པ། སྤྱི་རྟིང་འཁོར་ལོས་བསྒྱུར་རྒྱལ་ཞེས་རིག་འཛིན་གྲུབ་དབང་འཁོར་བསྒྱུར་རྣམ་གསུམ་མཚོ་སྔོན་གྱི་ཡུལ་ལུང་སོ་སོར་ཕེབས་པ་དང་།   རྗེས་ནས་རེབ་གོང་དུ་རྒྱུན་བཞུགས་མཛད་ནས་གདུང་རྒྱུད་སློབ་རྒྱུད་སྤེལ་བས་རེབ་གོང་གྲུབ་ཐོབ་རྣམ་གསུམ་ཞེས་སྙན་གྲགས་ཕྱོགས་ཀུན་ཁྱབ། གདན་ས་ཤར་ཕྱོགས་དཀོན་མོ་ཉིན་དགོན། ཁྱུང་བོ་དར་ལྡིང་དགོན། དབལ་མོ་གནས་དགོན་སོགས་བསྟན་པའི་གནས་གཞི་མང་པོ་བཏབས། འབལ་ཚའི་བཙན་དུག་སྡོང་བོ་གཟུགས་མེད་སྒྲས་གྲུབ་ཐོབ་རྣམ་པ་གསུམ་གྱིས་གཅོད་པར་ཞུ་ཞེས་བསྐུལ་བས། ཡི་དམ་བསྐྱེད་རིམ་ངང་གཉན་གྱིས་གཏོར་མས་བཅད་པའི་ཤིང་གིས་ཕུར་བུ་སྟོང་ཕྲག་བཞེངས་པའི་རྟེན་འབྲེལ་གྱིས་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་བྱུང་། གཟུགས་མེད་སྒྲའི་བསྐུལ་མ་གནང་མཁན་ནི་མགར་རྩེ་སྲུང་མ་ཡིན་ཟེར་བ་མ་སྒྲ་ལྷའི་རྒྱལ་མོ་སྟག་རི་རོང་ཡིན་པར་གྲགས། གྲུབ་ཐོབ་རྣམ་གསུམ་གྱིས་དབལ་རམ་འབུམ་གསུམ་གྱི་དབང་ལུང་སྒྲུབ་རྒྱུན་སྤེལ་བ་དང་། ཐུགས་བསྐྱེད་སྨོན་ལམ་ལས་ཡི་དམ་རྣམ་གསུམ་གྱི་བོན་སྒོ་གཏེར་དུ་སྦས་མ་དགོས་པའི་བཀའ་དྲིན་བླ་མེད་ཀྱི་མཛད་རྗེས་བཞགཕྱོགས་གཞན་ནས་རིག་འཛིན་ལ་ལས་དབལ་རམ་འབུམ་གསུམ་གཏེར་དུ་སྦས་ཏེ་ཕྱིས་སུ་གཏེར་བཞེས་པའང་ཡོད་ལ། དེ་ཡང་གྲུབ་ཐོབ་སྤྱི་ཁྱུང་ངོ་གསུམ་མཚོ་སྔོན་དུ་མ་ཕེབས་གོང་ཡུལ་མདོ་སྨད་ལ་ཡི་དམ་དབལ་རམ་འབུམ་གསུམ་གྱི་བོན་སྒོ་རྒྱ་ཆེར་དར་ཡོད་དེ། ཐུབ་བསྟན་པའི་བླ་སྤྲུལ་འགས་མདོ་སྨད་དུ་བཞུགས་པའི་བོན་གྱི་བླ་མ་མེ་ཏྲི་སྟོན་པ་ཤེས་རབ་གྲགས་པ་ལ་ཕྲག་དོག་མཛད་ནས་རྒྱལ་བོ་གླང་དར་མར་སྙན་ཕྲ་གསོལ་བས་རྒྱལ་བོས་བློན་དམག་རྟ་བ་བརྒྱ་མངགས་ནས་བླ་ཆེན་མེ་ཏྲི་སྟོན་པ་ཤེས་རབ་གྲགས་པ་སྐུ་གྲོངས་པར་མཛད་ཀྱང་། གྲུབ་ཐོབ་ཁོང་ནི་དབལ་ཆེན་འབུམ་པའི་རྣལ་འབྱོར་བ་བསྐྱེད་རྫོགས་ལ་མངའ་བརྙེས་པ་ཡིན་པས་སྐུ་དགྲོང་མ་ནུས། བླ་མ་མེ་ཏྲི་ཚང་དགྲོང་ནས་དབུ་ལེན་མ་ཐུབ་ན་མཐར་རྒྱལ་བོས་བློན་པོ་བརྒྱ་ལ་སྲོག་ཆད་གཅོད་པས། བློན་དམག་བརྒྱ་ཡི་སྲོག་སྐྱོབ་ཆེད་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་ཆེན་པོ་མངའ་བའི་བླ་ཆེན་ཁོང་གིས་དབུ་སྦྱིན་པ་བཏང་བའི་ལོ་རྒྱུས་ལས་རྟོགས་ཐུབ་པ་ནི། བླ་ཆེན་མེ་ཏྲི་སྟོན་པ་ཤེས་རབ་གྲགས་པ་མཆོག་ནི་དབལ་རམ་འབུམ་གསུམ་བསྒྲུབས་ནས་སྒྱུ་ལུས་གྲུབ་པའི་རྣལ་འབྱོར་བ་ཡིན་ངེས་པས། བསྟན་པའི་བདག་ཉིད་བཞུགས་ཡུན་དེར་དབལ་རམ་འབུམ་གསུམ་གྱི་བསྟན་པ་དར་ཡོད་པ་ཧ་ཅང་མངོན་གསལ་ལོ།།

དེ་ལྟར་གྲུབ་ཐོབ་རྣམ་གསུམ་བྱང་ཨཀྟ་རོང་དུ་མ་ཕེབས་སྔོན་ནས་མེ་ཏྲི་སྟོན་པ་ཤེས་རབ་གྲགས་དང་སློབ་དཔོན་མཁས་ཆེན་འབྲོམ་སྟོན་ཡབ་སྲས་རིང་མདོ་སྨད་དང་ཡང་ཁྱད་ཁྲི་ཀ་རེབ་གོང་སོགས་སུ་དབལ་རམ་འབུམ་གསུམ་གྱི་སྒྲུབ་རྒྱུད་ཆེས་ཆེར་དར་ཡོད་དོ།

གླང་དར་གྱིས་ཆོས་ལུགས་པ་ཆམ་ལ་ཕབ་རྗེས་གོང་གསལ་ལྟར་རེབ་གོང་གྲུབ་ཐོབ་རྣམ་གསུམ་དང་སློབ་དཔོན་འབྲོམ་སྟོན། སློབ་དཔོན་སྟོན་སྒོམ། བྲ་བོ་རེ་རྒན་ལ་སོགས་གཤེན་བོན་གྲུབ་ཆེན་དགུ གྲུབ་པ་རྒྱ་མཚོ་དཔལ། ཁྱུང་པོ་གཡུ་ཐོག་འབར་བ། སྐྱིད་སྟོན་འཁོར་ལོ། ངོ་མོ་ཡེ་ཤེས་ཁྲོ་རྒྱལ་དང་དེ་དག་གི་ཡང་སྤྲུལ་སློབ་བརྒྱུད། རྩེ་ཞིག་བླ་རབས་དང་མཁར་ནག་བླ་རབས། བོན་བརྒྱ་བླ་རབས་རྣམས་ཀྱི་བཀའ་དྲིན་ལས་གཏེར་དུ་མ་སོང་བའི་ཡི་དམ་དབལ་རམ་འབུམ་གསུམ་གྱི་སྒྲུབ་མཆོད་རྒྱུན་མ་ཆད་པ་དང་། རིག་གསར་གོད་ཆགས་ཆེན་པོའི་མཚམས་ལ་སྙིགས་དུས་འདྲེན་སྟོན་ཆེན་པོ་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་བྱོན་ནས་བོན་མདོ་སྔགས་རྫོགས་གསུམ་གྱི་བཤད་སྒྲུབ་བསྟན་པའི་བཀའ་འཁོར་བསྐོར་ཏེ་བསྟན་འགྲོར་ཕན་བདེ་བླ་ན་མེད་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པས་བསྐྱངས།

གཉིས་པ་ཡི་དམ་དབལ་རམ་འབུམ་གསུམ་གྱི་དབྱེ་བཤད།

    ཡི་དམ་དབལ་རམ་འབུམ་གསུམ་ཞེས་པ་ནི་ཡི་དམ་ཁྲོ་བོ་གསུམ་གྱི་མཚན་སྤྱི་བསྡུས་སུ་བསྟན་པ་སྟེ། ཁྲོ་བོ་དབང་ཆེན་འབུམ་པ། ཁྲོ་བོ་རམ་པ་དུག་འདུལ། ཁྲག་འཐུང་ཁྲོ་བོ་རོལ་བ་དང་གསུམ་སྟེ་ཀློང་དགུའི་ཡི་དམ་དགུ་ཡི་ནང་ཚན་ནོ།།  ཐེག་དགུ་ལས་ཨ་དཀར་ཐེག་པ་སྟེ། གསང་སྔགས་འབྲས་བུ་ཐེག་ཆེན་རྒྱུད་སྡེ་བཞི་ལས་ནང་རྒྱུད་ནང་མ་བླ་མེད་རྒྱུད། རྒྱུད་སྡེ་དེ་ལ་ཕ་རྒྱུད་མ་རྒྱུད་སྲས་རྒྱུད་གསུམ་བཞུགས་པ་ལས་གཉིས་མེད་སྲས་རྒྱུད་དོ། །སྒོ་བཞི་མཛོད་ལྔ་ལས་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོའོ།།

གསུམ་པ་ཡི་དམ་དབལ་རམ་འབུམ་གསུམ་གྱི་སྒྲུབ་རྒྱུད་འཛིན་པའི་བོན་སྡེ་དང་ཚོ་བ་ངོ་སྤྲོད།

   དེ་ཡང་མཚོ་སྔོན་ཁྲི་ཀའི་ཤར་ཕྱོགས་ན་མཁས་པ་མི་བཞིའི་ནང་ཚན་སེ་བོན་ཤ་རུ་དབུ་ཆེན་གྱི་གདུང་བརྒྱུད་དང་སློབ་བརྒྱུད་ཆགས་པ་སེར་བརྒྱ་བོན་མང་ཡིན་ལ། སྡེ་བའི་ནང་ཚན་སྲོག་རྩ་མཁར་ཟེར་བའི་ཚོ་བ་ལའང་ནང་གསེས་སུ་ཡག་ཉེ་ཚོ་བ་དང་བོན་དཀར་ཚོ་བ།  བོན་ནག་ཚོ་བ་༼ སྡེ་འདིའི་བོན་དཀར་ཚོ་བ་དང་བོན་ནག་ཚང་ཟེར་བ་ཡོད་པ་ནི་སྔོན་འཇིག་རྟེན་ཆོས་བརྒྱད་ལ་དགའ་བའི་བན་དེ་བླ་མ་ཁྲི་ཀའི་རྒྱབ་ཚ་གུ་རུ་ཆོས་ལྡན་ཁོང་ལ་བསྙེན་བཀུར་བྱེད་མཁན་དག་ལ་བོན་དཀར་དང་བསྙེན་བཀུར་ཞབས་ཏོག་མི་འབུལ་བའི་བོན་ཁྱིམ་ལ་བོན་ནག་ཅེས་ཟ་འདོད་ཕོར་ཁ་ཞེན་པའི་ཆགས་སྡང་སྒོ་ནས་བཏགས་པའོ།།༽ དང་སོ་ཚང་བཅས་ཚོ་བ་བཞི་ཡོད་པའི་དུད་ཁྱིམ་བརྒྱད་ཅུ་ཙམ་གྱིས་ལོ་ལྟར་ལུགས་རྙིང་གི་ཟླ་བཞི་བའི་ཚེས་ཉེར་ལྔ་ནས་ཚེས་ཉེར་དགུའི་བར་ཁྲོ་བོ་རོལ་བ་འདོན།

མཚོ་སྔོན་རེབ་གོང་བོན་མང་ལོ་ལྟར་ལུགས་རྙིང་གི་ཟླ་དང་པོའི་ཚེས་ལྔ་ནས་ཚེས་བརྒྱད་བར་ཁྲོ་བོ་འབུམ་པའི་སྒྲུབ་ཆེན་ལ་འཚོགས་དགོས།  དེ་ལ་སྟོད་ཕྱོགས་བོན་མང་དང་སྨད་ཕྱོགས་བོན་མང་གཉིས་སུ་ཡོད་པས་སྒྲུབ་ཆེན་ཐེངས་དང་པོར་སྨད་ཕྱོགས་ནས་འཚོགས་རྗེས་ཕྱི་ལོར་སྟོད་ཕྱོགས་ཀྱི་སྡེ་བ་གཅིག་ནས་འཚོགས་དགོས།

རེབ་གོང་བོན་མང་འདུས་སྤྱི་ནས་དབང་ཆེན་འབུམ་པའི་སྒྲུབ་ཆེན་འཛུགས་སའི་བོན་སྡེ་སོ་སོ་ནི།

༡ སྨད་པ་ཁྱུང་པོ་སྡེ་བ ༼རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱི་ཡ་གྱལ་ཁྱུང་པོ་ཁྱུང་དཀར་ཚངས་པའི་གདུང་རྒྱུད་དང་སློབ་རྒྱུད༽    འབུམ་པའི་སྒྲུབ་ཆེན་འཚོགས་པའི་སྡེ་བ་དང་པོ་འདི་ཡིན།

༢  ངོ་མོ་སྡེ་བ་  ༼ གྲུབ་ཐོབ་རྣམ་གསུམ་གྱི་ཡ་གྱལ་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་གདུང་རྒྱུད་དང་སློབ་རྒྱུད ༽     

༣ གླིང་བརྒྱ་སྡེ་བ།   

༤ ཧོར་ནག་རུ་ཞོལ་མ་སྡེ་བ།

༥  རྒྱ་མཚོ་དཔལ་སྡེ་བ༼ མཁར་གོང་སྡེ་བ་དང་མཁར་ཞོལ་སྡེ་བ། ཨརྒ་སྟེང་སྡེ་བ་གསུམ་གྱི་སྤྱི་མིང་ལ་རྒྱ་མཚོ་དཔལ་ཟེར༽

༦ དར་གྲོང་སྡེ་བ།

༧  ཧོར་ནག་སྟོང་ཆེ་སྡེ་བ།

༨ གདོང་མགོ་ཚང༼ གྲུབ་ཐོབ་རྣམ་གསུམ་གྱི་ཡ་གྱལ་སྤྱི་རྟིང་འཁོར་ལོས་རྒྱལ་བོའི་གདུང་རྒྱུད་དང་སློབ་རྒྱུད།༽

སྡེ་བ་བརྒྱད་པོ་འདི་རྣམས་ལ་རེབ་གོང་བོན་སྡེ་བཅོ་ལྔ་ཡི་སྔགས་འཆང་ལྷན་གཅིག་ཏུ་འཚོགས་ནས་འབུམ་པ་འདོན།   འདིར་སྡེ་བ་རྣམས་ཨང་རིམ་ལྟར་བཀོད་པ་ནི་ལོ་ལྟར་སྒྲུབ་ཆེན་འཚོགས་སའི་གོ་རིམ་གཏན་འཁེལ་བྱས་ཡོད་པ་ལྟར་རོ། ། བོན་སྡེ་འགའ་ཤས་ན་འབུམ་པའི་སྒྲུབ་ཆེན་མེད་པ་ནི་སྡེ་བ་དེ་དག་ན་བོན་མང་གིས་དབལ་གསས་སྒྲུབ་ཆེན་འཛིན་དགོས་པས་རེད། 

གོང་བཤད་ལྟར་ལོ་རེར་སྡེ་བ་སོ་སོར་རེས་མོས་བྱས་ནས་དབང་ཆེན་འབུམ་པ་འདོན་སྲོལ་ཡོད་འདུག

བཞི་བ་རེབ་གོང་ཕྱོགས་ནས་ཚོ་བ་སོ་སོའི་སྒྲུབ་མཆོད།

   ངོ་མོ་སྡེ་བ་ནས་དགུན་སྲུང་ལ་ལུགས་རྙིང་གི་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ནས་ཚེས་ཉེར་དགུ་བར་ཁྲོ་བོ་འབུམ་པ་དང་རོལ་བ་གཉིས་ཀ་འདོན།

འགྱིང་རིའམ་གྱང་རི་ནས་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་ཚེས་བདུན་བར་འབུམ་པ་དང་རམ་པ་འདོན།༼ཉིན་དྲུག་ལ་འབུམ་པ་དང་ཉིན་རྗེས་མ་ལ་རམ་པ་འདོན།༽

ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་འབུམ་པའི་ཟློག་པ་འདོན། འདི་སྔོན་ཆད་ཉིན་དུ་མ་ལ་འདོན་མོད་ད་ལྟ་ཉིན་ཟློག་བྱེད་ཟེར།

འགྱིང་རིའམ་གྱང་རི་སྡེ་བའི་འགྱིང་རི་ཞོལ་མའི་ཚོ་བའི་ཁྱིམ་གྲངས་བཅུ་བཞིས་ཁྲོ་བོ་རོལ་བ་དང་འབུམ་པ་འདོན། འདི་ཟླ་བཅུ་བ་དང་ཟླ་བཅུ་གཅིག་པ་གང་རུང་ལ་ཁོམ་སྐབས་བཙལ་ནས་འདོན་ཟེར།   ཕལ་ཆེར་ཉི་ཟློག་ལ་འཁེལ་བར་བྱེད་ཟེར།

གླིང་བརྒྱ་ནས་ལུགས་རྙིང་གི་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ནས་ཉེར་དགུའི་བར་འབུམ་པ་འདོན།   སྔོན་ཆད་རམ་པ་འདོན་ཡང་དེང་སང་མི་འདོན་ཟེར།

གླིང་བརྒྱའི་དབང་ཆེན་ཚོ་བ་༼ཁྱིམ་ཁ་བཞི་བཅུ་དང་ཚེ་མཁར་ཚོ་བར་ཁྱིམ་ཁ་ཉེར་གཉིས  ༽གཉིས་ནས་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་དང་བཅུ་དྲུག བཅུ་བདུན་བཅས་ལ་འབུམ་པའི་རིམ་གྲོ་བྱེད།

སྨད་པ་ཁྱུང་བོ་སྡེ་བའི་མཁར་ནང་ཚོ་བ་༼ཁྱིམ་ཚང་ལྔ་བཅུ་༽ཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ནས་ཉེར་དགུའི་བར་འབུམ་པ་འདོན་།

ཞོལ་འཕང་ཉིན་ཐ་༼ཁྱིམ་གྲངས་ཉེར་ལྔ་ ༽ནས་ཟླ་དང་པོའི་ཚེས་ཉེར་བདུན་ནས་ཉེར་དགུའི་བར་འབུམ་པ་འདོན།

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ནས་བཅུ་བདུན་བར་འབུམ་པ་དང་རམ་པ་འདོན།

ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ནས་ཉེར་དགུའི་བར་འབུམ་པ་དང་རམ་པ་འདོན། ༼སྔོན་ཆད་འདིའི་སྐབས་ཁྲོ་བོ་རོལ་བ་འདོན་མོད་ད་ལྟ་མི་འདོན་ཟེར༽

དར་གྲོང་ནས་ལོ་རེར་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་བདུན། ཉེར་བརྒྱད་  ཉེར་དགུ་བཅས་ལ་འབུམ་པ་འདོན།(ཁྱིམ་གྲངས་ཉི་ཤུ་ཡོད)

 དར་གྲོང་སྡེ་བའི་ཚོ་བ་ངོ་མོ་ཚང་༼ཁྱིམ་ཁ་དྲུག་ཡོད། འདི་གྲུབ་ཐོབ་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་རྒྱུད་ཡིན་ཟེར༽དང་སྒང་ཚོ་བ་༼ཁྱིམ་གྲངས་བཅུ་བཞི་ཡོད་༽ གཉིས་ནས་ཟླ་བཅུ་གཅིག་པའི་ཚེས་གཅིག་གཉིས་གསུམ་བཅས་ལ་ལོ་གཉིས་རེའི་འཕྲོ་ནས་འབུམ་པ་འདོན་། འབུམ་པ་དང་སྤྱི་འདུལ་གཉིས་རེས་མོས་བྱེད་པས་དེ་ལྟར་ཡིན་འདུག

སྤྱི་རྟིང་༼ཁ་སྐད་ལྟར་ན་སྐྱིད་ཚང༽གདོང་མགོ་ཚང་ནས་ལུགས་རྙིང་གི་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ནས་ཚེས་ཉེར་གཅིག་བར་འབུམ་པ་འདོན།

སྤྱི་རྟིང་གད་པ་སྐྱིབ་བམ་གད་པ་སྐྱ་བོ་སྡེ་བའི་ནང་ཚན་སེར་སྲུང་༼ཁ་སྐད་དུ་སེར་གྲོང་ཚང་ཟེར། ཁྱིམ་གྲངས་བཅུ་བཞི ༽ཚོ་བས་ལུགས་རྙིང་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ནས་ཉེར་བདུན་བར་ཁྲོ་བོ་རོལ་བ་འདོན།

ལུགས་རྙིང་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ནས་ཉིན་གསུམ་ལ་ཨརྒ་སྟེང་མཁར་གོང་མཁར་ཞོལ་གསུམ་གྱི་སྔགས་འཆང་བཞི་བཅུ་ལྷག་གིས་ཁྲོ་བོ་རམ་པ་ཚོགས་འདོན་བྱེད།

 བོན་སྡེ་གད་པ་སྐྱིབས་སམ་གད་པ་སྐྱ་བོ  གདོང་མགོ་ཚང  མཁར་གོང་ མཁར་ཞོལ  ཨརྒ་སྟེང་ བཅས་ན་ལུགས་རྙིང་ལོ་གསར་ཚེས་དགུ་དང་བཅུའི་ཡས་མས་སུ་འབུམ་པ་འདོན་མཁན་ཁྱིམ་ཚང་མང་།

མཚོ་ལྷོ་ཆབ་ཆ་རྐ་གསར་བོན་མང་གིས་ལུགས་རྙིང་ལོ་གསར་ཟླ་བ་དང་པོའི་ཚེས་ཉེར་གསུམ་ནས་ཉེར་དྲུག་བར་ཁྲོ་བོ་དབང་ཆེན་འབུམ་པའི་སྒྲུབ་ཆེན་འཚོགས།

ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་ལྷ་བླ་མ་ཡེ་ཤེས་འོད། འགྲོ་མགོན་འཕགས་པ།  རྗེ་ཙོང་ཁ་བའི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན། ཕ་བོང་ཁ། རྒྱལ་དབང་ལྔ་བ། འཇམ་དབྱངས་བཞད་པ་སོགས་བླ་སྤྲུལ་མང་པོ་དང་། ཙོང་ཁའི་རྒྱལ་བོ་དང་ཅོག་ཙེ་རྒྱལ་བོ་སོགས་ཡུལ་དཔོན་མང་པོས་གཡུང་དྲུང་བོན་ལ་འཚེ་བ་མང་དུ་བྱས་རྐྱེན་བོན་གྱི་ཡུལ་སྡེ་དགོན་སྡེ་ཉམས་གུད་དུ་གྱུར་ནས་ཉུང་དུ་ཕྱིན་ནའང་།རྒྱལ་དང་རྒྱལ་སྲས་རིག་འཛིན་བྱང་སེམས་མང་པོའི་ཐུགས་བསྐྱེད་སྨོན་ལམ་ལས་བསྟན་པ་རྩ་བ་ནས་ནུབ་པར་མ་གྱུར་བས། དུས་འདིར་ཅུང་ཟད་ཉག་ཕྲ་བས་གོང་གསལ་འདི་ནི་ད་ལྟའི་གནས་ཚུལ་དངོས་ལགས་པ་ཇི་བཞིན་བཀོད་པའོ།།

  འདི་ནི་བཤད་སྒྲུབ་བསྟན་པའི་ཆུ་ཀླུང་བརྡོལ་གནས་གཅིག་པུ། ལུང་རིགས་སྨྲ་བའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་འབྱུང་གནས་དཔལ་རྒྱལ་བ་སྨན་རི་བའི་གདན་སར་སྔར་འདིའི་ཐད་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་ལ་སླར་མགོ་མཇུག་ཚིག་འགའ་བསྣན་པའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།