རྒྱ་འོབས་མཆོག་སྤྲུལ་གཙུག་ཕུད་རྒྱལ་མཚན་གྱི་མཛད་རྣམ་མོས་ལྡན་ཐར་བར་བཞུད་པའི་ལམ་བཟང་།

རྩོམ་པ་པོ། དབྲ་དཀར་གཞན་ཕན་ཤེས་་རབ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

གདོད་ནས་མངོན་པར་བྱང་ཆུབ་ཀྱང་།།
སླར་ཡང་འགྲོ་དོན་སྐུར་བཞེངས་ཏེ།།
གདུལ་བྱ་ཐར་ལམ་བཀྲི་མཛད་པ།།
སྟོན་མཆོག་དམུ་རྒྱལ་སྲས་ལ་འདུད།།

ཤེས༵་བྱའི་གནས་ཀུན་མ་ལུས་ཐུགས་སུ་ཆུད།།
རབ༵་འབྱམས་ཞིང་འདིར་རྒྱལ་བསྟན་སྤེལ་མཛད་པའི།།
རྒྱལ༵་བ་གཉིས་པ་རྗེ་བཙུན་སྨན་རི་བ།།
མཚ༵ན་ལྡན་བླ་མ་བྱང་ཆུབ་བར་དུ་བསྙེན།།

ཐུགས་བསྐྱེད་རྒྱ་ཆེ་ནམ༵་མཁའི༵་ཀློང་ཡངས་ལས།།
བློ༵་གྲོས༵་རྩལ་གྱིས་བཤད་སྒྲུབ་ཉི་ཟླའི་སྲོལ།།
ཞིང་འདིར་མངོན་པར་འདྲེན་མཛད་སྣང་སྟོན་པ།།
སྲིད་པའི་གྲོང་གི་བདག་སོགས་སྐྱོངས་ཤིག་ཀྱེ།།

རྒྱལ་ཀུན་ཐུགས་དགོངས་མཐའ་དག་གཅིག་བསྡུས་ཏེ།།
རྒྱལ་བ་གཉིས་པའི་ཡང་སྤྲུལ་སྣང་སྟོན་སོགས།།
རྒྱལ་བསྟན་སྤེལ་བའི་ཟབ་གདམས་བསྩལ་མཛད་པ།།
རྒྱ་འོབས་བསྟན༵་པ༵་རབ༵་རྒྱས༵་སྤྱི་བོས་མཆོད།།

མཚན་བཟང་སྐུ་ལ་ངུར་སྨྲིག་མདངས་ཀྱིས་བརྒྱན།།
ཚངས་དབྱངས་གསུང་ལ་ཡན་ལག་དྲུག་ཅུ་མངའ།།
སྤྲོས་བྲལ་ཐུགས་ལ་མཁྱེན་བརྩེའི་འོད་ཟེར་ཅན།།
སངས༵་རྒྱས༵་བསྟན༵་འཛིན༵་མགྲིན་པའི་ཀློང་དུ་རོལ།།

བསྐལ་མང་གོང་ནས་ཐུགས་བསྐྱེད་བླ་མེད་སྟོབས།།
དུས་འདིར་བསམ་བཞིན་འགྲོ་དོན་སྐུར་བཞེངས་པའི།།
རིགས་བརྒྱའི་ཁྱབ་བདག་ཆེན་པོ་རྗེ་བླ་མ།།
བསྟན༵་འཛིན༵་དབང༵་རྒྱལ༵་སྙིང་གི་དཀྱིལ་དུ་འཆང་།།

མཐོན་པོའི་ཁྲི་ལ་ཟོལ་གྱིས་མི་འགྱིང་ཞིང་།།
དམན་པའི་འགྲོ་བ་དལ་གྱིས་སྐྱོང་མཛད་པ།།
ཨ་གྲགས་བླ་མའི་ཐུགས་སྤྲུལ་དམ་པའི་བུ།།
ལྷས༵་སྦྱིན༵་གྲགས༵་པ༵་བསྟན༵་འཛི༵ན་ཕྱག་གི་ཡུལ།།

ཐོས་དོན་ཚིག་གི་སྒྲོ་འདོགས་རྩ་བ་བཅད།།
བསམ་དོན་གཞུང་གི་གནད་རྣམས་ཚུལ་བཞིན་ངེས།།
སྒོམ་དོན་ཉམས་ཀྱི་རྟོགས་པ་བོག་ཆེ་བའི།།
གཙུག༵་ཕུད༵་རྒྱལ༵་མཚ༵ན་གཙུག་གི་རྒྱན་དུ་མཆོད།།


དམ་པའི་གསང་གསུམ་དཔལ་ཡོན་གཏིང་ཟབ་པས།།
ཚུལ་བཞིན་བརྗོད་ལ་མཁས་རྣམས་ངལ་གྱུར་ན།།
བདག་འདྲའི་བློ་ཆུང་ཞིག་གིས་ལྟ་ཅི་སྨོས།།
འོན་ཀྱང་དད་པའི་གསོས་སུ་བརྗོད་འདི་ལོངས།།

ཞེས་མཆོད་བརྗོད་སོགས་གཞུང་གི་ཀླད་དོན་སྔོན་བྱོན་མཁས་པ་སྤྱི་དང་མཐུན་པར་བྱས་ཏེ་སྐབས་སུ་གླེང་བར་བྱ་བ་ནི་རྒྱ་འོབས་མཆོག་སྤྲུལ་གཙུག་ཕུད་རྒྱལ་མཚན་ནམ་སངས་རྒྱས་བསྟན་འཛིན་གྱི་དགུང་གྲངས་ཉེར་བདུན་ཡན་གྱི་མཛད་རྣམ་རགས་ཙམ་བརྗོད་པ་ལ་གཉིས་ཏེ།   བསྟན་པ་སྤྱི་ཡི་བྱུང་རིམ་རགས་ཙམ་བརྗོད་པ་དང་།    དམ་པའི་མཛད་རྣམ་དངོས་བརྗོད་པ་གཉིས་ལས།   

དང་པོ་ནི།    མདོ་ལས།   སྤྱིར་ན་སེམས་ཅན་གྱི་ལས་ཀྱང་བསམ་གྱིས་མི་ཁྱབ་སྟེ་གྲངས་མང་ངོ་།  །འཇིག་རྟེན་གྱི་ཁམས་ཀྱང་བསམ་གྱིས་མི་ཁྱབ་སྟེ་གྲངས་མང་ངོ་།   །སྟོན་པའི་བཀའ་ཡང་གྲངས་མང་སྟེ་བསམ་གྱིས་མི་ཁྱབ་བོ།  །ཞེས་དང་།   རྣམ་རྒྱལ་ལས།   གདུལ་དཀའ་དུག་ལྔའི་མེ་ཆེན་རབ་འབར་བར།  །བཀའ་ཆབ་ཆར་ཆེན་ནམ་མཁའི་མཐའ་མཉམ་གྱིས།  །རྒྱུ་དྲུག་རྩད་གཅོད་ཕན་བདེ་དགོངས་སྤྱོད་བརྩེ།  །རྣམ་པར་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ།  །ཞེས་གསུངས་པ་བཞིན་ལུས་ཅན་འགྲོ་བ་མཐའ་དག་རིགས་དྲུག་གི་ཞིང་ནས་སྡུག་བསྔལ་གསུམ་གྱི་བཙོན་རར་ཚུད་དེ་བདེ་བའི་གོ་སྐབས་ནི་ཤིན་ཏུ་དབེན་ཞིང་སྡུག་བསྔལ་གྱི་དབལ་ཁ་ནི་རབ་ཏུ་རྩུབ་པའི་སྣང་ཚུལ་ངན་པ་འདི་ལ་གཟིགས་ཏེ་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་གདུལ་བྱ་འགྲོ་བའི་བློ་ཚད་དང་རྒྱུད་ཀྱི་ཉོན་མོངས་པ་ལ་བསྟུན་ཏེ་བོན་ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་གསུམ་ཐོག་མཐའ་བར་གསུམ་གྱི་འཁོར་ལོ་སོགས་མཐའ་ཡས་པ་བསྟན།    དེ་དག་གི་བསྟན་པའི་གཉེར་འཛིན་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་གཙོས་བཀའ་བསྡུ་བཅུ་གསུམ་དང་ཕྱི་འཁོར་ནང་འཁོར་གསང་འཁོར་སྐུ་ལ་རྟག་པའི་འཁོར་བའི་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་ཀློག་པ་དང་།  ཉན་པ།  སྤེལ་བ་བཅས་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བསྟན་པའི་བཙས་སུ་བཞག   དེ་ནས་རྒྱལ་ཚབ་མུ་ཆོའི་སློབ་མ་འཛམ་གླིང་མཁས་པའི་རྒྱན་དྲུག་བྱོན་ཏེ་འཛམ་གླིང་ཡུལ་གྲུ་ཁག་ཏུ་བསྟན་པ་རྒྱ་ཆེར་སྤེལ།   དེ་མཚམས་སུ་ཞང་བོད་གཉིས་ཀྱི་ཡུལ་དུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་དང་པཎ་ཆེན་ལི་ཤུ་སྟག་རིང་མཁས་པ་མི་བཞི་ཁྱད་པར་ཐུགས་ཀྱི་བསྟན་པའི་གཉེར་དཔོན་བླ་ཆེན་པོ་དྲན་པ་ནམ་མཁའ་སོགས་མཁས་དང་གྲུབ་པའི་ཁྱུ་མཆོག་གྲངས་མང་བྱོན་ཏེ་རྒྱལ་གཤེན་བསྟན་པའི་བ་དན་ཨ་སྔོན་དབྱིངས་སུ་བསྒྲེངས།     རྒྱལ་གྱི་ཕྲག་དོག་དང་བློན་གྱིས་དབྱེན་སྦྱོར་སོགས་ཀྱིས་བོད་རྒྱལ་དག་གི་རིང་དུ་བོན་བསྟན་ལ་ལན་གཉིས་གོད་ཆགས་བྱུང་ཡང་སངས་རྒྱས་ཀྱི་ཐུགས་རྗེ་དང་ཞང་བོད་པཎ་གྲུབ་རྣམས་ཀྱི་སྨོན་ལམ་ལུས་ཅན་འགྲོ་བ་ཡོངས་ཀྱི་ལས་འཕྲོ་མ་འགག་པ་ལ་བརྟེན་ནས་བསྟན་པ་མ་ཉམས་པ་དར་ཞིང་རྒྱས།     ཕྱི་དར་བསྟན་པའི་མངའ་བདག་བླ་མ་གཤེན་ཆེན་པོ་བྱོན་པ་ནས་བཟུང་གཤེན་གྱི་སློབ་རྒྱུན་བྲུ་ཞུ་སྤ་རྨེའུ་སོགས་ཀྱི་སྐྱེས་ཆེན་རིམ་པར་བྱོན།   ལྷག་པར་དུ་གཤེན་གྱི་བསྟན་པའི་གསལ་བྱེད་དམ་པ་རྗེ་གཅིག་འགྲོ་བའི་མགོན་པོ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གིས་གོང་གི་གདན་ས་ཁག་གི་མཁས་གྲུབ་ཡོངས་ཀྱི་གསུང་གི་ཉིང་བཅུད་ཐམས་ཅད་གཅིག་ཏུ་བསྡུས་ཤིང་ཕྱི་ནང་གསང་གསུམ་གྱི་གདམས་དོན་མཐའ་དག་ཐུགས་ཉམས་སུ་བསྟར་ཏེ་གཤེན་བསྟན་སྲིད་པའི་དར་ཆེན་གངས་རིའི་སྤོ་ལ་ཕྱར།     དམ་པ་དེའི་གདན་འཛིན་ཐོག་མ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ནས་བཟུང་ད་ལྟའི་དུས་འདིར་རྗེ་བླ་མའི་གསེར་ཁྲི་འཛིན་པ་འགྲོ་བ་ཀུན་ཀྱི་ལྷ་སྐལ་བསླབ་པ་གསུམ་གྱི་ངུར་སྨྲིག་འཆང་དབང་ཆེན་པོ་སྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱས་མཆོག་གི་བར་དུ་བསྟན་པ་རིན་པོ་ཆེ་མ་ཉམས་པ་དར་ཞིང་རྒྱས་པའི་དགེ་མཚན་སྨོས་མེད་ལགས།

 རྒྱལ་གཤེན་བསྟན་པའི་བ་དན་གདུགས་དཀར་པོ།།
དམའ་མེད་དགུང་དུ་བསྒྲེང་བའི་མཁས་གྲུབ་ཁྱུ།།
འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་དུས་འདིར།།
ཤེས་ལྡན་ཚོགས་རྣམས་དགའ་སྤྲོ་ཅིས་མི་འཕེལ།།

གཉིས་པ་དམ་པའི་མཛད་རྣམ་དངོས་བརྗོད་པ་ལ་གཉིས་ཏེ།   རྒྱ་འོབས་བླ་རབས་རིམ་བྱོན་གྱི་མཛད་རྣམ་རོབ་ཙམ་བརྗོད་པ་དང་།    དམ་པ་ཉིད་ཀྱི་སྐུ་སྐྱེ་བཞེས་ནས་ད་ལྟའི་བར་གྱི་མཛད་པ་ཞིབ་ཏུ་བརྗོད་པ་གཉིས་ལས།  

དང་པོ་རྒྱ་འོབས་ཚང་ཞེས་པའི་ཁྱིམ་རྒྱུད་འདི་ནི་འཁྲུལ་རྟོག་ཐམས་ཅད་དབྱིངས་སུ་ཞིག་པའི་རྣལ་འབྱོར་ཆེན་པོ་ཞུ་སྒོམ་འཁྲུལ་ཞིག་མཆོག་ལ་སྐུ་ཡི་སྲས་དྲུག  གསུང་གི་སྲས་དྲུག  ཐུགས་ཀྱི་སྲས་དྲུག་བཅས་ཞིག་ཆེན་བཅོ་བརྒྱད་རིམ་པར་བྱོན་པའི་གྲལ་གྱི་སྐུ་སྲས་གཉིས་པ་འབྲུ་ཞིག་ཚང་གི་གདུང་རྒྱུད་ཕྱོགས་མེད་དུ་འགྲོ་དོན་བསྐྱོད་སྐབས་མདོ་སྨད་ཕྱོགས་སུ་གཞིས་ཆགས་པ་ལས་ཁྱིམ་རྒྱུད་འདི་ཐོག་མ་གྲོལ་བ་ཡིན།   དམ་པ་དེ་དག་གིས་གཞི་འཕེན་རྒྱ་འོབས་སྒང་ཞེས་པའི་ས་མིག་ཏུ་སྒར་བཏབ་པ་ནས་བཟུང་ས་མིང་ཁྱིམ་དུ་ཐོགས་ནས་རྒྱ་འོབས་ཚང་ཞེས་གྲགས།  བར་སྐབས་སུ་ཐར་བ་མི་དབང་གིས་གདན་དྲངས་ཏེ་བློན་ཚང་ཐར་བ་གྲོང་དུ་གནས་སྤར་ནས་ཐར་བ་མི་དབང་དང་མཆོད་ཡོན་ཟུང་སྦྲེལ་མཛད་ནས་བཞུགས། ཐར་བ་གྲོང་དུ་སེར་མོ་བ་དག་བསྡུས་ནས་སེར་འཚོགས་ཀྱི་དགོན་གནས་བཙུགས་ཏེ་དབུ་བླ་མཛད་དེ་ཡུན་རིང་པོར་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས།  ཐར་རའི་མི་དབང་བཀྲ་ཤིས་ཕུན་ཚོགས་ཀྱི་རིང་དུ་རྨེའུ་ས་སྐྱོང་དང་འཐབ་འཁྲུགས་བྱུང་ནས་ཐར་བའི་མི་དབང་གི་རྒྱལ་སྲིད་འཁོར་བཅས་རྩ་མེད་དུ་བརླགས།  དེ་ནས་རྒྱ་འོབས་ཚང་ཡང་བཞུགས་བདེ་མིན་གྱིས་སེར་ཚོགས་པཎ་ཙ་ཚང་ལ་གཏད་ནས་དབུས་ལྷ་སའི་ཕྱོགས་སུ་ལོ་ངོ་འགའི་རིང་དུ་ཕེབས་གནང་མཛད་དེ་ཕྱིས་རང་གནས་སུ་འཁོད།  དེ་ནས་བླ་མ་རྒྱ་འོབས་ཚང་གིས་སྣང་ཞིག་ཚང་བླ་མར་བསྟེན་ཏེ་བླ་སློབ་ཀྱི་དམ་ཚིག་གཅིག་ཏུ་སྦྲེལ་ནས་རྩ་བའི་བླ་མ་སྣང་ཞིག་བསྟན་པའི་ཉི་མའི་བཀའ་བཞིན་ཡེ་གཤེན་སྒང་དུ་རྒྱ་འོབས་ནང་ཆེན་བླ་བྲང་བཏབ།   འདི་ཡན་ཆད་དུ་རྒྱ་འོབས་ཚང་ལ་བླ་རབས་དུ་མ་བྱོན་ཡང་རྣམ་ཐར་དང་ལོ་རྒྱུས་མཇལ་རྒྱུ་དཀོན་སྟབས་དེ་དག་གི་ལོ་རྒྱུས་དང་རྣམ་ཐར་འབྲི་མ་དཔོག  སྐབས་འདིར་བརྗོད་གཞི་གཙོ་བོར་སྣང་ཞིག་ཡེ་གཤེན་སྒང་དུ་རྒྱ་འོབས་ནང་ཆེན་བླ་བྲང་བཏབ་ནས་ད་བར་དུ་མཁས་བཙུན་བཟང་གསུམ་གྱི་སྐུ་ཡོན་ལྷུན་འཐུག་ཅིང་འཆད་རྩོད་རྩོམ་གསུམ་གྱི་བསྟན་འགྲོའི་དོན་མཐའ་ཡས་པ་འཕེལ་བའི་བླ་རབས་ལྔ་ཙམ་བྱོན་ཡོད་པ་དག་གི་རྣམ་ཐར་དང་ལོ་རྒྱུས་ཅུང་ཙམ་བརྗོད་ན།  རྒྱ་འོབས་ནང་ཆེན་གྱི་བླ་རབས་དང་པོ་རྒྱ་འོབས་བསྟན་པ་རབ་རྒྱས།   བླ་རབས་གཉིས་པ་རྒྱ་འོབས་སངས་རྒྱས་བསྟན་འཛིན། བླ་རབས་གསུམ་པ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་རྒྱ་འོབས་བསྟན་འཛིན་དབང་རྒྱལ། བླ་རབས་བཞི་པ་ཨ་གྲགས་བླ་མའི་ཐུགས་སྤྲུལ་རྒྱ་འོབས་ལྷས་སྦྱིན་གྲགས་པ།   བླ་རབས་ལྔ་པ་རྒྱ་འོབས་སངས་རྒྱས་བསྟན་འཛིན་གྱི་ཡང་སྤྲུལ་རྒྱ་འོབས་གཙུག་ཕུད་རྒྱལ་མཚན་བཅས་རིམ་བཞིན་བྱོན་པའི་མཆོག་སྤྲུལ་རྒྱ་འོབས་ལྷས་སྦྱིན་གྲགས་པ་དང་སྐུ་ཚ་རྒྱ་འོབས་གཙུག་ཕུད་རྒྱལ་མཚན་རྣམ་གཉིས་ནི་ད་ལྟ་རྒྱ་འོབས་བླ་བྲང་དུ་ཞལ་འཚོ་གཞེས་བཞུགས་ཡོད།  

རྒྱ་འོབས་ནང་ཆེན་བླ་བྲང་གི་བླ་རབས་དང་པོ་རྒྱ་འོབས་བསྟན་པ་རབ་རྒྱས་མཆོག་ནི་འཁྲུངས་ལོ་ངེས་གཏན་མ་བྱུང་ཡང་ཁོང་གི་གསང་གསུམ་གྱི་གདམས་པ་ཞུ་སའི་བླ་མ་དང་གསུང་གི་བཅུད་ལས་སྨིན་པའི་སློབ་མ་སོགས་ལ་གཞིག་ན་དུས་རབས་བཅུ་དགུ་པའི་དཀྱིལ་ཙམ་ན་རྒྱ་འོབས་བླ་བྲང་དུ་ཡབ་རྒྱ་འོབས་གེ་ཁོད་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་པའི་ངེས་པ་རྙེད་ཐུབ།  དེ་ནས་ཀློག་བསླབ་པ་ནས་དབུ་བརྩམས་ཏེ་རིམ་བཞིན་ཆོ་གའི་ཕྱག་ལེན་སོགས་འཚམ་པོར་བསླབས།  སྣང་ཞིག་བསྟན་པའི་ཉི་མ་རྩ་བའི་བླ་མར་བསྟེན་ཏེ་མདོ་སྔགས་རྫོགས་གསུམ་གྱི་གདམས་དོན་ལྷག་ལུས་མེད་པ་ཐུགས་ཉམས་སུ་བསྟར་ནས་མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས།  རྩ་བའི་བླ་མ་སྣང་ཞིག་བསྟན་པའི་ཉི་མ་མཆོག་གིས་ཐུགས་བཀོད་བཞིན་ཡེ་གཤེན་སྒང་དུ་རྒྱ་འོབས་རྣམ་རྒྱལ་བླ་བྲང་བཞེངས་བསྐྲུན་མཛད།  དེ་ནས་སྣང་ཞིག་དགོན་གྱི་རྒྱལ་ཚབ་ཆེན་པོའི་ཁྲི་ལ་མངའ་གསོལ་བ་ནས་བཟུང་བཤད་སྒྲུབ་གཉིས་མཉམ་དང་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་རྒྱལ་མཚན་མི་ནུབ་སྲིད་རྩེར་བསྒྲེངས།    སློབ་མ་ལའང་མཉམ་མེད་བླ་མའི་ཡང་སྤྲུལ་བཤད་སྒྲུབ་བསྟན་པའི་དཔུང་གཉེན་སྣང་སྟོན་ནམ་མཁའ་བློ་གྲོས་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་གྲངས་མེད་བྱོན།  མཐར་ཞིང་འདིའི་འགྲོ་དོན་རེ་ཞིག་རྫོགས་ནས་སྤྱི་ལོ༡༩༡༦ལོར་འདི་སྣང་སེམས་ཀྱི་ཆོ་འཕྲུལ་ཐམས་ཅད་ནང་དབྱིངས་ཀ་དག་གི་གྲོང་དུ་རེ་ཞིག་བསྡུས་པར་མཛད།

རྒྱ་འོབས་བླ་རབས་གཉིས་པ་རྒྱ་འོབས་སངས་རྒྱས་བསྟན་འཛིན་ནི་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་ཏེ་སྤྱི་ལོ ༡༨༩༣ ལོར་སྐུ་འཁྲུངས།  དམ་པ་མཆོག་གི་མ་ཡུམ་རྒྱ་འོབས་ཚང་ཡིན་ཡང་མཚན་དངོས་སུ་གསལ་ཁ་མ་རྙེད་པས་འདིར་འབྲི་ཐབས་མ་བྱུང་།  ཡབ་ཀྱི་མཚན་ལ་ཆ་བསྟན་ཞེས་འབོད་ཀྱང་ཁྱིམ་རྒྱུད་གཞན་དུ་ཡོད་པ་ལས་རྒྱ་འོབས་ཡབ་ཚང་དུ་མེད།  སྐུ་ན་གཞོན་དུས་ནས་ཁུ་བོ་རྒྱ་འོབས་བསྟན་པ་རབ་རྒྱས་ཀྱི་གམ་ནས་ཡི་གེ་འབྲི་ཀློག་དང་ཐུན་མོང་གི་རིག་གནས་སྐོར་བཅས་ཐུགས་ལ་ངེས་པར་མཛད། གསང་སྔགས་སྤྱི་སྤུངས་ཀྱི་འཕྲིན་ལས་གང་ལའང་ཐོགས་ཆགས་མེད་པའི་འདོན་རྟ་དབྱངས་གསུམ་སོགས་གྲྭ་སའི་ཕྱག་ལེན་འཛོལ་མེད་དུ་དགོན་དུ་གྲ་རྒྱས་པོར་སྤེལ།  རྒྱ་འོབས་བསྟན་པ་རབ་རྒྱས་དང་སྣང་སྟོན་ནམ་མཁའ་བློ་གྲོས་རྣམ་གཉིས་གཙོས་མཁན་སློབ་བཞི་སྦྲགས་མདུན་ནས་གཙང་གཙུག་དང་དྲང་སྲོང་གི་སྡོམ་པ་སྔ་ཕྱི་རིམ་བཞིན་མནོས་པ་ནས་ཕྱི་ཚུལ་ངུར་སྨྲིག་གིས་རྣམ་པ་རབ་ཏུ་ཀླུབས་ཤིང་ནང་ཁྲིམས་སྡོམ་གསུམ་ལ་མིག་འབྲས་བཞིན་གཅེས་སྤྲས་མཛད་དེ་ངེས་དོན་གྱི་འདུལ་འཛིན་པ་ཆེན་པོ་གྱུར།  སྣང་ཞིག་དགོན་གྱི་འཚོགས་ཆེན་དབུ་བླ་གྱུར་ནས་འཚོགས་ཀྱི་འདོན་པའི་གོ་རིམ་དང་བྲེལ་དལ་བཅས་ཚང་མ་དམ་པ་ཁོང་གིས་གཟིགས་རྟོགས་མཛད།  སྤྱི་ལོ ༡༩༥༤རྒྱལ་བ་ཞེས་པ་ཤིང་ཕོ་རྟ་ཡི་ལོར་དགོངས་པ་དབྱིངས་སུ་གཟིགས།

རྒྱ་འོབས་བླ་རབས་གསུམ་པ་ཐམས་ཅད་མཁྱེན་པ་སྐྱབས་རྗེ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་ནི་ཞིང་འདིར་བསྟན་འགྲོའི་དོན་ཆེན་ལ་མངོན་པར་གཟིགས་ཏེ་ཞི་དུལ་ལྷོད་གསུམ་གྱིས་ངང་རྒྱུད་ཕྱུག་ཅིང་དཀོན་མཆོག་ལ་དད་འདུན་དྲག་པའི་ཡུམ་སྨན་ལྷ་སྐྱིད་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་རྣམ་འབྱུང་ཞེས་པ་ས་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ༡༩༢༨ལོའི་མེ་བྱ་ཟླ་བའི་ས་སྤྲེལ་ཉིན་ལྟས་བཟང་དུ་མ་དང་བཅས་གཟུགས་སྐུ་ཟླ་བའི་དཀྱིལ་འཁོར་ཞིང་འདིར་ལྷམ་མེར་གསལ།  ལྷན་སྐྱེས་ཀྱི་ཤེས་རབ་དང་འགྲོ་བ་གཞན་ལ་ཕན་སེམས་བཅོས་མིན་དུ་མངའ་བས་ཀུན་གྱི་མཐོང་སྣང་དུ་བྱིས་པ་གཞན་དང་མི་མཚུངས་པའི་མཛད་པ་སྣ་ཚོགས་གནང་།  སྐབས་དེར་ཡུལ་འདིའི་སྐྱབས་མཆོག་བླ་ན་མ་མཆིས་པ་འགྲོ་འདྲེན་ཆེན་པོ་སྣང་ཞིག་གདུང་རབས་སོ་དྲུག་པ་སྣང་སྟོན་ནམ་མཁའ་བློ་གྲོས་མཆོག་གིས་མཚན་ལྡན་གྱི་སྐྱེས་མཆོག་འདི་འཁྲུངས་པ་ཨེ་མ་ངོ་མཚར་ཆེ།  དམ་པ་འདི་ནི་བྱང་ཕྱོགས་རྒྱ་ནག་འཕོ་བ་གྲོང་འཇུག་གི་ཡང་སྲིད་ཞིང་འདིར་བསྟན་འགྲོའི་དོན་དུ་བསམ་བཞིན་སྐྱེ་བ་བཞེས་པ་ཡིན་གསུངས་ནས་མཚན་དུ་གཡུང་དྲུང་བསྟན་འཛིན་ཞེས་གསོལ།  དགུང་གྲངས་བདུན་གྱི་སྟེང་དུ་ཡོངས་འཛིན་བློ་གྲོས་རྒྱ་མཚོའི་མདུན་ནས་ཤེས་བྱ་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་གི་དབུ་བཟུང་ནས་བསླབ་པ་ཀུན་གྱི་རྩ་བ་བརྟན་པོར་མཛད།   དེ་ནས་ལེགས་བཤད་ལམ་རིམ་ལས།  བླ་མ་དམ་པ་བསྟེན་བྱས་ན།  །གདམས་ངག་འདོད་པའི་གདུང་བ་སེལ།  །ཞེས་པའི་ལུང་བཞིན་རིགས་བརྒྱའི་ཁྱབ་བདག་ཆེན་པོ་སྣང་སྟོན་སྐུ་ཞབས་ནམ་མཁའ་བློ་གྲོས་མཆོག་རྩ་བའི་བླ་མར་བསྟེན་ཏེ་དང་ཐོག་སྡོམ་པ་ཀུན་གྱི་གཞི་མ་སྐྱབས་འགྲོའི་སྡོམ་པ་མནོས་ནས་སྡེ་སྣོད་ཐམས་ཅད་ཀྱི་སྡོམ་པའི་སྣོད་རུང་དུ་གྱུར།  དེ་ནས་འདུལ་བའི་ལས་ཆོག་བཞིན་བསྙེན་གནས་དང་དགེ་བསྙེན་ཆོ་གའི་རྗེས་ཟློས་མཛད་ནས་རིམ་བཞིན་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་འབོག་ཆོག་ལ་འཇུག་སྟེ་རབ་ཏུ་བྱུང་།   སྡོམ་པ་དེ་སྨིན་པ་དང་སྣང་སྟོན་ནམ་མཁའ་བློ་གྲོས་དང་།  ཡོངས་འཛིན་ཆེན་མོ་ཚུལ་ཁྲིམས་བློ་གསལ།  དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་སོགས་དགེ་སློང་མཁས་བཙུན་སྨིན་རྫོགས་ཀྱི་ཡོན་ཏན་ཅན་དུ་མའི་མདུན་ནས་དག་པ་དྲང་སྲོང་གི་བསྙེན་རྫོགས་མཛད་པའི་མཚན་ལ་དྲང་སྲོང་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོར་ཞེས་གསོལ།  དེ་ནས་ལུང་ལས།  ལྟ་བ་མཐའ་བྲལ་བླ་མེད་དོན་རྟོགས་ཤིང་།  །སྒོམ་པ་རྟོག་བྲལ་སྒྱུ་ལུས་ལྷ་སྐུར་བཞེངས།  །སྤྱོད་པ་དྲི་བྲལ་ཉིས་བརྒྱ་ལྔ་བཅུ་རྫོགས།  །སུམ་ལྡན་བསྟན་འཛིན་དབང་རྒྱལ་ཞབས་ལ་འདུད།  །ཅེས་གསུངས་པ་བཞིན་དགོངས་བརྒྱུད་དགུ་ཡི་མན་ངག་རི་ཁྲོད་ཆེན་པོའི་ཐུགས་དམ་བྲུ་རྗེ་བླ་མའི་གསུང་བཅུད་མ་ཉམས་པར་འཛིན་པའི་དམ་པ་ཉིད་ཀྱི་ཁུ་བོ་རྒྱ་འོབས་སངས་རྒྱས་བསྟན་འཛིན་མཆོག་དང་ངེས་དོན་རྣལ་འབྱོར་ཆེན་པོ་རྟོགས་ལྡན་དམར་པོ་སོགས་ཀྱི་མདུན་ནས་ལྟ་བ་བླ་མེད་རྫོགས་ཆེན་དང་སྒོམ་པ་རིམ་གཉིས་ཉམས་ལེན་སྤྱོད་པ་འདུལ་བའི་གཞུང་ལུགས་ལས་མི་འདའ་བའི་གསང་གསུམ་གྱི་གདམས་དོན་ཡོ་ཀ་གདན་ཐོག་གཅིག་ནས་ཐུགས་ཉམས་སུ་བཞེས་ཏེ་སྒོམ་པ་གསུམ་གྱི་ཉམས་ལེན་མཐའ་འཁྱོལ་བར་མཛད།  ཟབ་མོའི་དབང་གིས་རྒྱུད་སྨིན་ཅིང་རྒྱབ་རྟེན་ལུང་གིས་རྒྱུད་བཀྲོལ་གལ་པོའི་མན་ངག་གིས་རྒྱུད་དོན་ཐམས་ཅད་ཡོངས་སུ་རྟོགས་ཏེ་བླ་མེད་ལྟ་བའི་རྒྱལ་ས་ཟིན་ནས་ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྐྱངས།   དགུང་གྲངས་ཉེར་གཅིག་སྟེང་དུ་སྣང་ཞིག་དགོན་གྱི་འཚོགས་ཆེན་ཁྲི་རིན་པོ་ཆེའི་གསེར་ཁྲིར་མངའ་གསོལ་ནས་གྲྭ་ཚང་ལ་མང་ཇ་ཕྱག་འགྱེད་སོགས་གྱ་ནོམ་པར་མཛད།  བཤད་སྒྲུབ་བསྟན་པའི་མངའ་བདག་ལུང་དང་རྟོགས་པའི་བང་མཛོད་གྱུར་ནས་དགུང་གྲངས་ཉེར་དྲུག་སྟེང་དུ་སྣང་ཞིག་རྒྱལ་ཚབ་ཆེན་པོའི་ཁྲི་ལ་མངའ་གསོལ།  དེ་ནས་བཟུང་མདོ་སྔགས་འགལ་མེད་ཀྱི་ཉམས་ལེན་དང་བསྟན་སྲིད་ཟུང་གི་འཕྲིན་ལས་ཀྱིས་སྣང་ཞིག་དགོན་ཆེན་འདི་ལ་གཟིགས་པ་ཚད་མེད་གནང་བ་མ་ཟད་མཛད་པ་ཕྱོགས་བཅུར་ཀུན་ཏུ་ཁྱབ།  དགོན་འདི་ལ་ཞབས་སེན་མངོན་པར་བཀོད་པའི་བསྟན་འཛིན་གྱི་སྐྱེས་ཆེན་སྐྱབས་རྗེ་མཁན་སློབ་གཤེན་གསུམ་དང་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་སོགས་རང་གཞན་གྱི་བླ་ཆེན་དུ་མ་ཕེབས་པ་ཐམས་ཅད་དམ་པ་ཉིད་ཀྱི་ཐུགས་བཀོད་བཞིན་བླ་གྲྭ་ཡོངས་ནས་ཆིབས་བསུ་དང་སེར་ཕྲེང་སོགས་དགའ་སྟོན་གྱི་ཡོ་ལང་གྲ་རྒྱས་པོར་མཛད།  དགོན་པའི་དོ་དམ་ཨུ་ཡོན་གྱི་འགན་མི་ལོ་ཉེར་བདུན་ཙམ་གྱི་རིང་དུ་བཞེས་ཏེ་བསྟན་པ་མེད་པ་ནས་གསར་འཛུགས་དང་ཡོད་པ་དག་གོང་འཕེལ་གྱི་ཐབས་ལམ་ལ་འབད་འབུངས་ཅི་ནུས་མཛད།  མདོར་ན་དམ་པ་ཁོང་གི་འཕྲིན་ལས་ཕྱོགས་མཐའ་ཀུན་ཏུ་རྒྱ་མ་ཆད་པ་བོད་རྒྱ་ཧོར་གསུམ་གྱི་ཡུལ་དུ་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཀྱིས་བཀའ་དྲིན་མ་བསྐྱངས་ས་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཡོད།  ལྷག་པར་དུ་སྣང་ཞིག་དགོན་ཆེན་གྱི་བསྟན་སྲིད་གཉིས་ལ་ཐུགས་འགན་ཟབ་མོ་བཞེས་ཏེ་རྟེན་ཆེ་བ་ལྷ་ཁང་གསས་ཁང་མན་ཆད་ནས་ཆུང་བ་མཐའི་འཁོར་ཕྲན་ཡན་ཆད་དང་བརྟེན་པ་གསེར་སྐུ་ཟངས་སྐུ་མན་ཆད་ནས་མཆོད་རྫས་ཏིང་ཕོར་ཡན་ཆད་ཕྱི་ནང་དངོས་འབྱོར་གྲ་རྒྱས་ཕུན་སུམ་འཚོགས་པ་འདི་དག་ཁོང་གི་བཀའ་དྲིན་ལས་མ་འདས།   ནང་གི་དགེ་འདུན་པའི་སྤུས་ཚད་དང་གྲངས་ཀ་འཆད་ཉན་སོགས་དེང་སང་གཞན་པ་སུ་ལའང་ངོ་གནོང་མི་དགོས་པ་གྲ་རྒྱས་སྤུས་དག་སོགས་གནས་པ་ཁོང་གི་འཕྲིན་ལས་རྒྱུན་མ་འགག་པ་ཡིན།  དམ་པ་ཁོང་གི་རྣམ་ཐར་འདི་ནས་དེ་ཙམ་གྱིས་མཐུས་པར་བྱས་པ་ལས་བདག་ལྟ་བུས་མཛད་པ་མཐའ་དག་བརྗོད་པ་ག་ལ་ནུས།  དགུང་གྲངས་གྱ་དྲུག་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ༢༠༡༣ལོར་རེ་ཞིག་འཕྲིན་ལས་ཀྱི་མཇུག་བསྡུས་ནས་དགོངས་པ་གཞན་དུ་གཟིགས།

རྒྱ་འོབས་བླ་རབས་བཞི་པ་ཨ་གྲགས་བླ་མའི་ཐུགས་སྤྲུལ་རྒྱ་འོབས་ལྷས་སྦྱིན་གྲགས་པ་བསྟན་འཛིན་མཆོག་ནི་ཡབ་ལ་གོ་དང་ཡུམ་ཀུན་ལྡན་གཉིས་ཀྱི་སྲས་སུ་དོན་འགྲུབ་ཅེས་པ་ས་མོ་ལུག་སྟེ་སྤྱི་ལོ ༡༩༧༨ལོར་རྒྱ་འོབས་ཚང་དུ་སྐུ་འཁྲུངས།   ལྷ་རྩེའི་སྐྱབས་མགོན་མཆོག་ལ་སྙན་བརྒྱུད་བབས་ཏེ་ཨ་ལགས་སྣང་རྩེའི་སྤྲུལ་སྐུ་ཡིན་པར་ངོས་འཛིན་གནང་།   དགུང་གྲངས་དགུ་པ་རབ་བྱུང་ཅེས་པ་མེ་མོ་ཡོས་སྟེ་སྤྱི་ལོ ༡༩༨༧ ལོར་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་འཚོགས་གྲལ་ཞུགས།   དེ་ནས་མདོ་ལས། བདུད་རྩི་འབྱིན་པའི་ཡིག་འབྲུ་སུམ་ཅུ་བདུན།  །འཕྲུལ་ཡིག་སུམ་ཅུས་ལྐུགས་པ་ཁ་འབྱེད་པ།  །ཡོན་ཏན་ཀུན་འབྱུང་སྐྱེད་གཞི་ཡི་གེ་འདི།  །ཞེས་དང་།  ཡ་མཚན་རྨད་དུ་བྱུང་བའི་ཡི་གེ་ལ།  བཟང་ངན་སྐྱིད་སྡུག་འགྲོགས་ཤིང་ཀུན་ཀྱང་སློབ།   །ཅེས་གསུངས་པ་བཞིན་དགུང་གྲངས་བཅུ་གཅིག་པ་དཀར་པོ་ཞེས་པ་ས་མོ་སྦྲུལ་ཏེ་སྤྱི་ལོ ༡༩༨༩ ལོར་དམ་པ་མཆོག་གི་ཐོག་མའི་དཔོན་གསས་ཡོངས་འཛིན་དགེ་བའི་བཤེས་གཉེན་སློབ་ཟུར་ཚུལ་ཁྲིམས་རྒྱལ་མཚན་གྱི་དྲུང་ནས་ཀློག་བསླབ་པ་ནས་དབུ་བརྩམས་ཏེ་བྲིས་དང་འདོན་རྟ་བཅའ་བརྡུང་འབུད་གསུམ་བཅས་འཚམས་པོར་བསླབས།   དགུང་གྲངས་བཅུ་གསུམ་པ་སྐྱེས་བདག་ཅེས་པ་ལྕགས་ལུག་སྟེ་སྤྱི་ལོ ༡༩༩༡ ལོར་སྙིགས་དུས་འགྲོ་འདུལ་གྱི་སེམས་དཔའ་ཆེན་པོ་རྗེ་བླ་མ་རྒྱལ་ཚབ་རིན་པོ་ཆེ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་མཆོག་གི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་ཁྲིམས་རྣམས་རྫོགས་པར་ཞུས་ཏེ་ངུར་སྨྲིག་འཛིན་པའི་སྡེར་ཞུགས།  དེ་ནས་འདུལ་བ་མདོ་བསྡུས་ལས།  རབ་ཏུ་བྱུང་ནས་བསླབ་བྱ་རྣམས།  །འཁྱག་པ་དབང་ཐེབས་བཞིན་དུ་བསྲུང་།  །ཞེས་པའི་ལུང་ལྟར་སྡོམ་ཁྲིམས་རྣམས་མིག་འབྲས་བཞིན་དུ་སྲུང་ནས་བཙུན་པ་དབུས་སུ་མཛེས་པར་མཛད།   དགུང་གྲངས་བཅོ་ལྔ་པ་དཔལ་གདོང་ཞེས་པ་ཆུ་མོ་བྱ་སྟེ་སྤྱི་ལོ ༡༩༩༣ ལོར་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་འཚོགས་ཆེན་ཁྲི་བའི་འགན་བཞེངས་ནས་གསེར་ཁྲི་རྣམ་གསུམ་གྱི་ཡ་གྱལ་ཁྲི་བའི་ཁྲི་ལ་མངའ་གསོལ་ནས་དགའ་སྟོན་རྒྱ་ཆེར་བྱས།  

དགུང་གྲངས་བཅུ་དྲུག་པ་དངོས་པོ་ཞེས་པ་ཤིང་ཕོ་ཁྱི་སྟེ་སྤྱི་ལོ ༡༩༩༤ ལོར་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གངས་ལྗོངས་སུ་ཆིབས་བསྒྱུར་གནང་བ་དང་བསྟུན་དབང་ལུང་མན་ངག་གི་གདམས་དོན་གང་མང་ཐོབ།    དགུང་གྲངས་བཅུ་བདུན་པ་ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་སྟེ་སྤྱི་ལོ ༡༩༩༥ ལོ་གསུམ་གྱི་རིང་དུ་སྣང་ཞིག་དགོན་ཆེན་གྱི་འཚོགས་ཆེན་ཁྲི་བའི་འགན་བཞེངས་པ་ཡོངས་སུ་གྲུབ།  ཁྲི་བ་ལོ་གསུམ་གྱི་རིང་དུ་གྲྭ་མང་ཡོངས་ལ་ཁྱོན་མང་ཇ་བཞི་བཅུ་ཞེ་ལྔ་བསྐོལ་ནས་གསོལ་འགྱེད་གང་ཐད་ནས་བསོད་ཚོགས་མི་དམན་པ་བསགས། འདི་ལོར་བོན་གྱི་གྲྭ་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་དུ་ཕེབས་ནས་ཁྲི་བཞེངས་གནང་། 

དགུང་གྲངས་བཅུ་དགུ་པ་དབང་ཕྱུག་ཅེས་པ་མེ་མོ་གླང་སྟེ་སྤྱི་ལོ༡༩༩༧ལོར་སྒྲུབ་གྲྭ་ལོ་གསུམ་ལ་ཞུགས་ཏེ།   རྫོགས་ཆེན་སྐུ་གསུམ་རང་ཤར་ལས།   བསྐྱེད་རྫོགས་སྔོན་དུ་ཞི་ལྷག  ཞི་ལྷག་སྔོན་དུ་སྡིག་སྦྱོང་།  སྡིག་སྦྱང་སྔོན་དུ་རྒྱུད་སྦྱང་འགྲོ་དགོས།   ཞེས་གསུངས་པ་ལྟར།  རྗེ་བླ་མ་རྒྱལ་ཚབ་རིན་པོ་ཆེ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་མཆོག་གི་དྲུང་ནས་བོན་རང་ལུགས་ཀྱི་ལམ་རིམ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་དང་ལམ་རིམ་ཚོགས་ལམ་བཅུ་གཉིས་གཙོས་གཞུང་ཆེན་གང་མང་ལ་བློ་སྦྱོང་གནངས་ཏེ་རྒྱུད་ལ་ངེས་པར་འབྱུང་བའི་བློ་བཅོས་མིན་དུ་བརྡོལ། དེ་ནས་སྔོན་འགྲོ་ལ་སྡིག་སྦྱོང་འབུམ་དགུ་དང་དངོས་གཞི་མཚན་བཅས་སེམས་འཛིན་དང་མཚན་མེད་མཉམ་བཞག་བཅས་སྒོ་དུ་མ་ནས་སེམས་ཁྲིད་ལེགས་པར་ཐེབས།    ཨ་ཁྲིད་སྐོར་དང་།  སྙན་བརྒྱུད་སྐོར།  རྩ་རླུང་།   འཁྲུལ་འཁོར།   རང་གཞན་གྱི་འཕོ་བ།  ངག་མཚམས།  བཅུད་ལེན།  འོད་གསལ་བདུན་སྐོར་བཅས་ལོ་གསུམ་གྱི་རིང་དུ་མཚམས་དམ་པོར་བཞུགས།   དགུང་གྲངས་ཉེར་གཅིག་པ་མྱོས་ལྡན་ཞེས་པ་ས་མོ་ཡོས་སྟེ་སྤྱི་ལོ ༡༩༩༩ལོར་རྗེ་བླ་མ་རྒྱལ་ཚབ་རིན་པོ་ཆེ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་མཆོག་གི་དྲུང་ནས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་རྣམས་རྫོགས་པར་མཛད།  དགུང་གྲངས་ཉེར་གཉིས་པ་རྣམ་རྣོན་ཞེས་པ་ལྕགས་འབྲུག་སྟེ་སྤྱི་ལོ༢༠༠༠ལོར་གླིང་འདིར་བཞུགས་པའི་དགེ་བའི་བཤེས་གཉེན་དག་གི་གམ་ནས་སྦྱོར་གཞི་ཡི་གེའི་ངོས་བཟུང་རྣམ་གྲངས་ཀྱི་སྐོར་དང་།   སྦྱོར་ཚུལ་ཡི་གེའི་འཇུག་པ།   རྣམ་དབྱེ་འཕྲད་ཀྱི་སྦྱོར་བ།  བྲིས་བཅས་ལེགས་པར་བསླབས།  དགུང་གྲངས་ཉེར་གསུམ་པ་ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་ཏེ་སྤྱི་ལོ༢༠༠༡ལོར་ཚེ་སྒྲུབ་མཚམས་ལ་བཞུགས་ནས་བསྙེན་ཚད་ཐོན་པར་མཛད།    ལོ་དེར་དགེ་བའི་བཤེས་གཉེན་དག་གི་དྲུང་ནས་སྙན་བརྒྱུད་དང་ཨ་ཁྲིད་སྐོར་བཅས་ཡང་བསྐྱར་གསན་བཞེས་གནང་།   དགུང་གྲངས་ཉེར་དྲུག་པ་ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེལ་ཏེ་སྤྱི་ལོ༢༠༠༤ལོར་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་དཔོན་སློབ་ཁྲི་རབས་བཅོ་བརྒྱད་པ་བསྟན་འཛིན་ཕུན་ཚོགས་ཀྱི་མདུན་ནས་སྐྱབས་མགོན་མཆོག་དང་རྣམ་པ་གཉིས་ཀྱིས་རྩ་རླུང་ཞེ་དགུ་ཅན་གཅིག་དང་ཞག་བརྒྱ་ཅན་གཉིས་མཐར་ཐོན་པར་མཛད།  

དགུང་གྲངས་ཉེར་དགུ་པ་ཐམས་ཅད་འདུལ་ཞེས་པ་མེ་མོ་ཕག་སྟེ་སྤྱི་ལོ༢༠༠༧ ལོར་རྗེ་བླ་མ་རྒྱལ་ཚབ་རིན་པོ་ཆེ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དགྱེས་སྟོན་དང་བརྟན་བཞུགས་འབུལ་བ་བཅས་རྒྱ་འོབས་བླ་བྲང་ནས་ཐུགས་འགན་གཙོ་བོར་ཁོང་གིས་བཞེངས་ནས་མཛད་སྒོ་ལེགས་པར་གྲུབ། 

དགུང་གྲངས་སུམ་ཅུ་པ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བ་སྟེ་སྤྱི་ལོ ༢༠༠༨ ལོར་རྗེ་བླ་མའི་བཀའ་དགོངས་བཞིན་མཱ་བློན་མཆོད་རྟེན་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་གཟུངས་གཞུག་དང་ཟངས་གསེར་གྱི་སྟོང་སྐུ་བཅས་རྟེན་དུ་བཞུགས་སུ་གསོལ།

དགུང་གྲངས་སོ་གཅིག་པ་འགལ་བ་ཞེས་པ་ས་མོ་གླང་སྟེ་སྤྱི་ལོ༢༠༠༩ལོར་དཔལ་ཀུན་མཁྱེན་ཤར་རྫ་པའི་གདན་སར་ཕེབས་སྐབས་འདུས་སྡེ་བྱིངས་ནས་མཇལ་དར་ཕུལ་ནས་བསྟན་པ་དང་འགྲོ་བའི་དོན་དུ་བསྐལ་བརྒྱར་བཞུགས་པའི་གསོལ་བ་ཡང་ཡང་བཏབ།   རྒྱ་ཚབ་རིན་པོ་ཆེ་འཇིགས་མེད་དབང་ཕྱུག་དང་།  མཁན་པོ་རིག་འཛིན་དབང་རྒྱལ།   དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་བཅས་གཙོས་དེར་བཞུགས་དམ་པ་དག་དང་གུས་འདུད་ལྷུར་བླངས་ཀྱིས་སྒོ་ནས་ཕན་ཚུན་ཐུགས་ཡིད་གཅིག་ཏུ་འདྲེས།   རྒྱལ་ཚབ་རིན་པོ་ཆེའི་དྲུང་ནས་དབང་ལུང་གང་དགོས་ཞུས་ཏེ་ཕྱིར་ཕེབས།    འདི་ལོ་མཁའ་འགྲོ་གསང་གཅོད་དང་།  ཚེ་སྒྲུབ་བྱ་རི་མ།  འབུམ་སྐུལ་བཅས་ཀྱི་སྐུ་མཚམས་ལ་བཞུགས་ཏེ་རིམ་བཞིན་བསྙེན་ཚད་ཐོན་པར་མཛད།

དགུང་གྲངས་སོ་གསུམ་པ་བོང་བུ་ཞེས་པ་ལྕགས་མོ་ཡོས་ཏེ་སྤྱི་ལོ༢༠༡༡ལོར་རྗེ་བླ་མས་བཤད་སྒྲུབ་སློབ་གླིང་གི་སློབ་ཁང་ཐོག་བརྩེག་གཉིས་ཅན་ཞིག་བཞེངས་བསྐྲུན་གནང་བའི་ཐུགས་འགན་ཡོངས་རྫོགས་ཁོང་གིས་བཞེངས་ནས་ལེགས་པར་གྲུབ། 

དགུང་གྲངས་སོ་ལྔ་པ་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་ཏེ་སྤྱི་ལོ༢༠༡༣ལོར་རྗེ་བླ་མ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དགོངས་པ་གཤེགས་པའི་དགོངས་རྫོགས་ཀྱི་ཐུགས་འགན་གཙོ་བོར་དམ་པ་ཁོང་དང་སྐུ་ཚ་སངས་རྒྱས་བསྟན་འཛིན་རྣམ་གཉིས་ཀྱིས་བཞེས།

དགུང་གྲངས་སོ་དགུ་པ་གསེར་འཕྱང་ཞེས་པ་མེ་མོ་བྱ་སྟེ་སྤྱི་ལོ༢༠༡༧ལོར་ཕན་བདེའི་རྩ་ལག་རྒྱལ་བསྟན་རིན་པོ་ཆེ་ཡུན་རིང་དུ་གནས་དགོས་ན་འཆད་ཉན་ལ་རགས་ལས་པར་དགོངས་ཏེ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་འཆད་རའི་འཁོར་ཡུག་དུ་དམ་པ་ཁོང་དང་འབྱོར་ལྡན་འགས་དམངས་སྒོར་ཁྲི་ཕྲག་དུ་མའི་མཐུན་རྐྱེན་ལེགས་པར་བསྐྲུན། 

དགུང་གྲངས་བཞི་བཅུ་པ་རྣམ་འཕྱང་ཞེས་པ་ས་ཕོ་ཁྱི་སྟེ་སྤྱི་ལོ༢༠༡༨ལོར་མདོ་སྨད་སྣང་ཞིག་དགོན་ཆེན་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་འཚོགས་སྐབས་རྒྱུ་ཚེགས་གང་ཐད་ནས་བཀའ་དྲིན་ཚད་མེད་བསྐྱངས།   དགུང་གྲངས་ཞེ་གཅིག་པ་སྒྱུར་བྱེད་ཅེས་པ་ས་མོ་ཕག་སྟེ་སྤྱི་ལོ༢༠༡༩ལོར་བྱ་འཕུར་བླ་མ་ཀུན་བཟང་རྒྱལ་མཚན་དང་དབུ་མཛད་བསྟན་པའི་ཉི་མ་རྣམ་གཉིས་དང་འགྲོགས་ནས་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞིའི་གནས་ཆེན་གངས་དཀར་ཏི་སེ་དང་བོན་གྱི་གྲྭ་ས་གོང་འོག་གཙོས་གནས་རི་སྒྲུབ་ཕུག་གདན་ས་ཁག་ལ་མཇལ་སྐོར་ཐུགས་ཡིད་ཚིམས་པར་མཛད།    མཆོག་སྤྲུལ་དམ་པ་འདི་བ་ཚང་གི་དགུང་གྲངས་ཞེ་གཅིག་ཡན་གྱི་མཛད་རྣམ་རགས་ཙམ་བརྗོད་ཟིན་ཀྱང་སྤྱི་དམ་པའི་མཛད་པ་ལ་བརྗོད་མཐའ་མེད་པས་བདག་འདྲའི་སྨྲ་ལྕེ་དིག་པའི་མཐའ་དག་བརྗོད་པ་ག་ལ་ནུས།  དེས་ན་རྗེས་སུ་དམ་པ་འདིའི་མཛད་རྣམ་ལ་རྒྱུས་མངའ་མཁན་དག་གིས་ཁ་བསྐང་དང་འདི་ནས་ལོ་རེ་བཞིན་མཛད་པ་ཆེ་ཁག་གཏོང་སྙོམས་སུ་མ་ཤོར་བ་ཡིག་ཐོག་ཏུ་བཀོད་པའི་རེ་བསྐུལ་དང་བཅས་མཇུག་གྲུབ་པར་བྱས།

རྒྱ་འོབས་བླ་རབས་ལྔ་པ་རྒྱ་འོབས་སངས་རྒྱས་བསྟན་འཛིན་གྱི་ཡང་སྤྲུལ་རྒྱ་འོབས་གཙུག་ཕུད་རྒྱལ་མཚན་མཆོག་གི་མཛད་རྣམ་རྒྱས་པ་འོག་ནས་འབྱུང་བས་འདིར་མི་སྤྲོ།

གཉིས་པ་དམ་པ་ཉིད་ཀྱི་སྐུ་སྐྱེ་བཞེས་ནས་ད་ལྟའི་བར་གྱི་མཛད་པ་ཞིབ་ཏུ་བརྗོད་པ་ལ་གསུམ་སྟེ།   སྐུ་ཡི་སྐྱེ་བ་ཇི་ལྟར་བཞེས་པ།    གསུང་གི་མཛད་པ་ཇི་ལྟར་སྤྲོས་པ།   ཐུགས་ཀྱི་རྟོགས་པ་ཇི་ལྟར་བརྡོལ་བ་གསུམ་ལས།  

དང་པོ་ནི།    ཁམས་བསྡུས་ལས།   སྤྲུལ་སྐུའི་སྣང་བ་ཡིད་བཞིན་ནོར་བུ་འདྲ།   །ཅི་ཕྱིར་ཞེ་ན་དེ་ལས་མི་འབྱུང་མེད།   །ཅེས་གསུངས་པའི་ལུང་གི་བརྗོད་དོན་འཕྱུགས་མེད་དུ་གྱུར་པའི་དམ་པ་མཆོག་གི་རྣམ་ཐར་ནི་སོ་སྐྱེས་བློ་ཡིས་མངོན་མིན་ཅི་རིགས་ཡིན་པས་གཉིས་སྣང་གི་འཆར་ཚུལ་ལ་གཉིས་འཛིན་གྱི་འཁྲུལ་རྟོག་རབ་ཏུ་རྒོད་པའི་བདག་འདྲའི་བློ་ཆུང་ཞིག་གིས་ཚུལ་བཞིན་བརྗོད་པ་མ་ནུས་ནའང་།    རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་རྣམ་ཐར་ལས།    གང་ཞིག་མི་རྣམས་དད་མོས་སེམས་ཀྱི་ནི།  །བླ་མ་དེ་ཉིད་སྐད་ཅིག་དྲན་པའི་སྟོབས།  །ཚེ་འདིར་དགེ་བསམ་བར་ཆོད་མེད་པར་འགྲུབ།  །ཕྱི་མར་ངན་སོང་སྐྱེ་སྒོ་ཆོད་པར་འགྱུར།  །ལས་སྐལ་ལྡན་པའི་རིགས་ཀྱི་བུ་རྣམས་ཀྱིས།  །བླ་མ་དམ་པ་སྤྱི་གཙུག་བསྒོམ་བྱས་ནས།  །གསོལ་བ་བཏབ་ན་སྒྲིབ་གཉིས་མ་ལུས་སྦྱང་།  །ཚོགས་གཉིས་ཡོངས་རྫོགས་དོན་གཉིས་ལྷུན་ལ་གྲུབ།  ། ཅེས་གསུངས་པའི་ལུང་དོན་བཞིན་རང་ཉིད་མོས་པའི་དད་པས་ཀུན་ནས་སློང་སྟེ་དྭངས་པའི་དད་པས་མཛད་རྣམ་ལ་བླང་དོར་བྱས་ཤིང་ཡིད་ཆེས་ཀྱི་དད་པས་ལུང་རིགས་རྣམ་དག་གི་ཟུར་བརྒྱན་ཏེ་མཐར་ཕྱིན་པའི་དད་པས་རང་གིས་དཔོག་ཚད་ཀྱི་རྣམ་ཐར་མ་ལུས་པ་བརྗོད་པའི་སྤོབས་པ་བརྡོལ་བ་ཡིན།   དེ་ཡང་དམ་པ་འདི་ནི་སྐུ་ཡི་སྐྱེ་བ་ཅི་ལྟར་བཞེངས་ཤེ་ན།  ལུང་ལས།  བསྐལ་པའི་སེམས་ཅན་གྲངས་མེད་རྣམས།  །ཐུགས་རྗེའི་ཐབས་ཀྱིས་དྲངས་པའི་ཕྱིར།  །བསྐལ་པའི་གཤེན་རབ་འབྱུང་བར་འགྱུར།  །ཞེས་པ་ལྟར་རིང་ནས་འགྲོ་བའི་དོན་དུ་ཐུགས་བསྐྱེད་ཟབ་མོས་བསྐུལ་བཞིན་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེས་པའི་མདོ་ཁམས་སྨད་ཀྱི་ཆར་གཏོགས་རྔ་ལྗོངས་ཕྱུག་མོ་ཞེས་སྣོད་བཅུད་ཀྱི་དཔལ་ཡོན་གྱ་ནོམ་པའི་ཡུལ་གྲུ་སྣང་སྟོན་བླ་རབས་རིམ་བྱོན་གཙོས་རིས་མེད་ཀྱི་པཎ་གྲུབ་དུ་མའི་ཞབས་སེན་པད་མོ་མངོན་པར་བཀོད་པའི་གནས་མཆོག་གསང་ཆེན་མ་རྒྱུད་གནས་རིའི་ཉེ་ཕྱོགས།  ཡུལ་ལྷ་རྦང་བཙན་རི་བོའི་མདུན་ཞོལ་ས་ཡི་སྲུང་བཞི་དང་དགེ་བཅུ་ཕུན་སུམ་ཚོགས་པའི་གནས་མཆོག་ཐར་བ་གྲོང་གི་རྒྱ་འོབས་ཚང་ཞེས་སྔོན་གྱི་དུས་ནས་མཁས་བཙུན་གྲུབ་པའི་རྣལ་འབྱོར་རིམ་པ་བྱོན་པའི་ཡབ་ཚང་དེར།   ཡབ་བྱ་འཕུར་ཚང་གི་རུས་ལས་གྲོལ་བའི་སྒོ་གསུམ་ཞི་དུལ་ཅན་ཚེ་དབང་ཡག་དང་།  ཡུམ་འབྲུ་ཞིག་གི་རུས་ལས་སྨིན་པའི་རྒྱ་འོབས་བླ་མའི་དབོན་མོ་ཚེ་འཛིན་དབང་གོ་གཉིས་ཀྱི་སྲས་སུ་རབ་བྱུང ༡༧ པའི་དངོས་པོ་ཞེས་པ་ཤིང་ཕོ་ཁྱི་སྟེ་སྤྱི་ལོ ༡༩༩༤ ལོར་གཟུགས་སྐུ་ཟླ་བ་གཞོན་ནུ་འགྲོ་ཁམས་མུན་པའི་གྲོང་དུ་ལྷམ་མེར་གསལ།   ཁུ་བོ་རྒྱ་འོབས་བླ་མ་བསྟན་འཛིན་དབང་རྒྱལ་མཆོག་གིས་སྐུ་ཁྲུས་གསོལ་བ་དང་ཚེ་དབང་བསྐུར་གནང་མཛད།  ལོ་དེར་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་གངས་ལྗོངས་སུ་གསེར་ཞལ་མངོན་པར་བསྒྱུར་སྐབས་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དུ་ཕེབས་པ་དང་བསྟུན་རྒྱ་འོབས་བླ་བྲང་དུ་གདན་ཞུས་སྐབས་མཚན་ལ་གཙུག་ཕུད་རྒྱལ་མཚན་ཞེས་གསོལ།  ཁུ་བོ་དམ་པ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་མཆོག་གིས་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ངམ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་གི་གཙུག་ལག་ཁང་ཆེན་མོའི་གཙོ་ཁང་རྟེན་དང་བརྟེན་པ་བཅས་བཞེངས་བསྐྲུན་མཛད་སྐབས་རྟེན་གཙོ་རྣམ་པར་རྒྱལ་བའི་དབུ་ཡི་གཙུག་ཏུ་རྒྱལ་མཚན་ཞིག་བཙུགས་པའི་རྟེན་འབྲེལ་ཁོང་གི་མཚན་དང་སྟབས་གཅིག་ཏུ་འགྲིག  སྐུ་ན་གཞོན་ནུའི་དུས་ནས་སྐྱེས་སྟོབས་ཀྱི་ཤེས་རབ་དང་བྱམས་སེམས་ཀྱི་ཐུགས་གཤིས་ལྷོད་པ་ལྷན་སྐྱེས་སུ་གྲུབ་ཅིང་གཞན་ལས་དཔག་པའི་ཡོན་ཏན་དུ་མས་ཐུགས་རྒྱུད་རབ་ཏུ་ཕྱུག་པས་དམ་པའི་སྐྱེས་བུ་ཞིག་གི་སྐྱེ་མཐའ་མངོན་དུ་གསལ།  དགུང་ལོ་ལྔ་ལ་སོན་སྐབས་ཡུལ་གྱི་སྐྱེས་ལྷ་རང་བབས་ཀྱིས་རྒྱ་འོབས་སངས་རྒྱས་བསྟན་འཛིན་གྱི་ཡང་སྤྲུལ་ཡིན་པ་གསུངས་ཤིང་སྐུ་ཐོག་གོང་མའི་མཚན་ཐད་ཀར་སངས་རྒྱས་བསྟན་འཛིན་ཞེས་གསོལ།

ཡེ་ནས་འགྲོ་བའི་དོན་དུ་ཐུགས་བསྐྱེད་སྟོབས།།
ཟབ་པས་དུས་འདིར་རིགས་བཟང་ཡབ་ཡུམ་སྲས།།
རྒྱལ་འཕགས་ལུང་གིས་བསྐུལ་བཞིན་བསྟན་འགྲོའི་དོན།།
མཚན་དཔེའི་ཡོངས་སུ་རྫོགས་འདི་ཨེ་མ་རྨད།།

གཉིས་པ་གསུང་གི་མཛད་པ་ཇི་ལྟར་སྤྲོས་པ་ལ།   ཇི་སྐད་དུ་ལུང་ལས།  ཡོན་ཏན་ཀུན་གྱི་གཞི་མ་ནི།  །བྲི་དང་འདོན་དང་རིག་གནས་ལྔ།  །ཞེས་དང་།  གཞུང་ལས།  བཤེས་གཉེན་བསྟེན་པའི་བློ་བསྐྱེད་པ། །བྱ་བ་ཀུན་གྱི་སྔོན་དུ་འགྲོ།  །ཞེས་གསུངས་པ་བཞིན་རྣམ་གནོན་ཞེས་པ་ལྕགས་འབྲུག་སྟེ་སྤྱི་ལོ༢༠༠༠ལོར་དམ་པ་ཉིད་དགུང་ལོ་བདུན་གྱི་སྟེང་དུ་ཕྱི་ཚུལ་ངུར་སྨྲིག་གི་རྣམ་པར་རབ་ཏུ་མཛེས་ཤིང་ནང་ཁྲིམས་སྡོམ་གསུམ་གྱི་བདུད་རྩིའི་གཏེར་ཆེན་བརྡོལ་བའི་མཁས་དབང་དགེ་བའི་བཤེས་གཉེན་ཆེན་པོ་ཡོངས་འཛིན་ཤེས་བྱ་ཀུན་གྲགས་མཆོག་དགེ་རྒན་དུ་བསྟེན་ཏེ་ལོ་ངོ་དྲུག་ལྷག་གི་རིང་དུ་ཀློག་བསླབ་པ་ནས་དབུ་བརྩམས་ཏེ་འདོན་རྟ་དབྱངས་གསུམ་བཅས་དཔྱིས་ཕྱིན་པར་མཛད།   ཞོར་དུ་ཡིག་དཀར་ནག་གི་བྲིས་དང་སྦྱོར་གཞི་ཡི་གེའི་ངེས་བཟུང་དང་རྣམ་གྲངས།  སྦྱོར་ཚུལ་ཡི་གེའི་འཇུག་པ།  རྣམ་དབྱེ་འཕྲད་ཀྱི་སྦྱོར་བ་སོགས་ཐུགས་ལ་བག་ཆགས་ཟབ་མོ་བཞག  

དགུང་གྲངས་བཅུ་གཅིག་པ་ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེལ་སྟེ་སྤྱི་ལོ༢༠༠༤ལོར་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དུ་ཞབས་སེན་པད་མོ་བཀོད་ཚེ་མ་འོངས་པ་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ཡོང་ངེས་གསུངས་ནས་ཐུགས་སྨོན་ལེགས་པོར་གནངས། 

དགུང་གྲངས་བཅུ་གཉིས་པ་ས་སྐྱོང་ཞེས་པ་ཤིང་མོ་བྱ་སྟེ་སྤྱི་ལོ༢༠༠༥ལོར་སྙིགས་དུས་འགྲོ་འདུལ་གྱི་སེམས་དཔའ་ཆེན་མོ་ལྟ་བ་ཡས་ཕུབས་ཤིང་།  སྤྱོད་པ་མས་འཛེགས།  གཞི་སྙིང་རྗེ་ཆེན་པོ་ལོངས།   ཐབས་ཕ་རོལ་ཕྱིན་པ་བཅུ་ལ་ཚུལ་བཞིན་སྤྱོད་པའི་ཁུ་བོ་དམ་པ་རྒྱ་འོབས་བླ་མ་བསྟན་འཛིན་དབང་རྒྱལ་མཆོག་གི་དྲུང་ནས་དེང་འདིར་གྲུབ་པ་བས་ཀྱང་བཙུན་པའི་རྗེས་སུ་འབྲེང་བའི་དུས་ཡིན་པ་ཐུགས་ལ་བརྣག་སྟེ་གཙང་མ་གཙུག་ཕུད་ཀྱི་ཁྲིམས་རྣམས་རྫོགས་པར་ཞུས་ཏེ་ཚུལ་མཚན་དུ་ཚུལ་ཁྲིམས་སངས་རྒྱས་བསྟན་འཛིན་ཞེས་གསོལ།  འདི་ལོ་རྗེ་བླ་མ་རྒྱལ་ཚབ་རིན་པོ་ཆེས་ལས་ཅན་མཐའ་དག་སྨིན་གྲོལ་གྱི་ལམ་ལ་གཟུད་པར་དགོངས་ཏེ་མ་རྒྱུད་གསང་མཆོག་མཐར་ཐུག་གི་དབང་བཞི་རྫོགས་པར་གནང་བར་ཞུས།  ལོ་འདིའི་ས་ག་ཟླ་བའི་ནང་དུ་དམ་པ་ཉིད་ཀྱི་མཆེད་ཟླ་དགེ་གྲོགས་སྨན་པ་གཡུང་དྲུང་དང་།  ཐང་གོང་ཚེ་རིང་ཐར།  ཁང་སར་བསོད་ནམས་གཡུང་དྲུང་བཅས་དང་མཉམ་དུ་རྗེ་བླ་མ་རྒྱལ་ཚབ་ཐམས་བཅད་མཁྱེན་པ་མཆོག་གི་དྲུང་ནས་སྔོན་འགྲོ་འབུམ་ལྔ་ཞིག་འགྲོ་ངེས་མཛད། 

དགུང་གྲངས་བཅུ་གསུམ་པ་མི་ཟད་ཅེས་པ་མེ་ཕོ་ཁྱི་སྟེ་སྤྱི་ལོ༢༠༠༦ལོར་རང་ལོའི་ཀེག་སེལ་དུ་ལྷ་རྩེའི་སྐྱབས་མགོན་ཨ་ལགས་སངས་གོ་མཆོག་གིས་རྒྱ་འོབས་ནང་ཆེན་བླ་བྲང་གི་ཡི་དམ་གཙོ་བོ་མེ་རི་དཔའ་བོ་གྱེར་ཕུར་གྱི་བསྙེན་མཚམས་ལ་བཞུགས་དགོས་གསུངས་པ་བཞིན་ཡོངས་འཛིན་དམ་པ་དགེ་བཤེས་ཤེས་བྱ་ཀུན་གྲགས་དང་མཉམ་དུ་ཞག་བརྒྱའི་རིང་དུ་བཞུགས་ནས་བསྙེན་སྒྲུབ་ཀྱི་རྟགས་ཐོན་པར་མཛད།  ལོ་དེར་རྗེ་བླ་མ་རྒྱལ་ཚབ་རིན་པོ་ཆེ་དགུང་གྲངས་དོན་དགུ་ལ་ཕེབས་སྟབས་བརྒྱད་ཅུའི་མཛད་སྒོའི་སྟ་གོན་གནང་སྟེ་མ་ཏྲིའི་སྒྲུབ་པ་ལ་ཟླ་གཅིག་གི་རིང་དུ་བཞུགས།  སྒྲུབ་པའི་དབུ་འཛུགས་དུས་དང་མཇུག་གྲོལ་ཉིན་ལ་རྒྱལ་ཚབ་རིན་པོ་ཆེ་ཕེབས་གནང་མཛད་དེ་སྟ་གོན་དང་གཤེགས་བསྐྱོད་སོགས་མཛད།  བསྙེན་སྒྲུབ་ཚད་དུ་རྫོགས་པའི་རྟགས་སུ་དཀྱིལ་འཁོར་ནང་ནས་དམུ་ཡད་བདུད་རྩིའི་ཟིལ་ཐིགས་ནར་གྱིས་འབབས་པ་དེ་ཡོད་ཀུན་ཀྱིས་མཇལ་ཡུལ་དུ་གྱུར།  དེ་མཚམས་ཡོངས་འཛིན་ཤེས་བྱ་ཀུན་གྲགས་མཆོག་གི་གམ་ནས་འདོན་ཆོག་དང་རྟ་དབྱངས་བརྡུང་གསུམ་སོགས་གང་འཚམས་བསླབས་ཟིན་ནས་མཚམས་སུ་ཇི་སྐད་དུ།  རྣམ་རྒྱལ་ལས།  གཡུང་དྲུང་བོན་གྱི་རྒྱ་མཚོ་གཏིང་ཟབ་པ།  །ངོམ་མེད་བློ་ཡི་དོན་ལ་མྱོང་བར་སྤྱོད།   །ཅེས་དང་།  ཀུན་མཁྱེན་ཉི་མའི་ཞལ་ནས།  རྩོད་པའི་རྒྱ་མཚོ་གཏིང་ཟབ་བརྒལ་མིན་ན།  །འཆད་པ་རིན་ཆེན་གླིང་དུ་མི་ཕྱིན་པས།  །རྩོམ་པ་ནོར་བུའི་མཛོད་ལ་སྤྱོད་བྱ་ཅི།  །དེ་ཕྱིར་ཀུན་གྱིས་ཚུལ་འདིར་འཇུག་པ་རིགས།  །ཞེས་གསུངས་པའི་ལུང་དོན་དུ་མ་ཐུགས་ལ་བཅང་སྟེ་དམ་པ་ཉིད་དགུང་གྲངས་བཅུ་བཞི་ཐམས་ཅད་འདུལ་ཞེས་པ་མེ་མོ་ཕག་སྟེ་སྤྱི་ལོ༢༠༠༧ལོའི་བོད་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་ཆེན་དབུ་འཛུགས་པའི་ཉིན་མོ་རྟེན་འབྲེལ་དང་བཅས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དངོས་ཞུགས་སློབ་མ་བྱས་ཏེ་དགེ་བའི་བཤེས་གཉེན་བྱམས་པའི་ཐུགས་རྒྱུད་རླན་ཞིང་བརྩེ་བས་སློབ་མའི་དོན་མི་འདོར་བ།  གདུལ་བྱ་འདུལ་བ་ལ་སྐྱོ་སུན་མེད་ཅིང་གསང་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ཆེན་གྱུར་བ་རྣམ་འབྱེད་ཀྱི་ཤེས་རབ་སྟོབས་ཀྱིས་བླང་དོར་ལ་མཁས་པ།  ཉེ་རིང་མེད་པའི་བཏང་སྙོམས་དང་ཚེ་འདི་ཡི་དོན་ལ་བརྩོན་པ་མ་ཡིན་ཞིང་རྙེད་བཀུར་སོགས་ལ་མི་རེ་བ།  གཞུང་ལུགས་གང་འཆད་ན་ཚིག་གསལ་ཞིང་དཔེ་ཡིས་མཚོན་ལ་མཁས་པ།  སྦྱངས་པའི་ཤུགས་དང་སྟོབས་རྫོགས་ཤིང་མྱོང་བའི་དོན་ཐོག་ཏུ་འཁེལ་བའི་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བཞུགས་པ་དག་གཙུག་གི་རྒྱན་དུ་བསྟེན་ཞིང་གསུང་གི་བཅུད་ལ་རིམ་བཞིན་རོལ།   ཕྱི་ཡི་ཀུན་སྤྱོད་དང་ནང་གི་ཀུན་སློང་གང་ཅིའི་ཐད་ནས་སློབ་གྲྭའི་སྒྲིག་ལམ་ཆེ་ཕྲ་ཀུན་ཀ་ཚུལ་བཞིན་བརྩི་སྲུང་མཛད་དེ་ཕྱགས་བདར་དང་།  ཇ་འདྲེན་ཇ་མ་མཆོད་གཡོག་དབུ་མཛད་བཅས་གྲྭ་སའི་ལུགས་བཞིན་འཛིན་གྲྭས་འཛིན་གྲྭ་དང་གདིང་བའི་གདིང་བདར་ཞེས་པའི་དཔེ་བཟང་པོ་ལས་མ་འདས། ལོ་དེའི་དབྱར་ཐོག་ཏུ་དམ་པ་མཆོག་གི་ཡོངས་འཛིན་ཤེས་བྱ་ཀུན་གྲགས་དང་མཉམ་དུ་དབུས་ལྷ་ལྡན་དུ་ཕེབས་ཏེ་རྗེ་བླ་མ་ཡོངས་འཛིན་སྨྲ་བའི་སེང་གེ་དཔོན་སློབ་བསྟན་འཛིན་རྣམ་དག་མཆོག་ཞབས་སོར་བོད་དུ་བཀོད་པ་དང་བསྟུན་ཏེ་མཇལ་ཁ་ཞུས།  སྐབས་དེར་ཡོངས་འཛིན་མཆོག་གིས་རྒྱ་འོབས་ནང་ཆེན་བླ་བྲང་གི་སྐྱེས་བུ་དམ་པ་འདི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་ཞུགས་པ་གསོན་ཚེ་ཐུགས་དགྱེས་ཚོར་ཆེན་པོ་གནང་སྟེ་ད་ནི་རྒྱ་འོབས་ཚང་ལ་བསྟན་འཛིན་གྱི་སྐྱེས་བུ་འཁྲུངས་པ་ཡིན་གསུངས་ནས་འབྱུང་འགྱུར་བསྟན་འགྲོའི་དོན་མཐར་ཕྱིན་པའི་ཐུགས་སྨོན་དང་ལེགས་གསོལ་གནད་སྨིན་མཛད།   ཡོངས་འཛིན་བླ་མའི་དྲུང་ནས་སྙན་བརྒྱུད་ཀྱི་གཞི་རང་ངོ་སྤྲོད་པ་གཅེར་མཐོང་ལྟ་བའི་ཁྲིད་ཀྱི་ཞལ་ཁྲིད་རྒྱས་པ་གསན་པའི་སྐལ་བ་ཐོབ།   ཞོར་དུ་བོན་སྒོ་མཐའ་ཡས་པའི་དཔེ་ལུང་དང་རྗེས་གནང་ཞུས།   མི་འགྱང་བར་རང་དགོན་དུ་ཞབས་སོར་བདེ་བར་འཁོད་དེ་སྔར་བཞིན་ཐོས་བསམ་ལ་བརྩོན་པར་གནང་ནས་བཞུགས།  སློབ་གྲྭའི་སྒྲིག་བཞིན་ཟླ༤ཚེས༢༠ཉིན་རྩ་རྒྱུགས་བརྡ་སྦྱོར་བློ་གསལ་མགུལ་རྒྱན་དང་།  ཟླ༥ཚེས༣ཉིན་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད།  ཟླ༩ཚེས༥ཉིནཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་བཅས་ངག་རྒྱུགས་ཕུལ།  ལོ་དེའི་ཟླ་བ ༡༠ ཚེས ༢ ཉིན་ཀུན་མཁྱེན་ཉི་མའི་བསྡུས་གྲྭ་ཤོང་ངོས ༢༣༢ ཅན་ཆ་ཚང་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་དང་དགེ་རྒན་རྣམ་པའི་མདུན་དུ་ངག་རྒྱུགས་ཆ་ཚང་འབུལ་ནས་སྒོ་འབྱེད་དུས་སུ་འབྲས་རྟགས་བླངས།

དགུང་གྲངས་བཅོ་ལྔ་པ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བ་སྟེ་སྤྱི་ལོ༢༠༠༨ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྒྲིག་བཞིན་ཉིན་གཅིག་གི་དུས་ཚོད་འཚོགས་ཐེངས་གཅིག་ཀྱང་མ་སྟོང་བའི་གཟེངས་བསྟོད་བོད་ཟླ ༩ ཚེས ༡༣ ཉིན་ཐོབ།  ལོ་མཇུག་ཏུ་དགེ་ལྡན་པའི་རིང་ལུགས་རྨ་མེད་པའི་འཛིན་པའི་ཀིརྟི་དགོན་ཆེན་དུ་འཇང་དགུན་ཆོས་འཚོགས་སྐབས་སུ་ཕེབས་ནས་ཚད་གསུམ་རིག་པའི་འཁོར་ལོ་རྒྱ་ཆེར་བསྐོར། 

དགུང་གྲངས་བཅུ་དྲུག་པ་འགལ་བ་ཞེས་པ་ས་མོ་གླང་སྟེ་སྤྱི་ལོ༢༠༠༩ལོར་སྟོན་པ་སངས་རྒྱས་ཀྱི་ཞལ་ནས།  འཆད་པས་མི་ནུབ་བསྟན་པའི་རྒྱལ་མཚན་འཛུགས།  །རྩོད་པའི་བསྟན་པའི་རུ་དར་མཁའ་ལ་ཕྱར།  །རྩོམ་པའི་བསྟན་པའི་སྒྲོན་མེ་ཡོངས་ལ་འདེགས།  །དེ་གསུམ་ཟུང་འབྲེལ་བསྟན་པའི་རྒྱལ་མཚན་ནོ།  །ཞེས་པའི་ལུང་དོན་ལ་ཐུགས་ཡང་ཡང་བརྣག་སྟེ་བརྩོན་པ་དྲག་པོའི་སྒོ་ནས་ཐོས་བསམ་བར་མེད་དུ་མཛད་ནས་ཟླ ༩ ཚེས ༥ ཉིན་དཔོན་སློབ་ཡོན་ཏན་རྒྱ་མཚོའི་རྟགས་རིགས་ཚད་མའི་དགོངས་རྒྱན་ཤོག་ངོས ༧༨ ཆ་ཚང་སློབ་གཙོ་དགེ་བཤེས་བསྟན་འཛིན་སྨོན་ལམ་དང་དགེ་རྒན་རྣམ་པའི་མདུན་དུ་ངག་རྒྱུགས་ཕུལ་བས་འབྲས་རྟགས་དང་ལོ་འཁོར་གཅིག་གི་སློབ་ཐུན་གཅིག་ཀྱང་མ་ཆད་པའི་གཟེངས་བསྟོད་ལེགས་སྐྱེས་བོད་ཟླ ༩ ཚེས ༡༣ ཉིན་ཐོབ།  

དགུང་གྲངས་བཅུ་བདུན་པ་རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་སྟེ་སྤྱི་ལོ༢༠༡༠ལོར་བོད་ཟླ༢ཚེས༡ཉིན་རྗེ་བླ་མ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་མཆོག་གིས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྨྲ་སེང་སྒྲུབ་པ་མཇུག་གྲུབ་པའི་བཀའ་དབང་ཟབ་མོ་གནང་བ་ཅི་བཞིན་ནོད།  ཟླ་བ་དེའི་མཇུག་ཏུ་རྒྱལ་ཚབ་མཆོག་གིས་ལོ་དེའི་སྔོན་འགྲོའི་དབང་དང་སྦྲེལ་ཏེ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཞི་ཁྲོའི་དབང་མཆོག་རྒྱས་བསྐུར་མཛད་པ་ཚུལ་བཞིན་ཞུས།   དེ་དག་གིས་མཚོན་པའི་མཚན་བརྗོད་པར་དཀའ་བ་ཡབ་རྗེ་ཉི་ཟླ་ཟུང་ངམ་དོན་གྱི་སླད་དུ་མཚན་ནས་སྨོས་ན་སྣང་སྟོན་རྒྱལ་བའི་དབང་པོ་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་དང་རིགས་བརྒྱའི་ཁྱབ་བདག་ཀུན་གྱི་ངོ་བོ་སྣང་སྟོན་བླ་མ་གསུམ་གྱི་རྒྱལ་ཚབ་རྗེ་འགྲོ་བའི་མགོན་པོ་ཐམས་ཅད་མཁྱེན་པ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་རྣམ་པ་གཉིས་ཀྱི་དྲུང་ནས་ཕྱི་ནང་གི་རྒྱུད་སྡེ་ཕལ་མོ་ཆེའི་སྨིན་བྱེད་ཀྱི་དབང་དང་།  གྲོལ་བྱེད་ཀྱི་ཁྲིད།  རྒྱབ་རྟེན་ལུང་བཅས་རེ་རེ་བཞིན་ཐོབ་གྲངས་འདི་ཡིག་ཚོགས་ལ་དོགས་ནས་མ་བཀོད།  ལོ་དེའི་དབྱར་འགོ་ཨ་ལགས་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་གཙོས་ཁྱུང་མོ་དགོན་འདུས་མང་ཡོངས་ཀྱིས་གདན་ཞུས་ངོར་ཡོངས་འཛིན་ཤེས་བྱ་ཀུན་གྲགས་མཆོག་དང་དབུ་མཛད་བསྟན་པའི་ཉི་མ་བཅས་དེར་ཕེབས་ཏེ་ཁྱུང་མོ་དགོན་དགོན་གྲོང་གཉིས་ལ་གདུགས་དཀར་བྱད་ཁྲོལ་གཏད་བཀྲོལ་གྱི་བཀའ་དབང་རྒྱས་པར་བསྐུར།  ཞོར་དུ་ཡུལ་དེའི་ཉེ་ཕྱོགས་སུ་མུ་ཟི་གསལ་བཟང་མི་ལོ་སྟོང་དང་བརྒྱད་བརྒྱར་འགོག་སྙོམས་བཞུགས་སའི་གནས་མཆོག་མདོ་སྨད་རྨ་རི་དེའུ་གསུམ་དུ་ཕེབས་ནས་ཞག་གཅིག་བཞུགས་པའི་ནུབ་མོར་བདུད་བྱ་སྐྱུངས་ཀ་ཁོང་རྣམ་གསུམ་གྱི་མདུན་དུ་བབས་ནས་བོན་གྱི་བསྟན་སྲུང་མི་བདུད་འབྱམས་པ་ཁྲག་མགོས་དགྱེས་པའི་ཆོ་འཕྲུལ་དུ་ཤེས་ནས་ཁོང་རྣམ་གསུམ་གྱིས་བདུད་ཀྱི་བསྐང་གསོལ་གསུང་།  ཕྱི་ཉིན་དེང་སང་བོད་ཀྱི་འདུལ་རྒྱུད་དྲི་མ་མེད་པ་འདི་མི་ལོ་སྟོང་དང་བརྒྱད་བརྒྱའི་རིང་དུ་མ་ཉམས་པ་གནས་སའི་གནས་བྱིན་ཅན་དུ་ཐུགས་ལ་བཏགས་ཏེ་འདུལ་བའི་གསོ་སྦྱོང་ཚར་གཅིག་གསུངས།  དེ་ནས་བོན་བརྒྱ་སྨན་རི་བཤད་སྒྲུབ་དགོན་དུ་ཕེབས་ནས་བོན་བརྒྱ་བླ་མ་གཙོས་ཕྱི་ནང་གི་རྟེན་བརྟེན་བཅས་མཇལ་ཁ་ཞུས་ཏེ་ཕྱིར་རང་གནས་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དུ་བདེ་བར་འབྱོར།  སྐབས་སུ་སོར་ཐར་འོག་མ་གསུམ་གྱི་སྡོམ་པ་ཐམས་ཅད་ཉམས་འོག་ཏུ་ཚུད་ནས་སྨིན་བརྟན་གྱི་ཚད་དུ་ཕྱིན་ཏེ་ལོ་དེའི་བོད་ཟླ ༦ ཚེས ༡༥ ཉིན་སྣང་སྟོན་གཡུང་དྲུང་བློ་གྲོས་ཐོགས་མེད་མཆོག་དང་།  ལོ་དེའི་སྣང་ཞིག་དགོན་ཆེན་གྱི་དགེ་བཤེས་ལས་ཐོག་རྣམ་པ།  དབུ་མཛད་སྐལ་བཟང་དར་རྒྱས་སོགས་དང་མཉམ་དུ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་གཙོས་མཁན་སློབ་བཞི་སྦྲག་གི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་རྣམས་རྫོགས་པར་མཛད་དེ།  གཡུང་དྲུང་ལས་དག་ལས།  གང་ཞིག་འོག་མའི་ཁྲིམས་རྣམས་ནར་འཕར་ན།  །འོག་མ་མ་སྤང་གོང་མར་རྒྱས་པ་ཚང་།  །གསུངས་པ་ལྟར་སོ་ཐར་གྱི་སྡོམ་པ་མཐར་ཐུག་པ་ཐོབ་སྟེ་མཚན་ལ་རྒྱ་འོབས་དྲང་སྲོང་ཚུལ་ཁྲིམས་ཤེས་རབ་འོད་འབར་ཞེས་གསོལ་བ་ནས་བཟུང་ངུར་སྨྲིག་འཛིན་པ་ཀུན་གྱི་གཙུག་རྒྱན་དུ་གྱུར།    དེ་ནས་རྒྱལ་ཚབ་རིན་པོ་ཆེའི་བཀའ་བཞིན་བོད་ཟླ་དྲུག་པའི་ཚེས་ཉེར་གསུམ་ནས་ཞག་བརྒྱའི་རིང་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྐུ་མཚམས་ལ་བཞུགས།  དེ་དག་གི་ཞོར་དུ་གཤེན་གྱི་དགེ་སྤྱོད་རྣམ་པའི་མདོ་ཚར་བརྒྱ་བཏོན།  ལོ་དེར་དམ་པ་ཁོང་དང་འཛིན་གྲྭ་ཡོངས་ཀྱི་སློབ་སྦྱོང་ལ་འབད་འབུངས་ནན་གྱིས་མཛད་སྟབས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་མ་བྱིངས་ནས་སུམ་འཛོམ་འཛིན་གྲྭ་ཨང་གཉིས་པ་ཁོང་གི་འཛིན་གྲྭ་ལ་ཐོབ། 

དགུང་གྲངས་བཅོ་བརྒྱད་པ་བོང་བུ་ཞེས་པ་ལྕགས་མོ་ཡོས་སྟེ་སྤྱི་ལོ༢༠༡༡ལོའི་ཟླ ༥ ཚེས ༣ ཉིན་སྟོན་པ་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་རྒྱུ་ཐེག་སྐོར་ཤོག་ངོས ༥༦ ཅན་དང་།  ཡང་ལོ་དེའི་ཟླ ༩ ཚེས ༣ཉིན་ཡོངས་འཛིན་ཐུ་བོ་དཔོན་སློབ་སངས་རྒྱས་བསྟན་འཛིན་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག་ག་པུར་ཐིགས་པ་ཤོག་ངོས ༢༨ ཅན་ཆ་ཚང་སློབ་གཙོ་དགེ་བའི་བཤེས་གཉེན་ཆེན་པོ་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ་དང་དགེ་རྒན་རྣམ་པའི་མདུན་དུ་ངག་རྒྱུགས་ཕུལ་བས་གཟེངས་བསྟོད་བོད་ཟླ ༩ ཚེས ༡༣ ཉིན་ཐོབ། 

དགུང་གྲངས་བཅུ་དགུ་པ་དགའ་བ་ཞེས་པ་ཆུ་ཕོ་འབྲུག་སྟེ་སྤྱི་ལོ༢༠༡༢ལོའི་བོད་ཟླ ༣ ཚེས ༦ཉིན་མདོ་ཕྱོགས་ནས་བདུན་ཕྲག་དམ་བཅའ་ཆེན་པོ་བཞུགས་ཏེ་དགེ་རྒན་རྣམ་པར་རིག་པའི་མཆོད་པ་དང་སློབ་གྲོགས་ཡོངས་ལ་གཞུང་ཆེན་དུ་མའི་གསང་བའི་གནད་བརྟོལ་ཏེ་རིག་པའི་རྩ་སྒོ་མང་དུ་ཕྱེས།   ལོ་དེའི་ཟླ ༨ཚེས ༥ཉིན་དཔོན་སློབ་སངས་རྒྱས་བསྟན་འཛིན་གྱི་ཁམས་ཆེན་མོ་བརྒྱད་དང་མཚོན་བྱེད་ཞེ་ལྔའི་རྣམ་བཞག་ཤོག་ངོས༢༨སློབ་གཙོ་དགེ་བའི་བཤེས་གཉེན་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ་དང་དགེ་རྒན་རྣམ་པའི་མདུན་དུ་ངག་རྒྱུགས་ཆ་ཚང་ཕུལ།   ཟླ་དེའི་ཚེས ༡༣ ཉིན་རྒྱལ་ཚབ་རིན་པོ་ཆེའི་ཐུགས་བཀོད་བཞིན་རྒྱ་འོབས་ལྷས་སྦྱིན་གྲགས་པས་གཟིགས་རྟོགས་མཛད་དེ་བཞེངས་བསྐྲུན་གནང་བའི་བཤད་སྒྲུབ་སློབ་གླིང་གི་འཛིན་ཁང་དང་དཔེ་མཛོད་ཁང་བཅས་ཐོག་བརྩེག་གཉིས་ཅན་གྲུབ་པའི་དགའ་སྟོན་གཡས་རུའི་འཆད་རྩོད་ཆེན་མོའི་རྩོད་རྒྱུགས་ཉིན་གཉིས་དང་།  བཤད་སྒྲུབ་སློབ་གླིང་དབུ་བརྙེས་པའི་སྒོ་འབྱེད་བཅས་སྦྲེལ་ནས་ཉིན་གསུམ་གྱི་རིང་དུ་སྤེལ།   ལོ་འདིའི་སུམ་འཛོམ་འཛིན་གྲྭའི་ཨང་དང་པོ་ཁོང་གི་འཛིན་གྲྭ་ལ་ཐོབ་སྟེ་ཀུན་གྱིས་བསྟོད་བསྔགས་དང་ཡི་རངས་གྲངས་མེད་བགྱིས།  སྐབས་སུ་རྒྱུད་ལས།  བླ་མ་ལྷ་ལྟར་བཀུར་བའི་བློ་ཡོད་ན།  །གདམས་ངག་སྙིང་ལྟར་འབྱིན་པའི་འདུན་པ་འབྱུང་།  །ཞེས་པ་ལྟར་འདི་ཡས་མར་དུ་རྗེ་བླ་མ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་མཆོག་གིས་མཆོག་སྤྲུལ་དམ་པ་འདི་བ་ཚང་ལ་ཕྱི་རྒྱུད་མདོ་ཕྱོགས་དང་ནང་རྒྱུད་སྔགས་ཕྱོགས་གསང་རྒྱུད་སེམས་ཕྱོགས་བཅས་བོན་སྒོ་མཐའ་ཡས་པ་བཀའ་གཏད་རྗེས་གནང་ཚུལ་བཞིན་མཛད།  ལྷག་པར་དུ་ཨ་རྫོགས་སྙན་གསུམ་གྱི་ཟབ་གདམས་མ་ལུས་པ་རྗེ་བླ་མའི་ཙི་ཏ་གསང་བའི་མཛོད་ཆེན་གྱི་སྒོ་ཡོངས་སུ་ཕྱེས་ཏེ་དམ་པ་ཉིད་ལ་ཐོག་བབ་དུ་གནངས། 

དགུང་གྲངས་ཉི་ཤུ་པ་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་སྟེ་སྤྱི་ལོ༢༠༡༣ལོའི་བོད་ཟླ༧ཚེས༢༣ ཉིན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ཡོངས་དང་ལྷན་དུ་བྱ་དུར་གནས་ཀྱི་ཉེ་འདབ་དགའ་མལ་དགོན་ཆེན་དུ་ཕེབས་ཏེ་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་བའི་གཡས་རུའི་འཆད་རྩོད་ཆེན་མོར་ཉིན་བདུན་གྱི་རིང་དུ་བཞུགས་ནས་འཆད་ཉན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་མཐར་ཚེས༣༠ ཉིན་དེར་ཕེབས་འདུས་པ་ཡོངས་སྣང་ཞིག་དགོན་ཆེན་གྱི་ལྷ་སྡེ་ཡོངས་ནས་ཆིབས་བསུ་དང་འདུས་མང་གིས་སེར་ཕྲེང་གིས་བསུས་ནས་ཞབས་སོར་བདེ་བར་འཁོད། ཟླ༡༠ཚེས༢༡ཉིན་རྗེ་རིན་པོ་ཆེའི་ས་ལམ་འཕྲུལ་གྱི་སྒྲོན་མེ་ངག་རྒྱུགས་ཕུལ།  ལོ་འདིའི་བོད་ཟླ༩ཚེས༢༠སྤྱི་ཟླ༡༡ཚེས༢༢ཉིན་རྗེ་བླ་མ་རྒྱལ་ཚབ་རིན་པོ་ཆེ་བསྟན་འཛིན་དབང་རྒྱལ་མཆོག་འདི་སྣང་སེམས་ཀྱི་ཆོ་འཕྲུལ་ཐམས་ཅད་གཞི་ལ་སངས་ཏེ་ཀ་དག་བདེ་ཆེན་གྱི་གྲོང་དུ་ཐུགས་མངོན་པར་གཏད།   རྗེ་བླ་མའི་དབོན་པོ་མཆོག་སྤྲུལ་ལྷས་སྦྱིན་གྲགས་པ་བསྟན་འཛིན་དང་དམ་པ་ཁོང་རྣམ་གཉིས་གཙོས་འབྲེལ་ཡོད་མི་སྣ་ཡོངས་ཀྱིས་དགོངས་རྫོགས་གནད་སྨིན་མཛད།

དགུང་གྲངས་ཉེར་གཅིག་པ་རྒྱལ་བ་ཞེས་པ་ཤིང་ཕོ་རྟ་སྟེ་སྤྱི་ལོ༢༠༡༤ལོར་མཁས་པ་ཡོན་གྱིས་མི་ངོམ་ཞེས་པའི་དཔེ་ལྟར་ཐོས་བསམ་ལ་བརྩོན་པ་ཤུགས་ཇེ་དྲག་ཏུ་བཏང་སྟེ་ཟླ༩ ཚེས༥ ཉིན་རྗེ་ཐམས་ཅད་མཁྱེན་པའི་ས་ལམ་རང་འགྲེལ་ཤོག་ངོས ༡༥༠ ཅན་ཆ་ཚང་སློབ་གཙོ་དགེ་བཤེས་གཡུང་དྲུང་བློ་གསལ་དང་དགེ་རྒན་རྣམ་པའི་མདུན་དུ་ངག་རྒྱུགས་ཕུལ།  འདི་ལོ་བཤད་སྒྲུབ་སློབ་གླིང་གི་སློབ་མའི་གྲས་ནས་མཚན་ཉིད་ཀྱི་ཁྲིད་སྐྱོར་ལོ་གཅིག་གི་རིང་དུ་མཛད།  འདི་ལོ་ནང་ཆེན་རྒྱ་འོབས་བླ་བྲང་དུ་རྒྱལ་ཚབ་རིན་པོ་ཆེའི་གསེར་གདུང་ཞིག་བཞེངས་བསྐྲུན་མཛད་པའི་གཟུངས་གཞུག་ཆ་ཚང་དམ་པ་ཁོང་གིས་གསེར་བྲིས་ཁོ་ན་བགྱིས་ནས་བཞུགས་སུ་གསོལ།    ཁྲི་ཀའི་ཁྱུང་མོ་དགོན་དུ་རྗེ་བླ་མ་རྒྱལ་ཚབ་ཐམས་ཅད་མཁྱེན་པའི་གདུང་རྟེན་གསེར་དངུལ་བཀྲ་མ་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་བྱུང་བའི་རབ་གནས་མཛད་སྒོའི་སྟེང་དུ་ཕེབས་ཏེ་གསེར་གདུང་རིན་པོ་ཆེ་འཁོར་བར་མ་སྟོང་གི་བར་དུ་འགྲོ་བའི་དོན་དུ་གནས་ཐུབ་པའི་ཐུགས་སྨོན་ཡང་དག་གནང་།  སྐབས་དེར་མདོ་ཕྲན་ལས།  འགྲོ་བ་དྲང་ཞིང་འཁོར་བ་སྟོང་མཛད་ཕྱིར།  །ལྐུགས་པ་ཁ་འབྱེད་འཕྲུལ་ངག་བདེན་པའི་བོན།  །ཀུན་ལ་སྟོན་ཅིང་མཛད་པ་སྣ་ཚོགས་པས།  །འགྲོ་དོན་མཛད་ཅིང་བསྐལ་པ་བཞུགས་སུ་གསོལ།  །ཞེས་བརྗོད་ཅིང་དམ་པ་ཉིད་ཁྱུང་མོ་དགོན་འདུས་མང་ཡོངས་ཀྱིས་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་དང་པོ་ལ་མངའ་གསོལ་མཛད་ནས་དད་ལྡན་ཁྲི་འབུམ་གྱི་སྣང་ངོར་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་དང་ཤིས་སྨོན་ཡང་ཡང་ཕུལ།    

དགུང་གྲངས་ཉེར་གཉིས་པ་མྱོས་བྱེད་ཅེས་པ་ཤིང་ལུག་སྟེ་སྤྱི་ལོ ༢༠༡༥ ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་སྨྲ་སེང་སྒྲུབ་ཆེན་སྐབས་སུ་འཛིན་གྲྭའི་གོ་རིམ་བཞིན་རང་ལ་བབ་པ་ཉིན་གསུམ་པའི་དབུ་མཛད་གནངས།  ལོ་དེའི་བོད་ཟླ༤ཚེས༥ཉིན་རྒྱལ་སྤྱིའི་ནང་བསྟན་སློབ་གླིང་གི་མཐོ་རིམ་སློབ་མ་ཚོར་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དུ་གྲྭ་སྐོར་ཕེབས་སྐབས་བཤད་སྒྲུབ་སློབ་གླིང་གི་སློབ་མའི་ཁྲོད་ནས་རིག་ལམ་པ་མི་གྲངས་ཉི་ཤུས་ཉིན་གསུམ་གྱི་རིང་དུ་རྩོད་པ་མཛད་སྐབས་དམ་པ་ཉིད་དེའི་གྲལ་དུ་ཕེབས་ནས་ལུང་རིག་གང་ཐད་ནས་རྩོད་སྒྲོས་སོགས་ལེགས་པའི་མཚན་སྙན་ཐོབ།  ཟླ༦ཚེས༢༢ཉིན་དབུ་མ་བདེན་གཉིས་ཀྱི་རྩ་བ་ངག་རྒྱུགས་ཕུལ།  ལོ་འདིར་རྗེ་རིན་པོ་ཆེའི་དབུ་མའི་འགྲེལ་ཤོག་ངོས༥༩ཅན་ཆ་ཚང་སློབ་གཙོ་དགེ་བཤེས་གཡུང་དྲུང་བློ་གསལ་དང་དགེ་རྒན་རྣམ་པའི་མདུན་དུ་ངག་རྒྱུགས་ཕུལ།  ལོ་དེའི་བོད་ཟླ ༨ ཚེས ༡ ཉིན་དཔལ་ལྡན་ས་སྐྱའི་ཆོས་རྒྱུད་འཛིན་པ་དྷཱི་ཕུ་དགོན་དུ་ས་པཎ་ལྔ་རིག་ཆོས་འཚོགས་ཆེན་མོའི་འཚོགས་སྐབས་སུ་དེར་རིག་སྨྲ་བ་བཅུ་ཕྲག་འགའ་དང་ལྷན་དུ་ཕེབས་ཏེ་ཉིན་བཅུ་གསུམ་ཙམ་བཞུགས་ཏེ་འཆད་ཉན་དང་རྩོད་སྒྲུབ་ཚུལ་བཞིན་མཛད།  ཚེས༡༤ཉིན་སྣང་ཞིག་དགོན་ཆེན་གྱི་གྲྭ་ཚང་ཡོངས་དང་བོན་གཞིས་ཤོག་ཀ་བདུན་བརྒྱས་རྗེ་བླ་མ་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་གསེར་གདུང་དབུས་ལྷ་ལྡན་ཞིང་ནས་གནས་འདིར་གདན་དྲང་པ་དང་མཉམ་དུ་ས་སྐྱའི་ཆོས་གྲྭར་ཕེབས་མཁན་དམ་པ་ཁོང་ཉིད་གཙོས་རིག་སྨྲ་བ་ཡོངས་སྣེ་ལེན་ཟབ་རྒྱས་མཛད།  གྲྭ་ཚང་གཞུང་གིས་བཞེངས་བསྐྲུན་གནང་བའི་རྒྱལ་ཚབ་རིན་པོ་ཆེའི་གསེར་གདུང་གི་གཟུངས་གཞུག་ཀྱང་རིན་པོ་ཆེ་རིགས་ཀྱི་ཁོང་གིས་ཕྱག་བྲིས་གང་མང་གནངས།  འདི་ལོར་སླར་བཤད་སྒྲུབ་སློབ་གླིང་གི་སློབ་མ་ཡོངས་ཀྱི་དབུས་ནས་སློབ་སྦྱོང་དང་།  སྒྲིག་ལམ་ཀུན་སྤྱོད་གང་ཐད་ནས་ཁོང་གི་འཛིན་གྲྭ་ཨང་དང་པོ་བདམ་ཐོན་བྱུང་ནས་ཟླ ༩ ཚེས ༡༣ ཉིན་གཟེངས་བསྟོད་བླངས། 

དགུང་གྲངས་ཉེར་གསུམ་པ་གདོང་ངན་ཞེས་པ་མེ་ཕོ་སྤྲེལ་ཏེ་སྤྱི་ལོ ༢༠༡༦ ལོའི་ཟླ༥ཚེས༡༡ཉིན་པེ་ཅིང་དུ་ནང་བསྟན་སློབ་གླིང་གི་མཐོ་རིམ་རྒྱུགས་སྤྲོད་སྐབས་མདོ་སྨད་སྣང་ཞིག་དགོན་ཆེན་ནས་རྩོད་པ་མི་བཅུ་གསུམ་དགོས་པའི་འབོད་བརྡ་ཐོན་ཚེ་བཤད་སྒྲུབ་སློབ་གླིང་གི་སློབ་མ་ཡོངས་ནས་འདེམས་གསེས་སྐབས་སུ་དམ་པ་ཁོང་ལ་འདེམས་གྲངས་བརྒྱ་དང་བཅུ་དྲུག་འདེམས་ཤོག་ཨང་བཞི་པ་ཐོབ།  མཆེད་གྲོགས་བསྟན་འཛིན་བློ་གསལ་འདེམས་གསེས་ཨང་དང་པོ་དང་དགེ་གྲོགས་ཀོ་ཚུལ་ཁྲིམས་དོན་ལྡན་ཨང་རིམ་དེ་དག་གི་གྲལ་དུ་འདེམས་གསེས་བྱུང་བའི་ཁོང་རྣམ་གསུམ་གཙོས་མི་བཅུ་གསུམ་པེ་ཅིང་དུ་ནང་བསྟན་སློབ་གླིང་དུ་ཕེབས་ནས་རྩོད་པ་གནངས།  ལོ་དེར་བརྩོན་པ་ཤུགས་དྲག་གིས་སློབ་སྦྱོང་གནང་སྟེ་ལོ་གཅིག་གི་རིང་དུ་སློབ་གྲྭའི་འཚོགས་ཐུན་གཅིག་ཀྱང་མ་ཆད་པའི་གཟེངས་བསྟོད་དང་སློབ་གྲྭ་བྱིངས་ནས་རིག་གནས་རྒྱུགས་འབྲས་ཀྱི་ཨང་དང་པོ་བླངས།  ལོ་འདིར་བཤད་སྒྲུབ་སློབ་གླིང་གི་སྒྲ་འཛིན་གྲྭའི་རིག་གནས་འཛིན་བདག་དགེ་རྒན་ལོ་གཅིག་གི་རིང་དུ་འགན་བཞེས།  འདི་ཡན་ཆད་དུ་གཞུང་ལུགས་ཕྱོགས་ཀྱི་བསྡུས་གྲྭ་དང་།  རྟགས་རིགས།  ཚད་འགྲེལ།  ཐེག་འགྲེལ།  མཚན་ཉིད་གསུམ།  མཚོན་བྱེད་ཞེ་ལྔ།  ས་ལམ་རང་འགྲེལ།  རྟེན་འབྲེལ།  བསམ་གཟུགས།  གང་ཟག་ཉི་ཤུ།  ཤེར་ཕྱིན་སྐབས་དང་པོ་ནས་བརྒྱད་པའི་བར།  དབུ་མ།  མཛོད་འགྲེལ།  འདུལ་བ་བཅས་སློབ་གྲྭའི་གཞུང་ཁྲིད་ཆ་ཚང་དང་།  དེ་དང་མཐུན་པའི་རིག་གནས་བྲིས་ཀྱི་རིགས་དང་།  མིང་གཞི།  སྦྱོར་ཚུལ་ཡི་གེའི་འཇུག་པ།  རྣམ་དབྱེ་འཕྲད་ཀྱི་སྦྱོར་བ།  སྙན་ངག  འབྱུང་རྩིས།  སྒྲ།  སྐར་རྩིས་བཅས་ཐུགས་ལ་བག་ཆགས་ཟབ་མོར་བཞག   སློབ་གྲྭའི་སྒྲིག་བཞིན་རྩ་རྒྱུགས་ལ་བརྡ་སྤྲོད་དང་།  ཐེག་རིམ།  ཚད་མ།  ས་ལམ།  དབུ་མ་བཅས་རྒྱུགས་ཡོངས་སུ་རྫོགས།  དེ་དག་གི་ཞོར་དུ་དམ་པ་ཁོང་གི་ཡོངས་འཛིན་དམ་པ་དགེ་བའི་བཤེས་གཉེན་དགེ་བཤེས་ཤེས་བྱ་ཀུན་གྲགས་མཆོག་གཙོས་མཁས་དབང་དགེ་རྒན་དུ་མའི་མདུན་ནས་སྔོན་བྱོན་མཁས་པ་མང་པོའི་གསུང་བཅུད་བཀའ་དང་བཀའ་བརྟེན་དུ་མའི་དཔེ་ཁྲིད་ཞུས་ཏེ་གཞུང་ལུགས་གང་ལའང་མི་འཇིགས་པའི་སྤོབས་པ་ཐོབ།  ལོ་དེའི་བོད་ཟླ ༩ ཚེས ༡༣ ཉིན་མདོ་ཡི་གཞུང་ལུགས་དག་ལ་སྦྱོང་པ་མཐར་སོན་ནས་ཁོང་གི་འཛིན་གྲྭ་ཡོངས་ཁྲིན་ཏུའུ་དང་ཧྲང་ཧེ་སོགས་བརྒྱུད་དེ་གཟིགས་སྐོར་ཕེབས་ནས་ཐུགས་ཡིད་ཚིམ་པར་མཛད།  ལོ་མཇུག་ཏུ་སྣང་སྟོན་རྒྱལ་བའི་དབང་པོ་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་དྲུང་ནས་ཨ་ཁྲིད་སྔོན་འགྲོའི་སྐོར་དང་རང་འཕོ་བཅས་སྦྱོང་པ་དཔྱིས་ཕྱིན་པར་མཛད། 

དགུང་གྲངས་ཉེར་བཞི་པ་གསེར་འཕྱང་ཞེས་པ་མེ་མོ་བྱ་སྟེ་སྤྱི་ལོ༢༠༡༧ལོར་དམ་པ་ཉིད་ཀྱི་ཡོངས་འཛིན་མཆོག་གི་མ་ཡུམ་འདས་གྲོང་སོང་བས་ཞེ་དགུ་དགོངས་རྫོགས་ཀུན་རིག་ལས་བཞི་རྒྱུན་ལྔའི་དབུ་བཞུགས་ཕེབས་དེ་མེ་སྤར་སོགས་མཛད་ནས་དགེ་རྩ་རྫོགས་བྱང་དུ་བསྔོས།  ལོ་དེར་བཤད་སྒྲུབ་སློབ་གླིང་གི་སློབ་ཐུན་གཅིག་ཀྱང་མ་ཆད་དེ་སློབ་གཉེར་ལ་བརྩོན་པའི་འབྲས་བཟང་དུ་སྟོན་པའི་ཐེག་འགྲེལ་ལས་འབྲས་ཐེག་ཤོག་ངོས༤༩ཅན་ཆ་ཚང་སློབ་གཙོ་དགེ་བཤེས་རྫ་ཚེ་དབང་བསྟན་འཛིན་དང་དགེ་རྒན་རྣམ་པའི་མདུན་དུ་ངག་རྒྱུགས་ཕུལ།  རིག་གནས་རྒྱུགས་འབྲས་ཀྱི་སྐབས་སུ་དཀྱིལ་འཁོར་འཛིན་གྲྭའི་ཨང་དང་པོ་ཁོང་གིས་བླངས།  སྐྱབས་མགོན་རིན་པོ་ཆེའི་ཞལ་ཁྲིད་བཞིན་བོད་ཟླ༤ཚེས༡༣ནས་སེམས་སྦྱོང་བདུན་ཕྲག་གཅིག་གི་རིང་དུ་ཨ་གཏད་ཀྱི་གདམས་པ་ཟབ་མོ་ཉམས་སུ་བླངས།  བོད་ཟླ༤ཚེས༢༩དང༣༠ཉིན་གཉིས་རིང་དུ་རྔ་སྟོད་རྩི་ནང་དགོན་དུ་ཇོ་ནང་ངེས་གསང་ཤམ་བྷ་ལའི་གཞན་སྟོང་དབུ་མའི་བགྲོ་གླེང་ཁར་ཕེབས་ནས་ལུང་དང་རིག་པའི་རྩོད་སྒྲུབ་ཡང་དག་གནང་།  བོད་ཟླ༦ཚེས༡༣ནས་སྨ་བར་བཅད་དེ་ངག་མཚམས་ལ་བདུན་ཕྲག་གཅིག་རིང་དུ་བཞུགས།  ལོ་དེའི་དགུན་ངོར་ཟླ་བ་གཅིག་གི་རིང་དུ་རྩ་རླུང་ཉམས་སུ་བླངས་ཏེ་རྩ་མཆོག་དབུ་མ་ནང་ནས་བྱང་སེམས་ཐིག་ལེ་དབབ་ལྡོག་ལ་ཚུལ་བཞིན་བརྟེན་པས་རྟོགས་པའི་དྲོད་ཚད་ནང་ནས་བརྡོལ།

 དགུང་གྲངས་ཉེར་ལྔ་པ་རྣམ་འཕྱང་ཞེས་པ་ས་ཕོ་ཁྱི་སྟེ་སྤྱི་ལོ༢༠༡༨ལོར་བོད་ཟླ ༤ཚེས༡༣ནས་བདུན་ཕྲག་གཅིག་གི་རིང་དུ་སྐྱབས་མགོན་མཆོག་གིས་ཞལ་ཁྲིད་བཞིན་གཞན་འཕོ་སྦྱངས་ཏེ་རྟགས་ཐོན་པར་མཛད།  སྤྱི་ཟླ༧ཚེས༨ཉིན་སྐུ་མཆེད་བྱ་འཕུར་ཤེས་རབ་བློ་གྲོས་སོགས་དང་འགྲོགས་ཏེ་དབུས་ལྷ་ལྡན་ཞིང་དུ་ཕེབས་ནས་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་དཔོན་སློབ་འཕྲིན་ལས་ཉི་མ་མཆོག་དགོང་མོ་དུས་ཚོད་དྲུག་ནས་བདུན་བར་གསུང་གླེང་ཞིབ་མོའི་སྒོ་ནས་མཇལ།  ཚེས༩ཉིན་ཞོགས་ཀ་ཁོང་གི་མདུན་ནས་ཞི་བ་ཨ་གསལ་གྱི་ལུང་ཞུས།  དེ་བསྟུན་དཔོན་སློབ་མཆོག་གིས་སློབ་སྦྱོང་ལ་འབད་འབུངས་དགོས་ཚུལ་དང་བསྟན་དོན་ལ་སྨིན་པའི་མཛད་པ་སྐྱོང་ཚུལ་བཅས་ཀྱི་གདམས་དོན་མང་དུ་བསྩལ།  དཔོན་སློབ་མཆོག་ནས་ཁྲི་འཛིན་སོ་གསུམ་པའི་གདུང་རུས་དང་ཁོང་ཉིད་ཀྱི་ན་བཟའ་རྨད་འོག་བཅས་རྟེན་སྐལ་དུ་གནང་།  དེ་བསྟུན་སྐུ་མཆེད་བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན་དང་མཇལ་འཕྲད་ལེགས་པར་བྱུང་།  ཟླ་དེའི་ཚེས༡༦ནས་མདོ་སྨད་ཟིང་ཆུའི་ཕྱོགས་སུ་མཐོ་རིམ་དགེ་རྒན་གྱི་རྒྱུགས་སྤྲོད་ཁར་ཉིན་གསུམ་གྱི་རིང་དུ་བཀའ་པོད་རྣམ་ལྔའི་རྩོད་པ་དང་དམ་བཅའ་བཅས་རེ་རེ་བཞིན་རྒྱུགས་འབུལ་བྱས། བོད་ཟླ༧ཚེས༢༩ནས་སྐར་མ་རྀ་ཥི་འཆར་བ་དང་བསྟུན་ཏེ་ཨ་རུ་བཅུད་ལེན་བཞུགས་ཏེ་བདུན་ཕྲག་གཅིག་གི་རིང་དུ་ཏིང་འཛིན་ཟས་ཀྱི་འཚོ་བར་གནས།  བོད་ཟླ༨ཚེས༡༠ནས་བདུན་ཕྲག་གཅིག་གི་རིང་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་སྣང་ཞིག་དགོན་ཆེན་དུ་འཚོགས་པ་དེར་ཞུགས་ཏེ་དགག་སྒྲུབ་གནང་སྟེ་རིག་པའི་རྩལ་བཏོན།  ལོ་གཅིག་གི་རིང་དུ་སློབ་གྲྭའི་སློབ་ཐུན་གཅིག་ཀྱང་མ་ཆད་ནས་འབད་འབུངས་ཧུར་ཐག་གནང་།  བོད་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་ཁུ་བོ་བྱ་འཕུར་བླ་མ་ཀུན་བཟང་རྒྱལ་མཚན་དང་ཁོང་ཅག་སྐུ་འཁོར་ཁྲིན་ཏུའུར་ཕེབས་ཏེ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་སླར་ཡང་ཞལ་མཇལ་ཞུས།  དེ་དང་ལྷན་དུ་ཕྱི་གླིང་ན་བོན་བསྟན་གྱི་མཛད་འཕྲིན་རྒྱ་ཆེར་སྐྱོང་བའི་དམ་པ་མཆོག་གི་ཁུ་བོ་བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་མཆོག་དང་མཇལ་འཕྲད་གནང་།  དགུན་ངོར་སྐྱབས་མགོན་བླ་མའི་ཞལ་ཁྲིད་བཞིན་མུན་ཁྲིད་ཨ་གཏད་ཀྱི་ཉམས་ལེན་ལ་ཞེ་དགུ་གཅིག་གི་རིང་དུ་བཞུགས་སྐབས་ངོ་མཚར་སྣང་བཞིའི་ལྟད་མོ་མཐའ་དག་གཟིགས་མཐར་སྣང་བཞི་ཟད་སར་ཕྱིན། 

དགུང་གྲངས་ཉེར་དྲུག་པ་སྒྱུར་བྱེད་ཅེས་པ་ས་མོ་ཕག་སྟེ་སྤྱི་ལོ༢༠༡༩ལོར་སྣང་སྟོན་ནམ་མཁའ་བློ་གྲོས་ཀྱི་ཞལ་ནས།  གངས་རིའི་མུ་ཁྱུད་ཟླུམ་པོར་འཁྱིལ་བའི་ལྗོངས།  །བཤད་སྒྲུབ་གཞུང་ལུགས་ཆུ་ཀླུང་འབུམ་འཁྱིལ་བར།  །མཁས་གྲུབ་གདེངས་ཅན་ཚོགས་ཀྱིས་རྟག་རོལ་བའི། །ལེགས་བཤད་བདུད་རྩི་བཅུད་བསྡུས་ཕྱྭ་གཡང་སྩོལ།  །ཅེས་སྨོན་པའི་འབྲས་བུ་མངོན་དུ་སྨིན་ནས་བོད་ཟླ༢ཚེས༡༥ཉིན་ལོ་ངོ་བཅུ་གསུམ་རིང་དུ་བཤད་སྒྲུབ་སློབ་གླིང་དུ་ཞུགས་ནས་སློབ་གཉེར་ལེགས་མཐར་ཕྱིན་ལ་ཉེ་བས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཕྱག་མདུད་གནང་ནས་བཀའ་རམས་པའི་མཚན་གསོལ། བོད་ཟླ༣ཚེས༤ནས༥བར་མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག་གི་སྐུ་གདུང་ཞུགས་བཞེན་སྐབས་སུ་ཉིན་གཉིས་ཀྱི་རིང་དུ་སྦྱིན་སྲེགས་ཀྱི་དབུ་བཞུགས་ཕེབས། སྤྱི་ལོ༢༠༡༦ནས༢༠༡༩བར་ལོ་གསུམ་གྱི་རིང་དུ་སྟོན་པའི་ཐེག་འགྲེལ་ལས་འབྲས་ཐེག་སྔགས་རྫོགས་ཀྱི་སྐོར་དང་།  ཡོངས་འཛིན་རིན་པོ་ཆེའི་གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད།  མ་རྒྱུད་སངས་རྒྱས་རྒྱུད་གསུམ།  སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི། ངེས་དོན་ནམ་མཁའ་འཕྲུལ་མཛོད། དེ་བཞིན་སྐྱབས་མགོན་རིན་པོ་ཆེའི་དྲུང་ནས་གོང་སྨོས་བཞིན་སྔོན་འགྲོའི་སྐོར་དང་།  རང་གཞན་གྱི་འཕོ་བའི་སྐོར།  ངག་མཚམས།  རྩ་རླུང་།  བཅུད་ལེན།  མུན་མཚམས།  དེ་དག་གི་ཞོར་དུ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ།  ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་སོགས་ཚེ་གཅིག་འཇའ་ལུས་གྲུབ་པའི་གདམས་པ་ཨ་སྙན་རྫོགས་གསུམ་གྱི་མན་ངག་མང་དུ་གསན། སྤྱི་ཟླ༨ཚེས༢༨ཉིན་སྲིད་པའི་མཛོད་ཕུགས་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་དང་འདུལ་བ་མདོར་བསྡུས་ཀྱི་གཞུང་གི་ངག་རྒྱུགས་ཕུལ།  སྤྱི་ཟླ༡༠ཚེས༢ཉིན་གསང་དོན་རྣམ་འབྱེད་དང་ཚེས་༣་ཉིན་རྫོགས་པ་ཆེན་པོ་སྙན་བརྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་མཛོད་གཉིས་ངག་རྒྱུགས་ཕུལ་ནས་རྩ་རྒྱུགས་ཡོངས་སུ་མཇུག་རྫོགས་ནས་དགེ་རྒན་རྣམ་པ་ཐུགས་དགྱེས་པར་མཛད། སྤྱི་ལོ༢༠༡༩ལོའི་ཟླ༩ཚེས༢༦ཉིན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཐར་ཕྱིན་སློབ་མའི་དཔྱད་རྩོམ་བགྲོ་གླེང་སྐབས་སུ་དམ་པ་མཆོག་གི་མཐར་ཕྱིན་དཔྱད་རྩོམ《ཕྱི་ནང་གི་ལྟ་བའི་གཏིང་སློག་པ》ཞེས་པ་སྒྲོག་བྱང་མཛད།   བོད་ཟླ༩ཚེས༡༣ཉིན་སློབ་གྲྭའི་སྒྲིག་བཞིན་གཞུང་རྩའི་རྒྱུགས་ཚང་མ་རྫོགས་ནས་སློབ་གཙོ་དགེ་བཤེས་རྫ་ཚེ་དབང་བསྟན་འཛིན་མཆོག་གིས་གཞུང་རྒྱུགས་རྫོགས་པའི་ཕྱག་རྟགས་གནངས།  སྤྱི་དམ་པ་ཁོང་ནི་སློབ་གྲྭའི་སྒྲིག་བཞིན་ལོ་ངོ་བཅུ་གསུམ་གྱི་ལོ་མཐར་ཕྱིན་པ་དང་།  གཞུང་ཆེན་དགུའི་རྩ་རྒྱུགས་མཐར་ཕྱིན།  འབད་བརྩོན་དྲག་པོས་སློབ་སྦྱོང་མཐར་ཕྱིན་བཅས་མཐར་ཆེན་པོ་གསུམ་ཕྱིན་པ་ཡིན།  ལོ་ངོ་བཅུ་གསུམ་རིང་དུ་སློབ་གཙོ་དགེ་བཤེས་རྫ་ཚེ་དབང་བསྟན་འཛིན་དང་སློབ་གཙོ་གཞོན་པ་ཡོངས་འཛིན་ཤེས་བྱ་ཀུན་གྲགས་རྣམ་གཉིས་གཙོས་སྔ་ཕྱི་དུ་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་གི་དྲུང་ནས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྒྲིག་བཞིན་མདོ་སྔགས་གཞུང་ལུགས་ཟབ་མོའི་ཁྲིད་དང་ཐུན་མོང་རིག་གནས་བཅུ་ཡི་རྣམ་བཞག་དང་ལག་ལེན་ལེགས་པར་སློབ་མཐར་ཕྱིན་པའི་ཕྱག་འཁྱེར་བསྩལ།  རྫོགས་ཆེན་སྐུ་གསུམ་རང་ཤར་ལས།  སེམས་ཅན་རྣམས་ནི་སྤྱི་ཡི་མཆེད།  །གསང་སྔགས་སྒོར་ཞུགས་རིང་བ་དང་།  །ལྟ་སྤྱོད་མཐུན་པ་ཉེ་བའི་གྲོགས།  །བླ་མ་གཅིག་པ་འདྲེས་པ་སྟེ།  །ཞེས་གསུངས་པ་ལྟར་སྤྱི་ཐུགས་གཤིས་བྱམས་སེམས་ཀྱིས་སླད་པས་རིས་མེད་འགྲོ་བ་མཐའ་དག་ཐུགས་བརྩེས་ཟིན་པ་སྨོས་མེད་ལགས།  དེ་དག་ལས་ཐུགས་ཡིད་གཅིག་ཏུ་འདྲེས་པའི་ཚ་ལུང་མཆོག་སྤྲུལ་ཕུན་ཚོགས་རྣམ་རྒྱལ་རིན་པོ་ཆེ་མཆོག་དང་།  ལྷག་པར་དུ་གསང་གསུམ་གདམས་པའི་གཏེར་མཛོད་མདོ་སྔགས་རིག་པའི་པཎྚི་ཏ་ཡོངས་འཛིན་ཤེས་བྱ་ཀུན་གྲགས་མཆོག་གིས་ལོ་དུ་མའི་རིང་དུ་ཐུགས་བརྩེ་བ་ཆེན་མོའི་རྗེས་སུ་བཟུང་སྟེ་གདམས་དོན་གྱི་རྒྱུད་སྨིན་པའི་དམ་པ་མཆོག་གི་གཡུང་དྲུང་མཆེད་གྲོགས་ཉག་རོང་དཔལ་ལྡན་ཡེ་ཤེས་དགོན་གྱི་མཆོག་སྤྲུལ་ཁྱུང་པོ་ཤེས་རབ་བསྟན་འཛིན།  མཆོག་སྤྲུལ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱི་ཡང་སྤྲུལ་དྲི་མེད་འོད་ཟེར།  གོང་རྒྱལ་དགོན་གྱི་མཆོག་སྤྲུལ་ཉི་མ་རྒྱལ་མཚན།  དཔལ་ཡུལ་ཞུ་ཁ་རག་བླ་བྲང་གི་བཤད་སྒྲུབ་བསྟན་འཛིན།  ཛ་རོང་སྤྲུལ་སྐུ་ཤེས་རབ་བསམ་གཏན།  རྒྱལ་རོང་གཤེན་བཙུན་ཤེས་རབ་རྒྱལ།  སྤྲུལ་བའི་སྐུ་མཆོག་དབང་ཕྱུག་བཅས་མ་ཟད་གྲྭ་བཙུན་དཀོན་མཆོག་བསྟན་པ།  ཀོ་ཚང་དགེ་བཤེས་ཚུལ་ཁྲིམས་དོན་ལྡན།  མི་ནུབ་དགེ་བཤེས་བསྟན་འཛིན་བློ་གསལ།  སྨན་པ་ཚང་དགེ་བཤེས་གཡུང་དྲུང་།  ཁང་གསར་བསོད་ནམས་གཡུང་དྲུང་།  བབ་བཟོ་བཀྲ་ཤིས་དར་རྒྱས།  ལྟག་གོང་ཚེ་རིང་རྣམ་རྒྱལ།  ཐང་སྐོར་ཚེ་རིང་ཐར།  ཉི་མ་འོད་ཟེར།  ལྷ་མཆོག  ཐུགས་རྗེ་སྐྱབས།  བློ་གྲོས་ཟླ་བ།  རྟ་འགྲིན་ཚེ་རིང་།  ཙུར་སྣང་ཞིག་སྐྱབས།  རྩེ་ཞིག་དོན་འགྲུབ།  ཚེ་རིང་ནོར་བུ།  ཤེར་པོ།  ཉག་རོང་ཚུལ་ཁྲིམས།  རྒྱ་རོང་ཚུལ་ཁྲིམས་རྣམ་དག  ལི་ཐང་ཚུལ་ཁྲིམས།  བློ་གྲོས་གཙུག་ཕུད།  དབང་དྲག  ཉི་མ་ཚུལ་ཁྲིམས།  བསོད་ནམས་ཉི་མ།  བཀྲ་ཤིས་ཉི་མ།  ཐར་བའི་ཨ་བསྟན།  ཤེས་རབ་ཉི་མ།  སྐྱ་བསོད།  མཱ་འགབ་གཡུང་དྲུང་།  མཛོད་དགེའི་འོད་ཟླ།  ནག་ཆུ་གཡུང་དྲུང་།  དཔལ་འཛིན།  དོན་ཀོ    ཚེ་རྒྱལ་བཅས་ཡུན་དུ་འགྲོགས་པ་མ་ཟད་དེ་དག་ལས་གོང་གི་མཆོག་སྤྲུལ་རྣམ་པ་གཙོས་གཞོན་གྲས་མང་ཤས་ལ་དམ་པ་ཉིད་ཀྱི་ཕྱག་བྲིས་གཙོས་རིག་གནས་སྐོར་དང་།  མཚན་ཉིད་སྐོར་སོགས་ཀྱི་དཔེ་ཁྲིད་དང་སློབ་སྟོན་གྱི་བཀའ་དྲིན་རྒྱ་ཆེར་བསྐྱངས།  ཐོས་བསམ་སློབ་གཉེར་གྱི་སྐབས་སུ་བརྩོན་འགྲུས་དང་ཤེས་རབ་གང་ཐད་ནས་འབུར་དུ་ཐོན་པའི་མཛད་པ་ཅན་ཡིན་ཏེ་ངག་རྒྱུགས་གཞུང་ཆེ་ཆུང་བརྒྱད་ལ་ཤོག་གྲངས་བརྒྱ་ཕྲག་དྲུག་དང་བཅུ་ཕྲག་བརྒྱད་ཁྲིགས་སེ་དགེ་རྒན་རྣམ་པའི་མདུན་དུ་འབུལ་ཡོད།  རྩ་འགྲེལ་གཉིས་ཀ་བསྡོམ་ན་ཤོག་གྲངས་བརྒྱད་བརྒྱ་ལས་བརྒལ་བ་ཞིག་བློ་འཛིན་གནང་བས་ཐོས་བསམ་པའི་མིག་དཔེར་གྱུར།  སྔ་སྲོལ་ལྟར་བཀའ་རམས་པ་རྣམ་པ་འཚོགས་ཆེན་དཔོན་སློབ་མདུན་ནས་ལོ་གཅིག་གི་རིང་དུ་དཔེ་ཁྲིད་དགོས་པའི་སྲོལ་བཞིན་དཔོན་སློབ་གཡུང་དྲུང་བློ་གསལ་མདུན་དུ་ཕེབས་ནས་ཁྲིད་ལ་གསན།  བོད་ཟླ༡༢ཚེས༡༣ནས༡༥བར་ཉིན་གསུམ་གྱི་རིང་དུ་མདོ་ཡི་དམ་བཅའ་ཆེན་མོར་ཉིན་དང་པོར་བསྡུད་རྟགས་ཚད་གསུམ།  ཉིན་གཉིས་པར་ཐེག་ས་ཕར་གསུམ།  ཉིན་གསུམ་པར་མཛོད་འདུལ་དབུ་གསུམ་བཅས་ཀྱི་དམ་བཅའ་བཞུགས། 

དགུང་གྲངས་ཉེར་བདུན་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བ་སྟེ་སྤྱི་ལོ༢༠༢༠ལོའི་བོད་ཟླ༡ཚེས༥ཉིན་རྗེ་མཉམ་མེད་བླ་མའི་འཁྲུངས་ཚེས་དང་འབྲེལ་ནས་ལོ་ངོ་བཅུ་བཞིའི་རིང་གི་སྦྱང་འབྲས་མངོན་དུ་ཕྱུང་སྟེ་མཚན་ཕུད་དམ་བཅའ་ཆེན་མོར་ཏེ་སྔགས་རྒྱུད་སྡེ་བཞི་དང་།  རྫོགས་ཆེན་གཞུང་བཞིའི་མཚོན་པའི་ཟབ་མོ་གཞུང་ལུགས་དུ་མའི་བཀའ་གནད་གནམ་ལྕགས་ཐ་རམ་མཁས་མང་འདུས་པ་རྒྱ་མཚོའི་དབུས་ནས་བཀྲོལ་འཆར་དང་།  ཚེས༧ཉིན་བཀའ་ཆེན་བཀའ་ཆུང་རིམ་པར་བཞིན་སེར་ཕྲེང་གིས་སྣ་དྲངས་ཏེ་འཚོགས་ཆེན་གྱི་དབུས་ནས་ཤིས་སྨོན་བརྗོད་ཅིང་མེ་ཏོག་དང་ཤིང་ཏོག་གི་མཆོད་པ་རྒྱ་ཆེ་འབུལ་རྒྱུ།  ཚེས༡༥སྟོན་པའི་འཁྲུངས་ཚེས་དང་འབྲེལ་ནས་མཚན་ཕྱེད་དམ་བཅའ་སྐབས་ལོ་ཕྱི་མའི་བཀའ་རམས་པ་རྣམས་ལ་རྟགས་གསལ་གཏོང་སྟེ་ལུང་རིག་རྣམ་དག་གིས་བསྒྲུབ་བྱེད་གྲ་རྒྱས་བཅས་ཀྱི་འཆར་གཞི་བརྟན་པོར་གནང་ཟིན་ནའང་འཛམ་གླིང་ཤར་ནུབ་གང་སར་ནད་ཡམས་ཀྱིས་ཁྱབ་སྟེ་ཏང་གིས་བཀག་བསྡོམ་གནང་འོག་ཟླ་བ་འགར་ཕྱི་འགྱང་བྱས།  བོད་ཟླ༧ཚེས༢༦ནས༢༧བར་ཉིན་གཉིས་ཀྱི་རིང་དུ་དགེ་བཤེས་མཛད་སྒོའི་དམ་བཅའ་བཞུགས་ཏེ་ལུང་རིགས་མགྲིན་པའི་སྒོ་མོ་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་ཕྱེས།   ཚེས༢༨ཉིན་བཀྲ་ཤིས་ཚིག་བཀྲས་མཇུག་གྲོལ་ནས་འཚོགས་ཆེན་འདུ་ཁང་མདུན་ནས་ནང་ཆེན་རྒྱ་འོབས་བླ་བྲང་བར་དུ་བླ་གྲྭས་སེར་ཕྲེང་དང་དད་ལྡན་མི་མང་ཡོངས་ཀྱིས་ལྷ་རེག་དང་མེ་ཏོག་བསྣམས་ཏེ་སྐལ་བ་བཟང་ཞེས་བརྗོད་ནས་བསུ་སྐྱེལ་ཞུས།  དེ་ནས་ནང་ཆེན་རྒྱ་འོབས་བླ་བྲང་དུ་འབྲེལ་ཡོད་སེར་སྐྱ་དུ་མ་འདུ་འཛོམ་གྲ་རྒྱས་བྱུང་སྟེ་དགེ་བཤེས་མཛད་སྒོའི་དགའ་སྟོན་ཡོ་ལོང་རབ་ཏུ་རྒྱས།  རབ་བྱུང༡༧དངོས་པོ་ཞེས་པ་ཤིང་ཕོ་ཁྱི་སྟེ་སྤྱི་ལོ༡༩༩༤ལོར་སྐུ་འཁྲུངས་པ་ནས་བཟུང་བསྒྱུར་བྱེད་ཅེས་པ་ས་མོ་ཕག་སྟེ་སྤྱི་ལོ༢༠༢༠ལོའི་བོད་ཟླ༢ཡན་གྱི་དགུང་གྲངས་ཉེར་བདུན་གྱི་མཛད་པ་རགས་ཙམ་བརྗོད་ཟིན་ཀྱང་འབྱུང་འགྱུར་ལོ་ཟླའི་འཁོར་འགྲོས་མ་འཛོལ་བ་དམ་པ་མཆོག་གི་མཛད་པའི་འཕྲིན་ལས་རྣམ་བཞི་རྗེས་འཇུག་གདུལ་བྱའི་ཉམས་ལེན་ལ་ཕན་ཁ་ཆེ་བས་མུ་ནས་འགོད་དགོས་པའི་རེ་འདུན་དང་བཅས་རེ་ཞིག་འཇོག་གོ    ཁྱད་པར་དུ་དགུང་གྲངས་བདུན་ནས་ཉེར་བདུན་བར་མི་ལོ་ཉི་ཤུའི་རིང་དུ་ཡོངས་འཛིན་དམ་པ་དགེ་བཤེས་ཤེས་བྱ་ཀུན་གྲགས་མཆོག་གི་སྐུ་གམ་ལས་མ་འདས་པར་གཏན་བཞུགས་མཛད་དེ།  ལེགས་བཤད་ལམ་རིམ་ལས།  ཆུ་བོ་ཆེན་པོ་བསྟེན་བྱས་ན།  །སྐོམ་པའི་གདུང་བ་སེལ་བཞིན་དུ།  །བླ་མ་དམ་པ་བསྟེན་བྱས་ན།  །གདམས་ངག་འདོད་པའི་གདུང་བ་སེལ།  །ཞེས་དང་།  སྐྱེས་བུ་དམ་པ་ཡོན་ཏན་མཛོད།  །དད་ལྡན་བློ་གསལ་དེ་ལ་འཁོར།  །ཞེས་གསུངས་པ་ལུང་དོན་ཐུགས་ལ་ནན་དུ་བཟུང་སྟེ་ཡོངས་འཛིན་དམ་པ་མཆོག་གི་དྲུང་ནས་སྔ་ཕྱི་དུ་གཞུང་ཆེན་ཁག་གི་དཔེ་ཁྲིད་བསྡུས་གྲྭ་དང་།  རྟགས་རིགས།  ཚད་འགྲེལ།  ཐེག་འགྲེལ།  མཚན་ཉིད་གསུམ་གྱི་རྣམ་བཞག  ཕར་ཕྱིན་ཡན་ལག་བཞི།  ས་ལམ་རང་འགྲེལ།  ཕར་ཕྱིན་སྐོར།  དབུ་མའི་སྐོར།  མཛོད་འདུལ་སྐོར།  བཀའ་འགྲེལ་གསལ་བྱེད།  གསང་བ་བསེན་ཐུབ་ཀྱི་འགྲེལ་ཡིད་བཞིན་རྣམ་པ་བཀོད་པའི་རྒྱན།  མ་རྒྱུད་སངས་རྒྱས་རྒྱུད་གསུམ།  ངེས་དོན་ནམ་མཁའ་འཕྲུལ་མཛོད།  སྙན་བརྒྱུད་བཀའ་རྒྱུད་སྐོར་བཞི།  ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་སོགས་ཀྱི་གདམས་དོན་ལྷག་ལུས་མེད་པར་ཐུགས་རྒྱུད་ལ་བླངས།  དེ་དག་སྐབས་སུ་སྙན་བརྒྱུད་ལས།  རབ་ཀྱིས་འཁོར་གསུམ་སྤོང་དག་བྱ།  །ཞེས་གསུངས་པ་ལྟར་སྒོ་གསུམ་བླ་མའི་བྲན་དུ་བཀོལ་ཏེ་ཅི་གསུང་དང་དུ་བླངས་ནས་བླ་མའི་ཐུགས་བཟུང་བ་ལ་རབ་ཤེས་རབ་དང་།  འབྲིང་སྤྱོད་ལམ།  ཐ་མ་ཟང་ཟིང་གིས་ཐུགས་བཟུང་བ་གསུམ་ལས་རབ་འབྲིང་གིས་ཐུགས་ཟིན་པར་མཛད། 

མཚན་ལྡན་བཤེས་གཉེན་སྤྱི་བོའི་གཙུག་ཏུ་བསྙེན།།
ཐོས་དོན་ཟབ་གདམས་མགྲིན་པའི་ཀློང་ནས་གཤར།།
ཉམས་ཀྱི་མན་ངག་ཙི་ཏའི་གུར་ཁང་བསྟིམ།།
དམ་པའི་སྐྱེས་བུ་གསང་གསུམ་གཏེར་ཆེན་གྱུར།།

གསུམ་པ་ཐུགས་ཀྱི་རྟོགས་པ་ཅི་བརྡོལ་བ་ནི།  སྙན་བརྒྱུད་ལས།  མཁྱེན་དང་བརྩེ་དང་ཐབས་དང་ཐུགས་རྗེ་ཡིས།  །སྐྱོ་ངལ་མེད་པར་འགྲོ་བའི་དོན་བྱེད་ཤོག  །ཅེས་གསུངས་པའི་མཆོག་སྤྲུལ་དམ་པ་འདི་ནི་ཡེ་ནས་ཤེས་རབ་ཐམས་ཅད་ཀྱི་སྟོབས་རྫོགས་ནས་འགྲོ་བའི་དོན་དུ་སླར་ཡང་སྐུ་བཞེངས་པ་ཡིན་ནའང་།    དེང་འདིར་སྐྱེས་སྟོབས་ཤེས་རབ་ཀྱི་རྩ་བ་རབ་ཏུ་བརྟན་ཁར་སྦྱངས་སྟོབས་ཡོན་ཏན་གྱི་འབྲས་བུའི་ཁུར་ལྕི་བར་མཛད་ནས་ཐོས་དོན་གདེངས་ཐོབ་པར་བྱུང་།     དྲན་པ་གསེར་གདམས་ལས།  བདག་དོན་གྲུབ་ནས་འགྲོ་དོན་ཁད་ཀྱིས་འབྱུང་བ་ཡིན།  ཞེས་པ་ལྟར་རྗེ་བླ་མ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་མཆོག་གིས་དང་པོ་བདག་དོན་ལྷུན་གྱི་གྲུབ་ན་གཞན་དོན་མཐའ་རུ་ཕྱིན་ཡོང་གསུངས་པ་བཞིན་ལོ་བཅུ་ཕྲག་ཕྱེད་དང་གཉིས་ཙམ་གྱི་རིང་དུ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ཁོ་ནའི་དུས་འདའ་བ་ལས་གསོན་རིམ་དང་གཤིན་པོའི་དགེ་རྫོང་སོགས་གང་ཡང་ཕེབས་གནང་མ་མཛད་པ་ཡིན།  སུམ་བརྒྱ་པ་ལས།  སེམས་ཅན་རྣམས་ལ་སྙིང་རྗེ་ཕན་སེམས་བསྐྱེད།  །གཞན་དོན་སེམས་བསྐྱེད་སྨོན་ལམ་རྩེ་གཅིག་གདབ།  །ལྟ་སྤྱོད་ཟུང་འབྲེལ་ཐབས་དང་ཤེས་རབ་འཛོམ།  །ཕ་རོལ་ཕྱིན་སོགས་གཞན་གྱི་དོན་དུ་སྤྱོད།  །ཅེས་གསུངས་པ་ལྟར་འགྲོ་བའི་དོན་མཛད་པ་ལ་ཐུགས་རྗེའི་རྩལ་མ་འགག་པ་ཡིན་པས་བསྟན་འགྲོའི་དོན་འབད་མེད་དུ་མཛད་དང་མཛད་མུས་སུ་ཡོད་པས་དད་ལྡན་སུ་ཡིས་གསོལ་བ་བཏབ་པའི་ངོར་གསང་གསུམ་དཔལ་ཡོན་གྱི་བདུད་རྩིའི་ཅི་འདོད་སྩོལ་ཅིང་བཞུགས་པ་ལགས་སོ།  །

རྒྱལ་སྲས་དམ་པའི་རླབས་ཆེན་མཛད་སྤྱོད་ཀྱིས།།
རིས་མེད་འགྲོ་བའི་དབུལ་བ་རབ་སེལ་ཞིང་།།
མཁས་བྱ་གསུམ་གྱི་འཕྲིན་ལས་འཛད་མེད་དུ།།
བཞུགས་ལ་བསམ་ན་ཡིད་བཞིན་ནོར་བུ་འཁུམས།།

གཞན་དོན་སྐུར་བཞེངས་དམ་པའི་ཡོན་ཏན་མཛོད།།
ཕན་སེམས་ཅན་གྱི་འཕགས་པའི་གཞལ་དཀའ་ན།།
ཤེས་དམན་བདག་གིས་བརྗོད་པའི་ཉེས་ཚོགས་གང་།།
རབ་ཏུ་མཐོལ་ཅིང་དགེ་ཚོགས་འགྲོ་ལ་བསྔོ།།
ཞེས་སྨྲས་སོ།  །

ཞེས་རྒྱ་འོབས་མཆོག་སྤྲུལ་གཙུག་ཕུད་རྒྱལ་མཚན་གྱི་མཛད་རྣམ་མོས་ལྡན་ཐར་པར་བཞུད་པའི་ལམ་བཟང་འདི་ཉིད་སྡེ་སྣོད་གསུམ་གྱི་ཐུགས་རྒྱུད་རབ་ཏུ་ཕྱུག་པའི་དགེ་བའི་བཤེས་གཉེན་དམ་པ་ཡོངས་འཛིན་ཤེས་བྱ་ཀུན་གྲགས་མཆོག་གིས་ཞལ་ཆབ་སྤྱི་བོར་བསྩལ་བར་དགའ་དད་དང་བཅས་དབྲ་དཀར་གཞན་ཕན་ཤེས་རབ་ཀྱིས་བྲིས་པའི་དགེ་ཚོགས་ཀྱིས་མཆོག་སྤྲུལ་དམ་པའི་དགོངས་རྟོགས་རིང་མིན་བདག་རྒྱུད་ལ་འཕོ་བའི་རྒྱུར་གྱུར་ཅིག་གུ །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།