གྲུབ་ཐོབ་ཆེན་པོ་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་བརྒྱུད་འཛིན་རིམ་བྱུང་།

2222222222

 གྲུབ་ཐོབ་ཆེན་པོ་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་བརྒྱུད་འཛིན་རིམ་བྱུང་།

རྩོམ་པ་པོ།    བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

སྤང༷ས་པ་ཉོན་མོངས་དུག་ལྔ་རང་གྲོལ་སྤང༷ས། །

རྟོག༷ས་པ་ཡེ༵་ཤེས༵་ལྔ་ལྡན་སྐུ་ལྔར་རྟོག༷ས། །

གཤེ༷ན་བསྟན་རྒྱ༵་མཚོ༵་རྒྱས་མཛད་སྒྲུབ་པའི་གཤེ༷ན། །

རྒྱ༷ལ་བ་དགྱེས་པའི་རིག་འཛིན་རིམ་བྱོན་རྒྱ༷ལ། །

ད་ནི་གྲུབ་ཐོབ་རྣམ་གསུམ་གྱི་སྐུ་མཆེད་འབྲིང་བོ་ངོ་མོ་གྲུབ་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་གདན་ས་སྒྲུབ་སྡེ་བྱུང་ཚུལ་ནི། ཁོང་རིགས་རུས་ཁྱུང་དཀར་ཡིན་པ་དང༌། དུས་ནི་བོད་རྒྱལ་དར་མའི་དུས་དང༌། རྐྱེན་དབུས་ནས་བསྟན་པ་ལ་འཚེ་བ་བྱུང་བས་ཕྱོགས་འདིར་བྱོན་པ་སོགས་ནི་གོང་དུ་བཤད་ཟིན་པ་ལྟར་རོ། །

སྔོན་དུས་གྲུབ་ཆེན་དྲན་པ་ནམ་མཁས་ཕྱོགས་འདིར་བྱོན་ནས་བོན་བསྟན་བཙུགས་པ་དེ་མི་ཉམས་གོང་འཕེལ་དུ་གནས་ཕྱིར་འཛིན་སྐྱོང་སྤེལ་གསུམ་མཛད་དགོས་དགོངས་ནས་གསེར་ལྗོངས་ཡུལ་གྱི་ལྷོ་ཕྱོགས་སུ་ཐོག་མར་བྱོན་ནས་སྐུ་མཆེད་རྣམ་པ་གསུམ་གྱིས་གྲུབ་རྟགས་དང་པོ་གདུག་པ་བཙན་གྱི་དུག་སྡོང་རྩད་ནས་བཅད་པ་ནི། གྲི་དང་སྟ་རེ་སོགས་མཚོན་ཆས་བཅད་པ་མ་ཡིན་པར་ཟན་གྱི་གཏོར་མས་བཅད་པ་དང་ཀླུ་བདུད་བཙན་གསུམ་དམ་ལ་བཏགས་ཏེ་ཡུལ་ཁམས་བདེ་ལ་བཀོད་པའི་ལོ་རྒྱུས་རླུང་ལྟར་གྲགས་ཤིང༌། གོ་དུའང་བཤད་ཟིན་ལ། དེ་ནས་རྣམ་པ་གསུམ་གྱིས་ཕྱོགས་སོ་སོར་གནས་གཞི་བཟུང་ནས་གདུང་རྒྱུད་དང་སློབ་བརྒྱུད་སྤེལ་བར་བཀའ་བགྲོས་ཚེ། གྲུབ་ཆེན་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས། གསེར་ལྗོངས་ཤར་གྱི་རི་བོའི་སྤོ་ལ་གཟིགས་དགོངས་མཛད། དེ་ཡང་མིང་གི་ཆ་ཤས་ངོ་མོ་ཞེས་པ་ནི་སྔོན་མོ་ཞེས་པ་ཟུར་ཆགས་པ་ཡིན་ཟེར་བ་ཡོད་ལ། དེ་ནི་ཁ་དོག་སྔོན་པོ་མ་ཡིན་ཏེ། དུས་སྔ་ཕྱིའི་ཁྱད་པར་གྱིས་བོན་གྱི་སྒྲུབ་སྡེ་སྔོན་མ་ཡིན་པས་དེ་ལྟར་བཏགས་ཀྱང་ཟེར། ཁ་ཅིག་གྲུབ་པ་ཁྱུང་གི་གདུང་རྒྱུད་ངོ་མ་ཡིན་པའི་ཆ་ནས་དེ་ལྟར་བཏགས་ཟེར། ཡང་ཁ་ཅིག་རི་སྔོ་ལྗང་ཅན་གྱི་རྩེ་མོར་ལྷ་ཐོ་བརྩིགས་པ་ལ་ལབ་ཙེ་སྔོན་མོ་ཟེར་བ་ཡོད་པས་སྡེ་མིང་ལ་དེ་སྐད་ཐོགས་ཟེར་བ་ཡོད། གང་ལྟར་བཏགས་མིང་ཡིན་ལ་དུས་ཆེས་སྔ་བས་ཁ་ཚོན་གཅོད་དཀའ་ཡང༌། དེ་གསུམ་གང་ཡིན་ཀྱང་རུང་གི གྲུབ་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས་ཐོག་མར། ཤར་ཕྱོགས་རི་སྔོན་མོའི་ཕྲག་གོང་དུ་བོན་གྱི་སྒྲུབ་སྡེ་སྔོན་མ་བཙུགས་ཏེ་ཁྱུང་དཀར་གྱི་གདུང་རྒྱུད་ངོ་མའམ་བྱིན་རླབས་དངོས་སུ་མ་ཉམས་པའི་སྲས་རྒྱུད་སློབ་ཚོགས་ཡོངས་སུ་སྤེལ་སྐྱོང་མཛད་ཚེ་སྐྱེ་བོ་དད་ལྡན་མང་ཆེ་བས་མཆོད་གནས་སུ་བཀུར་ཏེ་གདུལ་བྱར་གྱུར། གྲུབ་པ་ཁོང་ནི་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་གཞི་བཟུང་ནས། ལམ་རིམ་གཉིས་ཟབ་མོའི་ལྟ་སྒོམ་སྤྱོད་འབྲས་དང་ལྡན་པས། གདུལ་བྱ་མི་དང་མི་མིན་གང་ཡང་མཐུ་སྟོབས་ནུས་པས་ཟིལ་གྱིས་མནན། མཁྱེན་པ་དང་བརྩེ་བས་རྗེས་སུ་བཟུང་ནས། ཤར་ཕྱོགས་དཀོན་མོའི་ཉིན་ནས་སྒྲུབ་གྲྭའི་དགོན་སྡེ་བཙུགས། གསང་སྔགས་ཀྱི་སྒྲུབ་པ་ཉམས་ལེན་གཙོ་བོར་བཟུང༌། ཁྱད་པར་ཡི་དམ་དབང་ཆེན་འབུམ་རམ་རོལ་བ་དང༌། སྤྱི་སྤུངས་སྐོར་གསུམ་གྱི་བསྟན་པའི་སྲོག་ཤིང་སྲ་བརྟན་མཛད། སྲུང་མ་མ་བདུད་བཙན་གསུམ་དང་སྒྲ་བླའི་རྒྱལ་མོ་དང་སྐྱེས་བུ་གནམ་ལྷ་རྒྱལ་བོ་རྣམས་ཙན་དན་ལྗོན་པ་ལ་དྲི་ངད་རང་ཤུགས་ཀྱིས་འགྲོགས་པ་བཞིན་བཀའ་ཉན་དམ་ལ་གནས་པས་བསྟན་པ་དང་འགྲོ་བ་སེམས་ཅན་ལ་ཕན་བདེ་བྱུང་ཞིང་བཀའ་དྲིན་ཆེན་པོས་བསྐྱངས། སྐབས་འདི་སྤྱི་ལོ༨༤༠ཙམ་ཡིན་ལ༑ དེ་ནས་ཅང་མ་འགོར་བར་སྤྱི་ལོ༨༥༤སྐབས་རྒྱ་ནག་ཏུའང་བསྟན་པ་ལ་གནོད་འཚེ་ཆེན་པོ་བྱུང་ནས་དགོན་པ་བཞི་སྟོང་དྲུག་བརྒྱ་དང་མཆོད་རྟེན་བཞི་ཁྲི་འཇིག  རྒྱའི་བཙུན་པ་དང་བཙུན་མ་ཁྲི་ཉེར་དྲུག་ཁྱིམ་དུ་ཕབ་ཅེས་རྒྱའི་ཡི་གེར་ཡོད་ཟེར། འདི་རྒྱ་ནག་གོང་མ་ཝི་ཙུང་(中宗)ཁྲིར་བཞུགས་ནས། འགུ་ཙུང་(懿宗)ཁྲིར་མ་བཞུགས་པའི་སྐབས་རེད་ལ་ཐང་རྒྱལ་རབས་ཀྱི་མཇུག་རྫོགས་པ་ལ་ལོ་ལྔ་བཅུ་ང་གསུམ་ཙམ་ལས་མེད་པའི་སྐབས་སུ་རེད། དེ་ནས་མི་ལོ་སུམ་བརྒྱ་ལྷག་ཙམ་དུ་བསྟན་པ་ཕྱི་དར་གྱི་དབུ་ཚུགས་ནས་གཡུང་དྲུང་བོན་དང་གསང་སྔགས་གསར་རྙིང་ས་སྐྱ་སོགས་ཀྱི་དགོན་སྡེ་མང་པོ་གྲུབ་མཐའ་རང་རང་གི་ས་ནས་ཡར་རྒྱས་གོང་འཕེལ་དུ་སོང་སྟེ་ཕན་ཚུན་ཕྱོགས་ཞེན་ཆགས་སྡང་གི་རྩོད་པ་མེད་པར་གནས། དེ་ནས་ཡུལ་གྲུ་སོ་སོར་ཆོས་ལུགས་གྲུབ་མཐའ་ཁག་རྣམས་ཀྱིས་ཕྱོགས་རིས་ཆགས་སྡང་དང་སྲིད་དབང་འཕྲོག་རྩོད་དར་བའི་འབྲས་བུར་བསྟན་པ་ལ་དགྲ་མང་པོ་བྱུང༌། རྒྱ་གར་ནས་ཨོ་ཏནྟ་པུ་རི་དང༌། བྲི་ཀ་མ་ལ་ཤྲི་ལ་རྣམས་ཀླ་ཀློའི་དམག་གིས་བཅོམས(འདི་ཏཱ་སིག་གིས་ཧིན་རྡུ་རྒྱལ་ཁབ་བཙན་བཟུང་བྱས་ནས་ཐུབ་པའི་བསྟན་ལ་གནོད་པ་བྱུང་སྐབས་རྒྱ་གར་གྱི་ཆོས་ལུགས་པ་མང་པོ་ཕྱོགས་སུ་བྲོས་པའི་ཚེ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་སོགས་བོད་དུ་བྲོས་ནས་ཕེབས་པ་ཡིན་ཞེས་བསྟན་རྩིས་རྣམས་སུ་བཤད་པ་སྐབས་འདི་ཡིན)ཡང་ཧོར་རྒྱལ་ཇིང་གིར་གྱིས་རང་ལོ་ཉེར་བརྒྱད་པའི་ས་བྱ་(སྤྱི་ལོ༡༡༨༩)ལོར་སོག་པོའི་སྡེ་ཁྲི་ཁྲག་བཞི་བཅུ་མངའ་འོག་ཏུ་བསྡུས་ཏེ་སོག་པོའི་རྒྱལ་བོ་བྱས། དེའི་ཕྱི་ལོ་མན་ཇུ་ཇུར་ཆིད་ཀྱི་རྒྱལ་བོ་ཟོན་ཝང་[ཝན་ཟུན]བསད་ནས་མན་ཇུ་དབང་དུ་བསྡུས། དེ་ནས་ལོ་བཞི་བ་ཤིང་སྟག་(སྤྱི་ལོ༡༡༩༤)ལོར་ཆིང་གེ་སེ་རྒྱ་ནག་གི་རྒྱལ་བོར་བསྡད། དེའི་ཕྱི་ལོ་ཐོད་དཀར་རམ་རྒྱ་སེར་རྒྱལ་བོ་བུག་ཏེ་བསད་ནས་རྒྱ་སེར་མངའ་དབང་དུ་བསྡུས། སོག་དམག་བོད་ཀྱི་ས་མཚམས་སུ་སླེབས། བོད་རྣམས་འཇིགས་སྐྲག་ཆེན་པོ་བྱུང༌། རབ་བྱུང་བཞི་བའི་མེ་ཡོས་(སྤྱི་ལོ༡༢༠༦)གི་སྐབས་ཇིང་གིར་གྱིས་བོད་ཁམས་དབང་དུ་བསྡུས། སོག་དམག་བོད་དུ་ཐོན། དེ་ནས་བཟུང་ཆོས་སྲིད་གཉིས་ཆར་ཕྱོགས་དང་རིས་སུ་ཆད་ནས་བོད་མི་རིགས་རང་གི་ནང་ནས་ཕྲག་དོག་ཆགས་སྡང་གིས་རྩོད་གླེང་དང༌། མི་རིགས་གཞན་གྱིས་བཙན་འཛུད་དང་གཉའ་གནོན་ཕྱོགས་གཅིག་ཏུ་ཁེལ་ནས་བསྟན་པ་ལ་འཚེ་བ་ཆེན་པོ་བྱས། སྐབས་དེར་རེབ་གོང་ཁྲི་ཀ་སོགས་ཀྱི་དགོན་སྡེ་མང་པོ་མེད་པར་བཏང༌། དེ་ཚེ་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས་ཕྱག་བཏབ་པའི་དཀོན་མོ་ཉིན་དགོན་ཀྱང་འཇིག་ནས་བསྟན་པ་ཉག་ཕྲ་བར་གྱུར། ངོ་མོ་བོན་གྱི་གྲུབ་མཐའ་གཞན་དུ་འགྱུར་ལ་ཉེ་བའི་སྐབས་སུ། གྲུབ་དབང་དམ་པ་གོང་མའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་བརྩན་པས། རྒྱལ་བོ་རླངས་ཚང་གི་གདུང་རྒྱུད་དང་སྔར་གྱི་ཁྱུང་དཀར་གདུང་རྒྱུད་གཉིས་འོ་ཆུ་འདྲེས་པ་ལྟར་གྱུར་ནས་རླངས་ངོ་མོའི་སྔགས་འཆང་ཁྲོ་བོ་རྒྱལ་མཚན་ཞེས་གྲུབ་པའི་དབང་ཕྱུག་མཚན་སྙན་ཡོངས་སུ་གྲགས་པ་དེ་ཉིད་རླངས་དཔལ་ཆེན་རྩེ་མོའི་སྲས་སུ་སྐུ་འཁྲུངས། ཁོང་ནི་ཡབ་མེས་ཀྱི་རང་ལུགས་ལ་ཤིན་ཏུ་དད་ནས་བོན་སྒོར་ཞུགས། སྐབས་དེར་དབུས་གཙང་དང་མདོ་སྟོད་ཕྱོགས་ན༑ གཏེར་སྟོན་ཆེན་པོ་དབྱིལ་སྟོན་ཁྱུང་རྒོད་རྩལ་ལམ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་དགུང་ལོ་ཉེར་བཞི་ས་རྟ་(སྤྱི་ལོ༡༡༩༨)ལ་ཞལ་བཟང་བྲག་ནས་བོན་གཏེར་བླངས་པ་ནས་བཟུང༌། རབ་བྱུང་གསུམ་པའི་ལྕགས་སྤྲེལ་(སྤྱི་ལོ༡༢༠༠)དབྱར་འབྲིང་བོའི་ཚེས་བཅུ་གསུམ་ཉིན་རྒྱང་ལྷ་རྟ་མགྲིན་ཐུགས་ཀ་ནས་བོན་དང་བན་དེའི་སྐོར་གཏེར་ཁ་མང་པོ་བླངས། ཡང་རྒྱ་ཡོན་པོ་ལུང་དང་ཟང་ཟིང་ལྷ་བྲག་དང༌། བོ་དོང་བྱ་རྒོད་གཤོང༌། པྲ་དུམ་རྟ་མགྲིན་ལྟོ་བ་སོགས་གཏེར་གནས་དུ་མ་ལས་རིས་མེད་ཀྱི་གཏེར་མང་པོ་བླངས་ནས་གཏེར་སློབ་རྣམས་ལ་སྤེལ་བའི་སྙན་པ་ཕྱོགས་སུ་གྲགས་པ་ཐོས་པས་ཡིད་འཕྲོག་སྟེ། གཅུང་དཔལ་ཆེན་རྡོ་རྗེ་དང༌། ཁུ་བོ་པདྨ་ཁྲོ་རྒྱལ་ཏེ་རྣམ་པ་གསུམ་པོ་དབྱིལ་སྟོན་གྱི་ཞབས་བསྟེན་པར་དབུས་གཙང་ཕྱོགས་སུ་བྱོན། གཅུང་དང་ཁུ་བོ་གཉིས་ཀྱིས་བན་བོན་གཉིས་ལ་གསན། ཁོང་གིས་བོན་ཁོ་ནར་གསན་ཏེ་ཉམས་བཞེས་མཛད་པས་མཚན་ལ་འཇིགས་མེད་ཁྲོ་བོ་རྒྱལ་མཚན་ཞེས་གསོལ་ཞིང་བསྔགས་བརྗོད་གནང༌། དེ་ནས་རབ་བྱུང་བཞི་བའི་ལྕགས་ཁྱི་(སྤྱི་ལོ༡༢༥༠)ལ་གཏེར་ཆེན་གཡུང་དྲུང་གླིང་བས་དགུང་ལོ་ཉེར་གསུམ་ཐོག སྤ་དྲོ་སྟག་ཚང་གི་ཟབ་གཏེར་བཞེས་ཏེ། བཻ་རོ་ཙ་ནས་སྦས་པའི་རྫོགས་ཆེན་གསེར་ཐུར་སོགས་བླངས་པ་དང༌། ཡང་གཡུང་དྲུང་གླིང་བས་ཕྱུག་མོ་དཔལ་རི་ནས་ཚེ་དབང་བོད་ཡུལ་མའི་སྐོར་དང༌། བྱང་གི་ཤ་བ་བྲག་ནས་ཀུན་བཟང་ཁྲིད་ཡིག་སོགས་དང༌། རི་རྐྱང་ཤང་མཐའི་བྲག་ནས་ལྷ་ཀླུའི་ནོར་བུ་སོགས་དང༌། གཙང་འཕྲང་ལྷ་ཁང་ཐེམ་འོག་ཏུ་གཤེན་རབ་གཡུ་སྐུ་རིན་པོ་ཆེ་ཁྲི་སྲོང་སྐབས་མནན་ཡོད་པ་མཁྱེན་ནས་གཏེར་བྱོན་ལྟར་སྤྱན་དྲངས་པ་སོགས་ལ་བན་བོན་ཀུན་གྱིས་ངོ་མཚར་ཆེ་བའི་སྙན་གྲགས་ཕྱོགས་སུ་ཁྱབ་པས། སྔགས་འཆང་འཇིགས་མེད་ཁྲོ་རྒྱལ་གྱིས་གཏེར་ཆེན་གཡུང་གླིང་རིན་པོ་ཆེའི་ཞབས་བསྟེན་ནས་རྫོགས་ཆེན་གསེར་གྱི་ཐུར་མ་ཉམས་བཞེས་མཛད། ལུང་ཟིན་བུ་དགུའི་ཐོག་མ་སློབ་དཔོན་ཤུ་གེ་ལེགས་པའི་ཞབས་ལས། རྗེ་གྲགས་པ་རྒྱལ་མཚན་དང་ལྷན་དུ་ཚེ་དབང་སྙན་བརྒྱུད་གསན་ཏེ་སྒོམ་སྒྲུབ་མཛད་པས་རྟོགས་པ་མཐོན་པོ་བརྙེས། བོན་རིང་ལུགས་ཀྱི་མདོ་སྔགས་རྫོགས་གསུམ་ལ་རང་བྱན་ཆུད་པའི་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་ཆེན་པོར་གྱུར། དེ་ནས་རང་ཡུལ་དུ་བྱོན་ཏེ་གདུང་རྒྱུད་དང་སློབ་བརྒྱུད་སྤེལ་ཞིང་བོན་བསྟན་འཛིན་སྐྱོང་མཛད་དགོས་དགོངས་ནས། སྔགས་སྐྱེས་མཁའ་འགྲོ་མ་ཡེ་ཤེས་ཚེ་སྐྱིད་ཁབ་ཏུ་བཞེས་ནས་སྲས་གསུམ་འཁྲུངས་པ་ལ། ཡབ་ཡུམ་གཉིས་ཀྱི་མཚན་ཟུར་ལས། འཇིགས་མེད་ཚེ་བརྟན་དང༌། ཡེ་ཤེས་ཁྲོ་རྒྱལ་དང༌། ཡེ་ཤེས་ལྷ་མོ་གསུམ་ཡིན་པ་ནི་རེབ་གོང་རུས་མཛོད་དུ་བཤད། དེ་ལས་ཀྱང་སྲས་ཡེ་ཤེས་ཁྲོ་རྒྱལ་ནི་རབ་བྱུང་བཞི་བའི་ལྕགས་སྦྲུལ་ལ་སྐུ་འཁྲུངས་པར་བཤད་ཀྱང་ཅུང་སྔ་ཆེའམ་སྙམ་ན་ཡང་ཐག་ཆོད་མ་ནུས་ཏེ་བཟོ་བཅོས་བྱེད་མ་ཕོད། ཁོང་ནི་དགུང་ལོ་ཆུང་དུས་ནས་ཡབ་ཀྱི་མདུན་ནས་བཀའ་དབང་ལུང་ཁྲིད་མང་དུ་གསན་ནས་གང་ཟག་ཁྱད་པར་བ་ཞིག་ཡིན་པ་ཐག་ཆོད་དེ་སྔོན་གྱི་གྲུབ་ཐོབ་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་སྤྲུལ་དུ་ངོས་བཟུང༌། དེ་ནས་ཡབ་ཀྱི་བཀའ་གནང་བ་ལྟར་དབུས་གཙང་དང་ཁམས་ཕྱོགས་ན་མཁས་པ་དང་གྲུབ་པ་བསམ་གྱིས་མི་ཁྱབ་པ་མང་པོ་བཞུགས་པས་དེར་སོང་ལ་ཐོས་བསམ་སྒོམ་སྒྲུབ་གྱིས་ཤིག་གསུངས་པ་དང་དུ་བླངས་ཏེ། གཏེར་ཆེན་གཡུང་དྲུང་གླིང་བ་དང་བྲུ་རྒྱལ་བ་གཡུང་དྲུང་སོགས་དམ་པ་དུ་མའི་ཞབས་བསྟེན། ཚེ་དབང་སྙན་བརྒྱུད་དང༌། ཨ་རྫོགས་སྙན་གསུམ་བཅས་ལ་གསན་སྦྱངས་རྒྱ་ཆེར་མཛད་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། སྐབས་དེར་དབུས་གཙང་ཕྱོགས་ན་བོན་གྱི་འདུ་གནས་ཆེན་པོ་གཡས་རུ་དབེན་ས་ཁ་ཞེས་པའི་དགོན་ཆེན་དེ་ལ་གྲྭ་ཚང་སྟོང་ཕྲག་བདུན་ལྷག་ཏུ་དར། ས་སྐྱ་གོང་མ་རྣམས་ཀྱི་བཀའ་དྲིན་ལས། ས་སྐྱའི་དགོན་ཆེན་དར་རྒྱས་བྱུང་བའི་སྐབས་སུ། ས་བྲུ་དང་གནམ་བྲུའི་གཉེན་བསྒྲིགས་ཏེ། བྲུ་སྟོན་ནམ་མཁའ་གཡུང་དྲུང་གིས་ས་སྐྱ་མཁའ་འགྲོ་རྒྱན་ཁབ་ཏུ་བཞེས་ནས། སྲས་བྲུ་ཆེན་ནམ་མཁའ་རྒྱལ་མཚན་དང༌། བྲུ་མཚུངས་མེད་བསོད་ནམས་བློ་གྲོས་དང༌། གཅུང་ནམ་མཁའ་བསོད་ནམས་གསུམ་འཁྲུངས་ནས། རྒྱལ་བ་བྲུ་ཡི་རིགས་ལུགས་དར་རྒྱས་བྱུང༌། སྟོད་ན་བོན་དང་ས་སྐྱ་གཉིས་འབྲེལ་བ་ཟབ་ཅིང༌། ཕྱོགས་འདིར་ཡང་བོན་དང་ས་སྐྱ་གཉིས་མཉམ་དུ་དར་བའི་དུས་ཡིན། འོན་ཀྱང་དབུས་གཙང་ནས་འབྲི་གུང་དང་ཕག་གྲུ་དར་ནས་འབྲི་གུང་འཇིག་རྟེན་གྱིས་བོན་ལ་སྨོད་ཅིང་སྐུར་འདེབས་སྣ་ཚོགས་བྱས་ནས་བོན་མེད་པར་གཏོང་རྩིས་བྱས། ས་སྐྱའི་ཆོས་སྲིད་ལ་ཕྲག་དོག་གིས་ཡིད་གདུངས་ནས་ས་ཕག་འཁྲུགས་པ་བྱུང༌། འབྲི་གུང་ལྷ་ཁང་མེ་ལ་བསྲེག སེར་སྐྱ་ཆིག་ཁྲི་ལྷག་བསད་ནས་འབྲི་གུང་གླིང་ལོག་ཟེར་བ་བྱུང༌། འདི་རབ་བྱུང་ལྔ་བའི་ལྕགས་སྟག(སྤྱི་ལོ༡༢༨༩)ལོ་རེད། ལོ་འདིར་ངོ་མོ་ཡེ་ཤེས་ཁྲོ་རྒྱལ་རིན་པོ་ཆེའི་རྩ་བའི་བླ་མ་བྲུ་རྒྱལ་བ་གཡུང་དྲུང་ཡང་དགུང་ལོ་ཞེ་དགུའི་སྟེང་ཞི་དབྱིངས་སུ་གཤེགས། རེབ་གོང་རུས་མཛོད་དུ་བཤད་པ་ལྟར་ན། ངོ་མོ་ཡེ་ཤེས་ཁྲོ་རྒྱལ་ནི། རབ་བྱུང་བཞི་བའི་བགྲང་བྱ་བཅོ་ལྔ་བ་ལྕགས་སྦྲུལ་ལོར་སྐུ་འཁྲུངས་ནས་དགུང་ལོ་དྲུག་བདུན་ཙམ་ན་ཡི་གེ་སློབ་མི་དགོས་པར་མཁྱེན། རབ་བྱུང་བཞི་བའི་བགྲང་བྱ་སུམ་ཅུ་བ་མེ་སྤྲེལ་དགུང་ལོ་བཅུ་དྲུག་ཐོག་ཡབ་ཆེན་མདུན་ནས་དབང་ལུང་གསན། དགུང་ལོ་བཅོ་བརྒྱད་པ་རབ་བྱུང་བཞི་བའི་ས་ཁྱི་ལོར་ཡབ་ཆེན་གྱི་གསུང་ལྟར་ཁམས་ཕྱོགས་སུ་བྱོན་ནས་བོན་གྱི་གྲུབ་ཐོབ་ཅིག་སློབ་དཔོན་དུ་བསྟེན། བོན་ཆོས་ཀྱི་གདམས་ངག་མང་པོ་སྡུག་རུས་ཆེན་པོའི་སྒོ་ནས་སྦྱངས་པ་ཡང་ཡང་མཛད། དགུང་ལོ་ཉེར་དགུ་བ་རབ་བྱུང་བཞི་བའི་ས་བྱ་ལོར་རང་ཡུལ་དུ་བྱོན། དགུང་ལོ་སོ་གཅིག་པ་རབ་བྱུང་བཞི་བའི་ལྕགས་ཕག་ལོར་སླར་ཡང་ཁམས་ཕྱོགས་སུ་བྱོན་ནས་ལྷོ་ཕྱོགས་བོན་གྱི་མཁས་པ་རྟོགས་ལྡན་གནམ་གྱིས་ས་བཀབ་པ་ལྟ་བུ་མང་པོ་སློབ་དཔོན་དུ་བསྟེན་ནས་ཐོབ་དཀའ་བའི་གདམས་ངག་མང་པོ་གསན་ཞེས་བཤད་པ་རྣམས་ནི་ཤིན་ཏུ་མཐུན་པར་སྣང་ངོ༌། །

ཡང་རེབ་གོང་སྨད་ཀྱི་ཁྱུང་པོ་གཡུ་ཐོག་འབར་བ་དང༌། སྐྱིད་སྟོན་འཁོར་ལོ་དང༌། ངོ་མོ་ཡེ་ཤེས་ཁྲོ་རྒྱལ་ཏེ་རྣམ་པ་གསུམ་གྱིས། སྔོན་ཚེ་བོད་རྒྱལ་དར་མའི་རིང༌། སློབ་དཔོན་མེ་དྲི་སྟོན་པ་ཤེས་རབ་གྲགས་ཀྱི་ཞལ་སློབ་གྲུབ་ཐོབ་རྣམ་པ་གསུམ་སྐུ་མཆེད་དུ་གྱུར་ཏེ་སྐུ་སྐྱེ་བ་བཞེས་ཚུལ་དང་མཛད་པ་ཕྲིན་ལས་སོགས་རྗེས་སུ་དྲན། ད་ལྟ་ཡང་བསྟན་འགྲོའི་དོན་དུ་ཁྱུང་དཀར་གདུང་རུས་གཅིག་པའི་ནང་ལྷན་ཅིག་འཁྲུངས་པས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་དགོས་དགོངས། རུས་མཛོད་དུ་རྣམ་པ་གསུམ་དབུས་གཙང་ལྷོ་ཕྱོགས་སུ་བྱོན་ཏེ། བོན་གྱི་གྲུབ་ཐོབ་གངས་ཀྱི་སེང་གེ་འདྲ་བ་དགུའི་མདུན་ནས་ཐོབ་དཀའ་བའི་གདམས་ངག་ཉམས་སུ་བླངས་ནས་གྲུབ་པ་ཐོབ་པར་བཤད་པ་ནི། ཁོང་རྣམ་པ་གསུམ་ནས་གཏེར་སྟོན་ཁྱུང་རྒོད་རྩལ་གྱི་ཞབས་བསྟེན་ཚེ། གཏེར་སློབ་བཀའ་བདག་བུ་ཆེན་བཞི་ཞེས་པ། རྔོགས་ཀྱི་ཡ་ངལ་དྲང་སྲོང༌། ལྷོ་སྟོད་ཀྱི་སློབ་དཔོན་མགོན་པོ། སྟག་ལུང་གི་སྒོམ་ཆེན་དྲང་སྲོང་ལྷ་རྗེ། གཉན་གསེབ་ཀྱི་སྟོན་པ་ཀུན་དགའ་འོད་དང་བཞི་བཞུགས་ཡོད། བཀའ་བབ་སློབ་མ་སྐྱེས་ཆེན་བཞི་ཞེས་པ། འགྲོ་མགོན་བློ་གྲོས་རྒྱལ་མཚན་དང་བྲུ་འདུལ་བ་རྒྱལ་མཚན་གཉིས་ལ་དྲང་སྲོང་རྣམ་གཉིས་ཟེར། སྤ་རྒྱལ་བ་ཤེས་རབ་དང༌། སྤ་གཡུང་དྲུང་སེང་གེ་གཉིས་ལ་སྔགས་འཆང་རྣམ་གཉིས་ཞེས་སུ་གྲགས། ཁོང་རྣམ་པ་བརྒྱད་དང༌། གཏེར་ཆེན་གཡུང་དྲུང་གླིང་བ་སོགས་ཀྱི་ཞབས་པད་བསྟེན་པ་ལ་བཤད་པ་ཡིན་ལ། སྐབས་དེར་མདོ་དབུས་གཙང་གསུམ་ན་གྲགས་ཆེ་བའི་གྲུབ་ཆེན་རྣམས་སོ། །

ཡང་རེབ་གོང་རུས་མཛོད་དུ་བཤད་པ་ལས། གྲུབ་ཐོབ་རྣམ་པ་གསུམ་པོ་འདི་རྟོགས་པ་ཕུལ་དུ་ཕྱིན་པར་གྱུར་ནས་གྲུབ་རྟགས་མཁའ་ལ་བྱ་བཞིན་འཕུར། ཆུ་ལ་ཉ་ལྟར་འཕྱོ། ས་ལ་སྦྲུལ་ལྟར་འཛུལ། གྲུབ་རྟགས་ཁྱད་པར་མང་དུ་བྱུང༌། དེ་ནས་གྲུབ་ཐོབ་ཆེན་པོ་ངོ་མོ་ཡེ་ཤེས་ཁྲོ་རྒྱལ་དགུང་ལོ་རེ་དྲུག་པ་རབ་བྱུང་ལྔ་བའི་མེ་ཁྱི་ལོར། གྲུབ་ཆེན་རྣམ་གསུམ་རྔ་ལ་བཅིབས་ནས་མཁའ་ལས་བྱ་ལྟར་འཕུར་ཏེ་རེབ་གོང་སྟོད་ཀྱི་ས་གནས་ཞིག་ཏུ་བབས་ཚེ། ས་དེ་ཀར་བཙན་གྱི་སྡོང་བོ་གཞན་ལ་གནོད་པ་ཆེ་བ་ཞིག་ཡོད་པ་དེ་རྒན་མོ་ཞིག་གིས་ཞུས་པས་ཁོང་རྣམ་གསུམ་གྱིས་གཏོར་མས་བཅད་པ་ལ། བཙན་གྱི་སྡོང་བོ་ཟན་གྱི་གཏོར་མས་བཅད་ཟེར་བའི་ངག་རྒྱུན་ཡོད་ཅེས་སྔོན་བོད་རྒྱལ་དར་མའི་དུས་ཀྱི་གྲུབ་ཐོབ་རྣམ་གསུམ་གྱི་མཛད་རྣམ་ཇི་བཞིན་བཤད་པ་ནི། རུས་མཛོད་ཀྱི་ལོ་རྒྱུས་འཚོལ་བསྡུ་དང་རྩོམ་བསྒྲིགས་བྱེད་མཁན་རྣམས་ཐུགས་མཉམ་མ་བཞག་པར་མངོན་ཏེ། ཁྲི་སྲོང་དང་དར་མའི་རིང་གི་ལོ་རྒྱུས་རབ་བྱུང་ལྔ་བའི་ནང་དུ་བཞག་ན་མི་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་མེད་པར་འགྲོ་བར་མ་ཟད། སྔོན་གྱི་གྲུབ་ཐོབ་རྣམ་གསུམ་ནི། བོད་ཀྱི་རྒྱལ་བོ་ཁྲི་རལ་བ་ཅན་དང་དར་མ་སྐུ་མཆེད་ཀྱི་རིང་ཡིན་པ་དང་སྟོད་ཀྱི་ཁྱུང་བོ་དཀར་ནག་སེར་ཁྲ་བཞི་ལས་ཁྱུང་དཀར་གྱི་གདུང་རྒྱུད་ཡིན་པ་རླུང་ལྟར་གྲགས་ལ། རྒྱ་ནག་ན་ཐང་རྒྱལ་རབས་ཀྱི་གོང་མ་ཐང་མུ་ཙུང་(唐穆宗)དང༌།  ཐང་ཅིན་ཙུང་(唐敬宗)དང༌།  ཐང་འུན་ཙུང་(唐文宗)དང༌།  ཐང་ཝི་ཙུང་(唐中宗)རྣམས་ཀྱི་དུས་ཡིན་པར་ངེས་ལ། སྐབས་འདིར་བཤད་པའི་གྲུབ་ཆེན་གསུམ་ནི།   བོད་ན་ས་འབྲིའི་འཁྲུག་པ་དང་ས་ཕག་གཡའ་བཟང་སོགས་ཀྱིས་མི་རིགས་ཀྱི་ལ་རྒྱ་དོར་ནས་ཆོས་སྲིད་ཀྱི་ལ་རྒྱ་རྩོད་པའི་སྐབས་ཡིན་པ་དང༌། རྒྱ་ནག་ན་ཧོར་སེ་ཆེན་རྒྱལ་བོ་དང༌། དེའི་ཚ་བོ་ཨུལ་ཅིའི་ཐུ་སོགས་ཀྱི་དུས་ཡིན་པས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་འདི་དག་ཁྱད་པར་འབྱེད་པ་གལ་ཆེན་དུ་མཐོང་ངོ༌། །

གྲུབ་ཆེན་ངོ་མོ་ཡེ་ཤེས་ཁྲོ་རྒྱལ་ནི། རབ་བྱུང་ལྔ་བའི་ཆུ་སྦྲུལ་ལོར། དགུང་ལོ་དོན་གསུམ་ཡིན་ལ་དེ་ནས་བཟུང་ལོ་ཉི་ཤུའི་ཡུན་ལ་ངོ་མོའི་གདན་སར་བཞུགས་ནས་སློབ་ཚོགས་བསྐྱངས་ནས་དབང་ལུང་ཁྲིད་གསུམ་གདམས་པ་མན་ངག་དང་བཅས་པ་རྒྱ་མཚོ་ལས་ཆུ་བོའི་རྒྱུན་བཞིན་གནང་ནས་སློབ་རྒྱུད་ལ་བོན་གྱི་མཁས་པ་མང་པོ་བྱུང་ཞེས་རུས་མཛོད་དུའང་བཤད་ཡོད་ལ། དགུང་ལོ་གོ་གཉིས་པ་རབ་བྱུང་ལྔ་བའི་ཆུ་བྱི་ལོར་རང་དབང་གི་སྒོ་ནས་སྔར་བྱུང་མ་མྱོང་བའི་ལྟས་ངོ་མཚར་བ་དང་བཅས་ཏེ་མྱ་ངན་ལས་འདས་སོ། །སྔགས་འཆང་འཇིགས་མེད་ཁྲོ་བོ་རྒྱལ་མཚན་གྱི་སྐུ་མཆེད་མཁས་པ་དཔལ་ཆེན་རྡོ་རྗེ་ནས་རོང་བོ་དཔོན་ཚང་ཀླུ་མོ་སྐྱིད་ཁབ་ཏུ་བཞེས་ནས། སྲས་ངག་དབང་རྒྱ་མཚོ་འཁྲུངས་པ་དང༌། ཁུ་བོ་འབྲུག་བྱམས་རྒྱལ་ནས་ས་དཀྱིལ་པདྨ་མཚོ་ཁབ་ཏུ་བཞེས་ནས་སྲས་བསྟན་པ་རྒྱ་མཚོ་འཁྲུངས་པ་རྣམས་ཀྱང་བསྟན་སྲིད་ལ་བྱས་རྗེས་ཆེ་བས་ལོ་རྒྱུས་མི་སྣ་གྲགས་ཆེན་ཡིན་པར་བཤད་ཀྱང་མཛད་རྣམ་གསལ་བོ་མ་ངེས། ངོ་མོའི་བསྟན་པ་རྒྱ་མཚོ་ནས་ཧོར་དགེ་ལི་བཟའ་ལྷ་མོ་ཚེ་རིང་ཟླ་གྲོགས་སུ་བསྟེན་ནས། སྲས་སྤྱོད་པ་རྒྱ་མཚོ་དང༌། ཀླུ་འབུམ་ཐར་དང༌། སྙིང་དཀར་བྱམས་ཏེ་གསུམ། སྲས་མོ་ཚེ་རིང་དབང་མོ་དང༌། བསྟན་འཛིན་སྒྲོན་མ་བཅས་བྱུང་བས་ཁྱུང་དཀར་གྱི་གདུང་རྒྱུད་སྤེལ་བར་མངོན་ནོ། །

ཡང་ངོ་མོ་ཡེ་ཤེས་ཁྲོ་རྒྱལ་གྱི་མེས་པོ། སྔགས་འཆང་ཆེན་པོ་པདྨ་ཁྲོ་རྒྱལ་ཞེས་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར་ནས་ས་རྡོ་རི་བྲག་ལ་ཐོགས་མེད་དུ་བགྲོད་ནུས་པའི་གྲུབ་ཆེན་དམ་པ་ཞིག་བྱོན། ལྕམ་དང་རིགས་རྒྱུད་མེད་ཅེས་རེབ་གོང་རུས་མཛོད་དུ་བཤད་པ་མ་གཏོགས་སྔར་མཐོང་ཐོས་མ་བྱུང་ངོ༌། །ངོ་མོ་ཡེ་ཤེས་ཁྲོ་རྒྱལ་གྱི་སྐུ་མཆེད་འཇིགས་མེད་ཚེ་བརྟན་མཆོག་གིས། རོང་བོ་བཟའ་སྐལ་བཟང་འཚོ་ཁབ་ཏུ་བཞེས་ནས་སྲས་བསོད་ནམས་བཀྲ་ཤིས་བྱོན། ཡང་ངོ་མོ་འཇིགས་མེད་ཚེ་བརྟན་གྱིས་བོད་སྐོར་བཟའ་ཀླུ་མོ་སྐྱིད་ཁབ་ཏུ་བཞེས་ནས་སྲས་སྟག་ལྷ་རྒྱལ་འཁྲུངས་ཟེར་བ་ནི་ཡེ་ཤེས་ཁྲོ་རྒྱལ་གྱི་སྐུ་མཆེད་དེ་དང་གཅིག་ཡིན་མིན་མ་ཤེས་ཀྱང༌། ངོ་མོའི་སྟག་ལྷ་རྒྱལ་ཚང་ཟེར་བའི་ཚོ་བ་ཞིག་ཡོད་པ་ནི། སྐུ་སྲས་སྟག་ལྷ་རྒྱལ་གྱི་གདུང་རྒྱུད་འཕེལ་བ་ཡིན་ནམ་སྙམ་སྟེ། མེས་པོ་དམ་པ་དེ་རྣམས་ཀྱི་གདུང་རྒྱུད་ལ། ངོ་མོ་སངས་རྒྱས་བཀྲ་ཤིས་དང་སྲས་དབལ་གསས་ཁྲོ་རྒྱལ། ངོ་མོའི་བསོད་ནམས་ཚེ་རིང་དང་སྲས་སྙིང་རྒྱལ་བྱམས། ངོ་མོའི་ཆོས་གཡང་ཕུན་ཚོགས་ལ་སྲས་གྲགས་པ་ཅན་རྟོགས་ལྡན་གིན་ཐར་རྒྱལ་དང༌། མཁས་པ་རྡོ་རྗེ་མཁར་གཉིས་བྱོན། ངོ་མོའི་གནམ་ལྕགས་རྒྱལ་ལ། སྲས་ལྷ་སྲུང་སྐྱབས་དང༌། ཚེ་རིང་འབུམ། ནམ་མཁའ་ཚེ་རིང༌། དགེ་འདུན་མཁྱེན་རབ། བསྟན་པའི་རྒྱལ་མཚན་སོགས་སྙན་གྲགས་ཆེ་བ་མང་དུ་བྱོན། དེ་ལས་རྟོགས་ལྡན་ཆེན་པོ་གིན་ཐར་རྒྱལ་ནི། ཁམས་ཕྱོགས་སུ་བྱོན་ནས་རྟོགས་ལྡན་སྐད་གྲགས་ཅན་སློབ་ཚོགས་བསྐྱངས་ཞེས་རུས་མཛོད་དུ་བཤད། ཡང་ངོ་མོའི་མཚམས་རྒན་ཚང་ཞེས་ཡོངས་སུ་གྲགས་པ། གྲུབ་ཆེན་སྟག་ལྷ་འགྱུར་མེད་རིན་པོ་ཆེ་ནི་ཡབ་ངོ་མོ་སྙིང་རྒྱལ་བྱམས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་ཡོས(སྤྱི་ལོ༡༣༥༡)ལ་སྐུ་འཁྲུངས། དགུང་ལོ་ཉི་ཤུའི་བར་དུ་བོན་གཞུང་ཆེན་མོ་རྣམས་ལ་སྦྱངས་ནས་མཁྱེན་རྩལ་རྒྱས། དགུང་ལོ་ཉེར་གཅིག་པ་ལྕགས་ཕག་ལོར། སྤྱི་གདོང་མགོའི་བུ་མོ་མཁར་མོ་རྒྱལ་ཁབ་ཏུ་བཞེས་ནས། སྐུ་སྲས་རིན་ཆེན་ནོར་བུ་འཁྲུངས། དགུང་ལོ་ཉེར་བཞི་བ་རབ་བྱུང་དྲུག་པའི་ཤིང་སྟག་ལོར་ཞང་ཞུང་སྒོ་བའི་ཡུལ་ཁྱུང་བོ་རི་རྩེ་དྲུག་ཏུ་ཕེབས་ནས། སྤྲུལ་སྐུ་བློ་ལྡན་སྙིང་བོའམ་དཔྲ་བཙུན་འགྱུར་མེད་ནམ་མཁའ་རིན་ཆེན་གྱིས་རྩེ་དྲུག་བོན་དགོན་མདོ་སྔགས་མི་ནུབ་རྒྱལ་མཚན་ཕྱག་འདེབས་མཛད་ནས་ལོ་དྲུག་ལོན་པའི་སྐབས་སུ་ཞབས་ཀྱིས་ཟིན། བློ་ལྡན་སྙིང་བོ་ལ་དགོངས་གཏེར་དང་སྙན་བརྒྱུད་ལས་བྱོན་པའི་གསུང་འབུམ་པོ་ཏི་ལྔ་བཅུ་ལྷག་བཞུགས་པ་ཞལ་སློབ་མང་པོས་ཕྱག་བྲིས་མཛད་པ་དང་མཇལ་ནས་སློབ་མ་མཆོག་ཏུ་གྱུར། གཙང་ན་རྒྱལ་བ་མཉམ་མེད་ཆེན་པོས་དཔལ་ལྡན་བཀྲ་ཤིས་སྨན་རི་བཏབས་ཟིན་ནས་རབ་བྱུང་བདུན་པའི་ཤིང་ལུག་ལོར་དབྱིངས་སུ་གཤེགས། རྗེ་ཙོང་ཁ་བ་ཆེན་པོས་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབས་ཟིན་ནས། རབ་བདུན་ས་ཕག་ལོར་དབྱིངས་སུ་གཤེགས། ཁོང་གི་བླ་མ་རྣམས་ཀྱང་ཕལ་ཆེར་མྱ་ངན་ལས་འདས་པ་སོགས་ཐོས་པས་ཐུགས་སྐྱོ་བ་གནང་སྟེ། དགུང་ལོ་གྱ་བདུན་པ་རབ་བྱུང་བདུན་པའི་མེ་སྦྲུལ་ལོར་ཁོང་གི་རྗེས་འཇུག་སློབ་མ་རྣམས་དང་ཉེ་འབྲེལ་སྡེ་མི་ཡོངས་ལ། ཕྱིན་ཆད་ཀྱི་བསྟན་པའི་ལས་དོན་བྱ་བ་འགྲོ་ལུགས་འདུག་ཚུལ་སོགས་བསླབ་བྱ་དོན་དང་ལྡན་པ་འདའ་ཁའི་ཞལ་ཆེམས་གནང་མཐར། ཞབས་སྐྱིལ་ཀྲུང་ཕྱག་མཉམ་བཞག་སྤྱན་ནམ་མཁར་གཟིགས་ནས་དབྱིངས་རིག་བོན་སྐུར་གྲོལ་བའི་རྟགས་མཚན་དང་བཅས་ཏེ་མྱ་ངན་ལས་འདས་སོ། །

དམ་པ་དེ་དང་དུས་མཉམ་དུ་ངོ་མོའི་མཁས་པ་ཆེན་པོ་དཔལ་རྡོ་རྗེ་མཁར་ལ་སྲས་ལྷུན་གྲུབ་རྒྱ་མཚོ་བྱོན་པ་དེ་སྲས་བློན་ཆེན་ཆེ་མཆོག་དང་གསུང་འབུམ་རྒྱལ་གཉིས་ཡིན། བློན་པོ་ཆེ་མཆོག་ནི།  རབ་བྱུང་བདུན་པའི་ལྕགས་ལུག་ལོར་སྐུ་འཁྲུངས། (འདི་དབུས་གཙང་ན་རྒྱལ་བ་སྐུ་ཕྲེང་ཐོག་མ་རྗེ་དགེ་འདུན་གྲུབ་འཁྲུངས་པའི་ལོ་རེད།) དགུང་ལོ་བཅུ་གཉིས་ནས་ཡབ་ཆེན་ལྷུན་གྲུབ་རྒྱ་མཚོའི་བཀའ་བཞིན་རོང་བོ་བཀའ་གདམས་དགོན་པ་ནས་རིག་གནས་ལ་སྦྱངས། ཁྱད་པར་དགུང་ལོ་བཅུ་བདུན་ནས་མདོ་སྔགས་ཀྱི་གཞུང་ཆེན་མོ་སྦྱངས་ཤེས་རབ་རྣོ་བས་ཐོས་བསམ་ཕུལ་དུ་ཕྱིན། དགུང་ལོ་ཉེར་གཅིག་ནས་དགེ་རྒན་ལ་གནང་བ་ཞུས་ཏེ་གྲོང་དུ་འོང༌། དགུ་ལོ་ཉེར་གསུམ་ཐོག་རེབ་གོང་ཚོ་འདུ་ནས་ལྕམ་ཕག་མོ་སྒྲོན་མ་ཁབ་ཏུ་བཞེས་ཏེ་སྲས་གཉིས་འཁྲུངས་བ་ནི། ངོ་མོའི་དཀོན་མཆོག་ཚེ་རིང་དང༌། སྒྲ་ལྷ་མགོན་གཉིས་ཡིན། དགུང་ལོ་སོ་བདུན་པ་རབ་བྱུང་བདུན་པའི་མེ་ལུག(སྤྱི་ལོ༡༤༢༧)ལོར་རོང་བོའི་བླ་མ་ཏཱ་ཀོ་ཤྲཱི་བློ་གྲོས་སེང་གེ་དང༌། སྐུ་མཆེད་དཀོན་མཆོག་རྒྱལ་མཚན་རྣམ་གཉིས། རྒྱ་ནག་ཏུ་གོང་མ་ཟོན་ཏེ་རྒྱལ་བོ་ཁྲིར་བཞུགས་པ་ལ་མཇལ་འཕྲད་གནང་བར་ཕེབས་ཚེ། རེབ་གོང་གི་ས་སྐྱོང་མི་ཡི་དབང་པོ་དཔོན་ཆེན་བཅུ་གཉིས་ལ་བློན་ཆེན་གསུམ་རེ། བློན་ཆེན་རེ་ལ་ཞབས་ཕྱི་བཅས་ཏེ་བློན་ཞབས་ཕྱི་བརྒྱད་ཅུ་གོང་མའི་མདུན་དུ་ཐོན་ནས། རང་རང་གི་གནས་ཚུལ་ཞུ་འབུལ་བྱས་ཚེ། རྒྱལ་བོ་རླངས་ཚང་བླ་དཔོན་གྱི་བློན་ཆེན་གསུམ་ནི། ས་ཀོར་སངས་རྒྱས་འབུམ་དང༌། གདུང་ངེས་བློ་བཟང་རྒྱ་མཚོ་དང༌། ངོ་མོའི་ཆེ་མཆོག་རྒྱལ་གསུམ་ཡིན། སྐབས་དེར་རྒྱལ་བོའི་བླ་དཔོན་དགུང་ལོ་མཐོ་བའི་རྐྱེན་གྱིས། ངོ་མོའི་ཆེ་མཆོག་རྒྱལ་གྱིས་རྒྱལ་བོ་རླངས་ཚང་གི་ཚབ་བྱས་ནས་གནས་ཚུལ་མཐའ་དག་ཡར་ཞུ་བྱས་པས། རོང་བོ་བླ་དཔོན་རྣམ་གཉིས་གཙོས་བེ་ཧཱུ་རྣམ་པ་བློན་ཆེན་མི་དྲག་དུ་མའི་ཐུགས་ལ་དགའ་སྤྲོ་རྒྱས་ཤིང༌། རེབ་གོང་སྟོད་སྨད་བར་གསུམ་གྱིས་རླངས་ངོ་མོའི་དཔོན་པོ་ཆེ་མཆོག་ཅེས་སྙན་གྲགས་དབྱར་གྱི་འབྲུག་ལྟར་གྲགས། དུས་དེ་ནས་བཟུང༌། རོང་བོ་ནང་སོ་དང༌། རྒྱལ་བོ་རླངས་ཚང་བླ་དཔོན་རྣམས་ཀྱི་སྙིང་གི་ཐིག་ལེ་ལྟ་བུའི་ནང་བློན་ཆེན་པོར་གྱུར། གོང་མས་ཀྱང་མི་འདི་ལ་ཐུགས་ཤིན་ཏུ་དགྱེས་ནས་གསེར་དངུལ་མང་པོ་གནང་སྦྱིན་མཛད་པས། ངོ་མོའི་བོན་མང་གི་གསས་ཁང་ཆེན་མོ་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་བསྐྱར་བཞེངས་བྱས་ཏེ། བློན་ཆེན་དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བདུན་པའི་ས་རྟ་ལོར་གསས་ཁང་ཕྱི་ནང་རྟེན་དང་བརྟེན་པ་ཡོངས་འགྲུབ་བྱུང་ཞེས་རེབ་གོང་རུས་མཛོད་དུ་བཤད་ཡོད། དེ་ནས་དགུང་ལོ་ང་བརྒྱད་པ་རབ་བྱུང་བརྒྱད་པའི་ས་འབྲུག་ལོར། ཡར་ནང་རེབ་གོང་དང་མར་ནང་རྡོ་སྦིས་ཀྱི་སྡེ་བ་འགའི་བར་ལ་འགལ་བ་ཆེན་པོ་ཞིག་བྱུང་སྐབས། རོང་བོའི་ནང་སོ་དང་མར་ནང་ནང་སོ་གཉིས་ཀྱི་སྐུ་ཚབ་མཛད་ནས་གྱོད་གཞི་དེ་འདུམ་པར་བྱས་ཚེ། ཕྱོགས་གཉིས་ནས། ཡོ་བཟུར་མེད་པའི་གཟུ་བ། རླངས་ཚང་ངོ་མོའི་ཆེ་མཆོག ཅེས་བསྟོད་བསྔགས་བྱས་ཟེར་བ་ནི་སྲིད་དོན་ལ་མཁས་པ་གཅིག་པུ་མིན་པར། ནང་དོན་རིག་པའི་གཞུང་ལུགས་ལ་མཁས་ཤིང་རྒྱུ་འབྲས་བདེན་དོན་ལྟར་ལག་ལེན་བྱེད་པས་དེ་འདྲའི་སྙན་གྲགས་རྒྱས་པར་ངེས་སོ། །

དེ་ནས་བོན་བསྟན་བདག་གིར་མཛད་པའི་སྔགས་འཆང༌། སྲིད་ཀྱིས་འགྲོ་དོན་མཛད་པའི་མི་དབང༌། བློན་ཆེན་དམ་པ་དེ་ཉིད་དགུང་ལོ་དོན་དགུ་བ་རབ་བྱུང་བརྒྱད་པའི་ས་གླང་ལོར་སྐུ་ཚེ་དང་མཛད་པ་མཐར་ཕྱིན་ནས་ཞིང་གཞན་དུ་གཤེགས་པ་ནི། ཞང་ཞུང་ཆོས་དབང་གྲགས་པ་དགུང་ལོ་རེ་དྲུག་པར་ཞི་དབྱིངས་སུ་གཤེགས་པ་དང་དུས་མཉམ་མོ། །ཧོར་གྱི་རྒྱལ་ས་མཇུག་རྫོགས་ནས་ཏཱ་མིང་རྒྱལ་རབས་སྐབས་ཀྱི་ངོ་མོའི་དཔོན་རབས་དང་པོ་འདི་ཉིད་ཡིན་ལ། སྐབས་འདི་ནས་བཟུང་རེབ་གོང་རོང་འབྲོག་ཕྱོགས་ཀྱི་བླ་དཔོན་ཕལ་ཆེར་ལ་ཁྲི་དཔོན་དང༌། སྟོང་དཔོན་དང༌། བརྒྱ་དཔོན་གྱི་གོ་གནས་ཐོབ་པས་མི་ཆེན་དེ་རྣམས་རང་ས་རང་ཡུལ་སྐྱོང་བའི་བདག་པོར་གྱུར་ཏོ། །

ངོ་མོའི་དཔོན་པོ་བློན་ཆེན་ཆེ་མཆོག་གི་སྲས་ཆེ་བ་དཀོན་མཆོག་ཚེ་རིང་ལ་སྲས་གསུམ་བྱོན་པ་ནི། གཡུང་དྲུང་དར་རྒྱས་དང༌། ཚེ་རིང་བསོད་ནམས་དང༌། རྟོགས་ལྡན་སྟག་ལྷ་རྒྱལ་གསུམ་ཡིན། (གོང་གི་ངོ་མོ་འཇིགས་མེད་ཚེ་བརྟན་གྱི་སྲས་སྟག་ལྷ་རྒྱལ་དང་འདི་གཉིས་གཅིག་མིན།) སྲས་ཆུང་བ་སྒྲ་ལྷ་མགོན་གྱི་སྲས་བསྟན་འཛིན་གཤེན་རབ་དང༌། བོན་ཆེན་ཁྲོ་རྒྱལ་གཉིས་ཡིན་ཁོང་རྣམས་ཀྱང་བསྟན་པ་འཛིན་པའི་སྐྱེས་བུ་ཤ་སྟག་སྟེ་བོན་པོ་གཡུང་དྲུང་དར་རྒྱས་ནི། རྒན་གྱའི་རྟ་ཁྲའི་གཞུང་གི་མཁར་གཡུང་དྲུང་གི་མདུན་ནམ་ལྷོ་ཕྱོགས་རྩེ་ཞིག་སྟོང་ཉིད་བྱ་འཕུར་གྱི་གདན་ས་རྩེ་དབུས་ནང་དུ་གཞི་བཟུང་ནས་བསྡད་ཅེས་རུས་མཛོད་དུ་བཤད། རླངས་ངོ་མོའི་སྡེ་སྐྱོང་དཔོན་པོ་ཆེ་མཆོག་ཡབ་སྲས་འདི་དག་གི་རིང་ལ། རྒྱ་ནག་གི་གོང་མ་ཏཱ་མིང་ཧུན་ཨུ(洪武)རྒྱལ་བོ། ཡུང་ལོ་(永乐)རྒྱལ་བོ། ཧུན་ཞི(洪熙)རྒྱལ་བོ། ཟོན་ཏེ(宣德)རྒྱལ་བོ། ཀྲིན་ཐུང་(正统)རྒྱལ་བོ། ཅང་ཐེས་(景泰)རྒྱལ་བོ།  ཐེན་ཧྲིན(天顺)རྒྱལ་བོ།  ཁྲིན་ཧྭ(成化)རྒྱལ་བོ།  ཧུང་ཀྲི(弘治)རྒྱལ་བོ།  ཀྲིན་ཏེ(正德)རྒྱལ་བོ་སོགས་ཏཱ་མང་གོང་མ་རྒྱལ་རབས་བཅུ་ཕྲག་ཙམ་གྱི་རིང་ལ་ཆོས་སྲིད་ཀྱི་བྱ་བ་གང་ལེགས་དང་མི་རིགས་ལ་ཕན་པ་གང་མང་བསྒྲུབས་ཡོད་པས། རེབ་གོང་རུས་མཛོད་ནང་དུའང་སྒྲོ་སྐུར་མེད་པར་དོན་དངོས་ཅི་བཞིན་བྲིས་པ་རེད་ལ་ཁོ་བོས་ཀྱང་སྒྲོ་བཏགས་འུར་བསྟོད་ཀྱིས་བསླད་པ་ཅི་ཡང་མེད་དོ། །

ཡང་ངོ་མོའི་བོན་པོ་བཀྲ་ཤིས་རྒྱལ་ལ་སྲས་གཉིས་བྱུང་བ་ནི། རླངས་ཚང་བསྟན་པ་ཚེ་རིང་དང༌། ལྷུན་གྲུབ་རྒྱལ་གཉིས་ཡིན། བསྟན་པ་ཚེ་རིང་ལ་སྲས་དཔའ་མཁར་ཚེ་རིང་དང༌། ལྷུན་གྲུབ་རྒྱལ་ལ་སྲས་མང་པོ་ཡོད་པར་བཤད་ཀྱང༌། དབང་འབུམ་རྒྱལ་དང༌། དཔའ་རྒྱལ་བྱམས་སོགས་ལོ་རྒྱུས་མི་སྣ་གལ་ཆེན་བསྟན་པ་དང་འགྲོ་དོན་ལ་ཕྱག་རྗེས་ཆེ་བ་དག་མ་གཏོགས་འདིར་མ་བྲིས་སོ། །

ཡང་ངོ་མོའི་སྡེ་སྐྱོང་དཔོན་པོ་ཆེ་མཆོག་གི་ཚ་བོ་རྟོགས་ལྡན་སྟག་ལྷ་ཞེས་པ་ནི། རབ་བྱུང་བརྒྱད་པའི་ལྕགས་བྱ་(སྤྱི་ལོ༡༥༠༡)གི་ལོར། ཡབ་དཀོན་མཆོག་ཚེ་རིང་གི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ནས་གྱང་རིའི་མཁར་མོ་བྱམས་རིག་མར་བསྟེན་ནས་སྲས་བསམ་གཏན་སྒྲོན་མ་དང༌། ཚེ་རིང་ཐར་སོགས་བྱུང༌། དགུང་ལོ་ཉེར་བདུན་པ་རབ་བྱུང་དགུ་བའི་མེ་ཕག་ལོར་ཁམས་ཕྱོགས་སུ་ཕེབས་སྐབས་དེར་དབུས་གཙང་ན་པཎ་ཆེན་སྐུ་ཕྲེང་ཐོག་མ་དབེན་ས་བ་བློ་བཟང་དོན་གྲུབ་དང༌། རྒྱལ་བ་དགེ་འདུན་རྒྱ་མཚོ་བཞུགས་པའི་ཞལ་མཇལ། བོན་གྱི་མཁས་པ་མང་པོའི་ཞབས་བསྟེན་ཏེ་ལོ་བཅུ་དགུའི་ཡུན་ལ་བོན་གཞུང་ཆེན་མོ་རྣམས་ལ་གསན་སྦྱངས་མཛད་ནས་མཁས་པར་གྱུར་ཅེས་རུས་མཛོད་དུ་བཤད་པ་ནི། སྨན་རིའི་མཁན་ཆེན་བསོད་ནམས་ཡེ་ཤེས་དང༌། སྟག་གུ་ཉི་མ་རྒྱལ་མཚན་དང༌། དེའི་ཞལ་སློབ་དམ་པ་བློ་གྲོས་རྒྱལ་མཚན་དང༌། སྐུ་མདུན་བསོད་ནམས་གཡུང་དྲུང་དང་(ལམ་རིམ་དྲུག་ཅུ་བ་མཛད་པ་པོ)གཤེན་གཙུག་ཕུད་འོད་ཟེར། འཁྲུལ་ཞིག་གཡུང་དྲུང་ཚུལ་ཁྲིམས(འདི་རྩ་རླུང་རྣལ་འབྱོར་བ་ཆེན་པོ་བླ་མ་རས་སྐྱང་བ་ཞེས་སུ་གྲགས་པ་དེ་ཡིན)། ལྡོང་སྒོམ་བསྟན་པ་ལྷུན་གྲུབ(ཀོང་བོའི་སྟག་རྩེ་རི་ཁྲོད་འདེབས་པ་པོ)། རྟོགས་ལྡན་མེ་རི་འབར་བ(རྒྱལ་རོང་བ་ཡིན)། མཁས་གྲུབ་གཡུང་དྲུང་གྲགས་པ་སོགས་ཀྱི(ཉག་རོང་བ་ཡིན)། ཞབས་པད་བསྟེན་པ་རེད། སྐབས་དེར་དབུས་གཙང་ན་འབྲི་གུང་བས་དགེ་ལུགས་པ་ལ་དམག་འཁྲུག་བྱས་ཏེ་གནོད་སྐྱོན་ཐེབས་པའི་དུས་སུ་རྟོགས་ལྡན་སྟག་ལྷ་རིན་པོ་ཆེ་དགུང་ལོ་ཞེ་དྲུག་པ་རབ་བྱུང་དགུ་བའི་མེ་རྟ་ལོར་ཕྱིར་རང་ཡུལ་དུ་བྱོན་ནས(མི་ལོ་སུམ་ཅུའི་ཡུན་ལ)བོན་མང་གི་སློབ་ཚོགས་མང་པོར་གཞུང་ཁྲིད་དབང་ལུང་མན་ངག་དང་བཅས་པ་གནང་ནས་བསྐྱངས། ཀུན་གྱི་ངོ་མོའི་མཚམས་རྒན་རིན་པོ་ཆེ་སྟག་ལྷ་འགྱུར་མེད་ཀྱི་ཡང་སྲིད་ཡིན་པར་གླེང༌། དགུང་ལོ་དོན་ལྔ་བ་རབ་བྱུང་བཅུ་བའི་ལྕགས་སྦྲུལ་ལོ་ནས་མི་ལོ་བཅུ་ཕྲག་ཙམ་ལ་སྒོ་གསུམ་བཅད་རྒྱར་བཞུགས་པས་སྔར་ལས་ལྷག་པའི་མངོན་ཤེས་དང་གྲུབ་རྟགས་བསམ་གྱིས་མི་ཁྱབ་པར་མངའ་བརྙེས། སྐབས་འདི་རེབ་གོང་ན་གྲུབ་ཆེན་ཆོས་པ་རིན་པོ་ཆེ་སྐུ་འཁྲུངས་པ། སྐུ་འབུམ་དགོན་པ་གསར་དུ་ཆགས་པ་དང༌། རྒྱ་ནག་ཏུ་ཏཱ་མང་གོང་མ་ཝན་ལིས(万历)རྒྱལ་བོ་ཁྲི་ལ་བཞུགས་ཡོད་པའི་སྐབས་རེད། དེ་ནས་རྟོགས་ལྡན་རིན་པོ་ཆེ་དགུང་ལོ་གྱ་ལྔ་བ་རབ་བྱུང་བཅུ་བའི་ཆུ་འབྲུག་ལོ་ལ། ཐོས་བསམ་སྒོམ་པའི་འབྲས་རྟགས་མངོན་དུ་གསལ་བཞིན་ངོ་མོའི་གདན་ས་བྱིན་རླབས་ཅན་དུ་དགོངས་པ་ཞི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཏོ། །

ཡང་ངོ་མོའི་དཔོན་པོ་བློན་ཆེན་ཆེ་མཆོག་གི་སྲས་རླངས་ཚང་སྒྲ་ལྷ་མགོན་ལ་སྲས་བོན་པོ་དབལ་ཆེན་ཁྲོ་རྒྱལ་ཞེས་མཁས་པ་གྲགས་ཆེན་ཞིག་བྱོན་པ་ནི། རབ་བྱུང་དགུ་བའི་ལྕགས་འབྲུག་ལོར་སྐུ་འཁྲུངས། དགུང་ལོ་དྲུག་ནས་ཡི་གེ་བྲི་ཀློག་ལ་སྦྱངས། དགུང་ལོ་བཅུ་ནས་བོན་གཞུང་ཆེན་མོ་རྣམས་ལ་སྦྱངས་པས། ཉི་མ་རེ་ལ་ཤོག་ལྡེབ་ཁྲུ་ཚད་མ་བཅུ་རེ་བློ་ལ་འཛིན་ཐུབ་པས་སྙན་གྲགས་རྒྱས་ཞེས་རེབ་གོང་རུས་མཛོད་དུ་བཤད་ཡོད། དགུང་ལོ་ཉི་ཤུ་བ་རབ་བྱུང་དགུ་བའི་ས་ཕག་ལོར། ཡབ་ཡུམ་དང་ཉེ་མི་རྣམས་ཀྱིས་མི་ཚོར་བ་བྱས་ནས་ཁམས་ཕྱོགས་བརྒྱུད་དེ་དབུས་གཙང་ལྷོ་ཕྱོགས་སུ་ཕེབས། བོན་གྱི་བླ་མ་མཁས་གྲུབ་གཉིས་འཛོམས་ཀྱི་བཤེས་གཉེན་ཉི་ཤུ་རྩ་གཅིག་གི་ཞབས་པད་མི་ལོ་སུམ་ཅུ་སོ་གསུམ་རིང་ལ་བསྟེན་ནས་མཁས་པ་ཆེན་པོའི་སྙན་གྲགས་རྒྱས། གྲུབ་པ་མཐོན་པོའི་གོ་འཕང་བརྙེས། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་བའི་ཆུ་སྤྲེལ་ལོར། སྐྱིད་ཤོད་དུ་ཕག་གྲུའི་སྡེ་གཟར་ལངས། འབྲི་གུང་དང་སྟག་ལུང་བར་འགལ་བ་བྱུང་ནས་མི་བདེ་བར་གྱུར་སྐབས། འོད་དཀར་བཟའ་ཡེ་ཤེས་དབང་མོ་དང༌། སྲས་འཇིགས་མེད་ནམ་མཁའ་དང་བཅས་ཏེ་ཁམས་ཕྱོགས་བརྒྱུད་ནས་ལོ་གསུམ་གྱི་ཡུན་ལ་གནས་མཇལ་མཛད་ནས་དགུང་ལོ་ང་དྲུག་པ་རབ་བྱུང་བཅུ་བའི་ཤིང་ཕག་ལོར་རང་ཡུལ་རེབ་གོང་རླངས་ངོ་མོའི་གདན་སར་འབྱོར། དེ་ནས་བཟུང་ལོ་བཅོ་ལྔའི་ཡུན་ལ་བོན་མང་འདུས་པ་རྒྱ་མཚོར་དབང་ལུང་ཁྲིད་གསུམ་གནང་ནས་སློབ་ཚོགས་བསྐྱངས། ཁོང་གི་སློབ་རྒྱུད་ལ་བོན་གྱི་མཁས་པ་དང་གྲུབ་པ་འགའ་རེ་བྱུང་ཞེས་རུས་མཛོད་དུ་བཤད་ཡོད། དེ་ནས་དགུང་ལོ་བདུན་ཅུ་བ་རབ་བྱུང་བཅུ་བའི་ས་གླང་ལོ་ནས་མི་ལོ་བཅུ་ཕྲག་བར་དུ་སྐུ་མཚམས་དམ་པོར་བཞུགས་ནས་མེས་པོ་གྲུབ་དབང་གོང་མ་རྣམས་ཀྱི་དགོངས་སྤྱོད་བླ་ན་མེད་པ་ཇི་བཞིན་བསྐྱེད་རྫོགས་རྫོགས་ཆེན་གྱི་གདམས་པ་མ་ལུས་པ་ཐུགས་ཉམས་སུ་བསྟར་ནས་མཐར་ཕྱིན་པ་ན། དགུང་ལོ་གྱ་གཅིག་པ་རབ་བྱུང་བཅུ་བའི་ལྕགས་བྱི(སྤྱི་ལོ༡༦༠༠)ལོར་གྲུབ་རྟགས་ངོ་མཚར་བ་དང་བཅས་ཏེ་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །

གྲུབ་ཆེན་དེ་ཉིད་ཀྱི་སྐུ་སྲས་འཇིགས་མེད་ནམ་མཁའ་མཆོག་ནི། རབ་བྱུང་དགུ་བའི་བགྲང་བྱ་ཞེ་བཞི་བ་ལྕགས་ཁྱི(སྤྱི་ལོ༡༥༥༠)ལོར་དབུས་གཙང་ལྷོ་ཕྱོགས་འོད་དཀར་ཁོག་ཟེར་བའི་ས་ཆ་དེ་ནས་ཡུམ་འོད་དཀར་བཟའ་ཡེ་ཤེས་དབང་མོ་ལ་སྐུ་བལྟམས། དགུང་ལོ་བདུན་ནས་ཡབ་ཡུམ་གཉིས་ཀྱི་མདུན་ནས་ཡི་གེ་དང་བོན་ལ་སྦྱངས། དགུང་ལོ་བཅུ་གཅིག་ནས་མཁས་གྲུབ་ཆེན་པོ་དབལ་གསས་ཁྲོ་རྒྱལ་འཇིགས་མེད་ཀྱི་ཞབས་བསྟེན། (འདི་ངོ་མོའི་སངས་རྒྱས་བཀྲ་ཤིས་ཀྱི་སྲས་དབལ་གསས་ཁྲོ་རྒྱལ་ཞེས་སྔགས་འཆང་སྒྲུབ་གཤེན་ཚད་ལྡན་ཅིག་བྱོན་པ་དེ་ཡིན་ནམ་སྙམ།) དབང་ལུང་མན་ངག་བུམ་པ་གང་བྱོའི་ཚུལ་དུ་གནང་བས་གདམས་པ་མན་ངག་གི་མཛོད་དུ་གྱུར། དགུང་ལོ་ཉེར་དྲུག་པར་ཡབ་ཡུམ་དང་ལྷན་དུ་རང་ཡུལ་རླངས་ཚང་ངོ་མོའི་གདན་སར་འབྱོར། དགུང་ལོ་ཉེར་བརྒྱད་པ་མེ་གླང་ལོར་ཞོ་འོང་ཉིན་ཐའི་བུ་མོ་ཀླུ་མོ་བྱམས་རིག་མར་བསྟེན། སྲས་གཉིས་འཁྲུངས་པ་ནི། གཅེན་ཀུན་བཟང་རྒྱ་མཚོ་དང༌། གཅུང་གཡུང་དྲུང་ཚེ་བརྟན་ཡིན། དགུང་ལོ་སོ་ལྔ་བ་རབ་བྱུང་བཅུ་བའི་ཤིང་སྤྲེལ་ལོར། ཡབ་ཀྱིས་བཀའ་གནང་བ་བཞིན་ཁམས་ཕྱོགས་སུ་བྱོན་ནས་བེ་རི་ཁྲོ་གཉན་རྒྱལ་མཚན་ཞབས་ཀྱིས་ཟིན། གླང་ཞིག་རྒྱལ་བ་བློ་གྲོས་ནས་མཁའ་འགྲོ་གསང་གཅོད་ཡིད་བཞིན་ནོར་བུའི་གདམས་པ་མ་ལུས་པ་གནང༌། བོད་ཡུལ་ན་ཧོར་དམག་གིས་བསྟན་པའི་གནས་གཞི་གྲགས་ཆེ་བ་རྣམས་མེད་པར་བཏང་བ་ལ། སྔགས་རྙིང་མ་བའི་བླ་མ་སོག་ཟློག་པ་ཆེན་པོས་མངོན་སྤྱོད་མཛད་པ་བཞིན། སྤྲུལ་སྐུ་ཁྲོ་གཉན་རིན་པོ་ཆེས་སོག་དམག་ཟློག་པ་ལ་གཅོད་ཀྱི་གདམས་པ་ཟབ་པར་དགོངས་ནས་དར་སྤེལ་མཛད་པ་ནི་རྩེ་ཞིག་གཅོད་འགྲེལ་ལས་གསུངས། དེ་ཕྱིར་རྟོགས་ལྡན་གྲུབ་ཐོབ་དུ་མས་ཉམས་བཞེས་མཛད་པ་ལགས་སོ། །སྐབས་འདི་ནི། རབ་བྱུང་དྲུག་པའི་ས་སྤྲེལ(སྤྱི་ལོ༡༣༦༧)ལོ་ནས་ཧོར་གྱི་རྒྱལ་ས་མཇུག་རྫོགས་ནས། རྒྱ་ནག་གོང་མ་ཏཱ་མིང་རྒྱལ་བོ་ཧུན་ཨུ(洪武)ཁྲིར་བཞུགས་པའི་དུས་ཡིན་ནོ། །

དེ་ནས་གྲུབ་ཆེན་སྟག་ལྷ་འགྱུར་མེད་དབུས་གཙང་དུ་བྱོན་ནས། རྒྱལ་བ་མཉམ་མེད་རིན་པོ་ཆེ་རྗེ་ཤེས་རབ་རྒྱལ་མཚན་དང༌། གཤེན་ཉི་མ་རྒྱལ་མཚན་དང༌། ཁྱུང་བོ་བློ་གྲོས་རྒྱལ་མཚན་དང༌། རྒྱལ་ཚབ་རིན་ཆེན་རྒྱལ་མཚན། མངའ་རིས་བསོད་ནམས་རྒྱལ་མཚན། སྐྱིད་སྟོན་ཁྲོ་བོ་རྒྱལ་མཚན། ཕྱུག་ཚང་བསྟན་པ་རྒྱལ་མཚན། མངའ་རིས་ཚུལ་ཁྲིམས་རྒྱལ་མཚན། སྒོ་རྟོགས་ཡེ་ཤེས་སེང་གེ ཁྱུང་བོ་རང་གྲོལ་བླ་མ། ཁྲོ་གཉན་རྒྱལ་བ་བློ་གྲོས་སོགས་ཀྱི་ཞབས་བསྟེན་པ་ཡིན་པས། རུས་མཛོད་དུའང་བོན་གྱི་མཁས་པ་བཅུ་གཅིག་གི་ཞབས་པད་ལོ་བཅོ་བརྒྱད་རིང་བསྟེན་ནས་མཁས་པ་ཆེན་པོར་གྱུར་ཅེས་བཤད་པ་ནི་དེ་ལྟར་ཡིན་ནོ། །དེ་ནས་དགུང་ལོ་ཞེ་གསུམ་པ་རབ་བྱུང་བདུན་པའི་ཆུ་བྱ་ལོར་རང་ཡུལ་དུ་བྱོན། དགུང་ལོ་ཞེ་ལྔ་ནས་བཟུང་གནས་ངེས་མེད་དུ་རི་ཁྲོད་དང་སྒྲུབ་སྡེ་སོ་སོར་བཞུགས་ནས་སྒོམ་སྒྲུབ་ཉམས་ལེན་མཛད་ཞོར་སློབ་ཚོགས་བསྐྱངས། དགུང་ལོ་དྲུག་ཅུ་བཞེས་ཚེ་སྐུ་སྲས་རིན་ཆེན་ནོར་བུ་སོགས་ཉེ་མི་རྣམས་ཀྱིས་ངོ་མོ་ནས་བཞུགས་དགོས་ཞེས་ཞུས་ཏེ་གདན་དྲངས། དགུང་ལོ་རེ་གཅིག་པ་ལྕགས་ཡོས་ལོར། ཁོང་ཉིད་བཟའ་མི་དང་ལྷན་དུ་མི་འདུག་ཁྱིམ་དུ་བསྡད་ན་ཉམས་ལེན་ལ་གནོད་གསུངས་ནས། མཚམས་ཁང་དུ་སྒོ་གསུམ་བཅད་རྒྱ་དམ་པོ་མཛད་ནས། མི་ལོ་ཉི་ཤུ་རྩ་བདུན་ལ་སྒོམ་སྒྲུབ་ཉམས་ལེན་ཁོ་ནར་བཞུགས་པས། ངོ་མོའི་སྒྲུབ་གཤེན་སྟག་ལྷ་འགྱུར་མེད་རིན་པོ་ཆེ་ཞེས་ཡོངས་གྲགས་ངོ་མོའི་མཚམས་རྒན་ཚང་ཞེས་ངེས་པ་དོན་གྱི་རྣལ་འབྱོར་བ་ཆེན་པོ་བཤེས་གཉེན་མཚན་ཉིད་དང་ལྡན་པ་མཁས་གྲུབ་གཉིས་འཛོམས་ཀྱི་སྙན་གྲགས་ཕྱོགས་སུ་རྒྱས། སྐབས་དེར་དབུས་ཁམས་ཕྱོགས་སོགས་མདོ་དབུས་གཙང་གསུམ་སྟོད་སྨད་ཀུན་ཏུ་ཐོས་བསམ་སྒོམ་སྒྲུབ་ཀྱི་དོན་ཆེད་ཕེབས། བོན་གྱི་མཁས་གྲུབ་ཚད་ལྡན་བརྒྱད་ཀྱི་ཞབས་པད་ལོ་བཅོ་ལྔའི་ཡུན་དུ་བསྟེན་ནས་མཁས་པ་ཆེན་པོར་གྱུར། དགུང་ལོ་ཞེ་དགུ་བ་རབ་བྱུང་བཅུ་བའི་ས་ཁྱི་ལོར་རང་ཡུལ་དུ་བྱོན་སྐབས། ཡུམ་ཡེ་ཤེས་དབང་མོ་འདས་ཟིན། དེ་ནས་ལོ་གཉིས་ཙམ་ནས་ཡབ་དབལ་ཆེན་ཁྲོ་རྒྱལ་རིན་པོ་ཆེ་དགུང་ལོ་གྱ་གཅིག་པ་ལ་མྱ་ངན་ལས་འདས་པས་ཐུགས་ལ་སྐྱོ་སྣང་ཚད་མེད་སྐྱེས། དེ་ནས་ཁུ་བོ་བསྟན་འཛིན་གཤེན་རབ་ཀྱི་སྲས་དཔའ་དར་འབུམ་ཟེར་བས་ཉེ་མི་ནང་ཁུལ་དུ་རྩོད་པ་བྱས་ནས་འགལ་བ་བྱུང་ཚེ། མཁས་དབང་འཇིགས་མེད་ནམ་མཁའ་ནི། བོན་ཁོ་ན་དོན་དུ་གཉེར་བ་མ་གཏོགས། སྲིད་ཀྱི་རྩོད་པ་ལ་གཏན་ནས་མི་དགྱེས་པས། ས་ཞིང་ཡུལ་མཁར་ཐམས་ཅད་དཔའ་དར་འབུམ་ལ་ཕུལ་ནས། ཁོང་ཡབ་སྲས་དང་བཅས་པ་རིག་མའི་ཡུལ་ཞོ་འོང་ཉིན་ཐ་ཡ་མགོ་རུ་གཞི་ཆགས། དེ་ནས་བཟུང་ཉིན་ཐའི་བོན་པོ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་དམ་པ་འཇིགས་མེད་ནམ་མཁའ་ཞེས་མཚན་སྙན་ཕྱོགས་སུ་ཁྱབ།  ཁོང་གི་སྐུ་ཚེ་སྨད་ནས་ཉིན་ཐ་བོན་པོ་ལོ་རྒྱུས་དང་གཅིག་ཏུ་འབྲེལ་བར་བཤད་དོ། །

དེ་དང་དུས་མཉམ་དུ་ངོ་མོའི་དཔོན་པོ་རྡོ་རྗེ་ཚེ་བརྟན་ཞེས་ཆོས་སྲིད་ཀྱི་ལུགས་གཉིས་ལ་མཁས་པ་ཞིག་བྱོན་པར་གྲགས། དེ་ཡང་ཁོང་ནི་རབ་བྱུང་དགུ་བའི་ས་སྤྲེལ(སྤྱི་ལོ༡༥༤༨)ལོར། ངོ་མོའི་གཡུང་དྲུང་རྒྱལ་མཚན་གྱི་སྲས་སུ་འཁྲུངས། དགུང་ལོ་ཉི་ཤུ་བ་རབ་བྱུང་བཅུ་བའི་མེ་ཡོས་ལོ་ནས་བཟུང༌། རྒྱལ་བོ་རླངས་ཚང་བླ་དཔོན་ལ་ཞབས་ཕྱི་མཛད་ནས་བློན་པོ་མཁས་གྲགས་ཅན་དུ་གྱུར། དགུང་ལོ་ཉེར་གཅིག་ཐོག་འཇའ་མོའི་གཡང་སྐྱིད་ཟེར་བ་ཆུང་མར་བླངས་ནས་སྲས་བཞི་བྱུང་བ་ནི། རླངས་ཚང་ཀུན་དགའ་རབ་བརྟན་དང༌། རླངས་རྡོ་རྗེ་མཁར། ཚེ་འབུམ་རྒྱལ། མཁའ་འགྲོ་ཚེ་བརྟན་བཅས་བཞི་ཡིན། དགུང་ལོ་སོ་གཉིས་པ་རབ་བྱུང་བཅུ་བའི་ས་ཡོས་ལོར། རོང་བོ་ནང་སོ་དང་རྒྱལ་པོ་རླངས་ཚང་བླ་དཔོན་དང་ལྷན་དུ་རྒྱ་ནག་རི་བོ་རྩེ་ལྔའི་མཆོད་རྟེན་བཞེངས་པ་ལ་ཞལ་འདེབས་འབུལ་བར་བྱོན། ནང་སོ་དང་རླངས་ཚང་གི་ཚབ་བྱས་ནས། རེབ་གོང་གི་ཞལ་འདེབས་ཐམས་ཅད་ངག་ཐོག་ནས་ཕུལ་ཚེ་རླངས་རྡོ་རྗེ་ཚེ་བརྟན་གྱི་མཁས་ཚུལ་དང༌། གཏམ་ཁ་ལྕེ་སྨྲ་མཁས་ཀྱི་ཡོན་ཏན་ལ་རྒྱ་བོད་སོག་གསུམ་གྱིས་བསྔགས་བརྗོད་ཚད་མེད་བྱས་ནས་སྙན་གྲགས་ཕྱོགས་སུ་རྒྱས། དེ་ནས་རླངས་རྡོ་རྗེ་ཚེ་བརྟན་རང་ལོ་ང་བརྒྱད་པ་རབ་བྱུང་བཅུ་བའི་ཤིང་སྦྲུལ(སྤྱི་ལོ༡༦༠༥)ལ། རོང་བོ་དགོན་པའི་འདུ་ཁང་བཞེངས་པ་ལ་ཞབས་འདེགས་གང་ལེགས་བསྒྲུབས། དེ་རྗེས་རང་ལོ་རེ་བདུན་པ་རབ་བྱུང་བཅུ་བའི་ཤིང་སྟག་ལོར་འདས་སོ། །

ཡང་ངོ་མོའི་ནམ་མཁའ་ཚེ་རིང༌། རབ་བརྟན་འབུམ། སྟོབས་ལྡན་རྒྱ་མཚོ་རྣམས་ནི་བསྟན་སྲིད་ལ་བྱས་རྗེས་ཆེ་བའི་ལོ་རྒྱུས་མི་སྣ་ཡིན་པ་དང༌། ཡང་རླངས་ཚང་བསོད་ནམས་རྒྱ་མཚོ་དང༌། རྡོ་རྗེ་ལྷ་རྒྱལ་ཕ་བུ་གཉིས། ཡང་ངོ་མོའི་ཚེ་རིང་དོན་གྲུབ་ལ་སྲས་ཐོགས་མེད་གཡུང་དྲུང་དང༌། བློ་གྲོས་རྒྱལ་མཚན་སྐུ་མཆེད་ཀྱང་སྒྲུབ་གཤེན་གོང་མའི་བརྒྱུད་འཛིན་བསྟན་འགྲོར་ཕན་ཐོགས་པ་བྱུང་བ་དང༌། ཡང་གོང་དུ་བཤད་པའི་ངོ་མོའི་དཔོན་པོ་རྡོ་རྗེ་ཚེ་བརྟན་གྱི་སྐུ་མཆེད་རླངས་ནོར་བུ་དབང་རྒྱལ་བྱ་བ་ཡང་ཀུན་གྱིས་བརྩི་བཀུར་བྱེད་ཅིང་གོང་འོག་བར་གསུམ་གྱིས་མཐོང་ཆེན་བྱེད་པའི་མི་དབང་བསོད་ནམས་ཅན་ཞིག་བྱུང༌། དེ་ནས་སྐབས་ཤིག་སྟག་ལུང་དཔལ་གྱི་རི་བོའི་བྱང་ཕྱོགས་ཀྱི་རི་ལ་བྱང་རིའམ་གྱང་རི་ཞེས་པའི་དབེན་གནས་སུ་སྒྲུབ་པའི་རྒྱལ་མཚན་སྡེ་རྨད་དུ་བྱུང་བ་ཞིག་བཙུགས། དེ་ཡང་འདུལ་བའི་སྡེ་མིན་པའི་སྟབས་ཀྱིས་ཕྱིས་སུ་གྲོང་སྡེ་རུ་གྱུར། འོན་ཀྱང་སྒྲུབ་རྒྱུད་ཀྱི་སྲོལ་མ་ཉམས་པར་གནས་པས། སྒྲུབ་གཤེན་རྣམས་རིམ་བཞིན་བྱོན་ནས་བསྟན་པ་བསྐྱངས་པ་ཡིན་ལ།

ངོ་མོ་དང་གྱང་རི་གཉིས་བོན་གྱི་སྒྲུབ་སྡེ་རྩ་ལག་གཅིག་ཡིན་པས་ཕྱོགས་གཅིག་ཏུ་བསྡུས་ནས་འཆད་དགོས་ཀྱང་ད་ལྟ་སྒྲུབ་སྡེ་སོ་སོར་ཡོད་པས་གྲུབ་ཆེན་གོང་མ་རྣམས་ཀྱི་བརྒྱུད་འཛིན་ངོ་མོའི་སྔགས་འཆང་ལྕགས་པོ་རྒྱལ་ཞེས་ཡོངས་སུ་གྲགས་ཤིང་སྦྱར་བྱང་འགར་དབང་ཆེན་བདུད་འདུལ་གསང་བ་རྩལ་དུ་འབོད་པ་རྟོགས་ལྡན་རྣལ་འབྱོར་བ་ཚད་ལྡན་ཅིག་བྱོན། ཁོང་གིས་ཐོག་མར་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་རིན་པོ་ཆེའི་ཞབས་པད་ཚུལ་བཞིན་བསྟེན་ནས་སྔོན་དངོས་རྗེས་གསུམ་གྱི་སྦྱངས་པ་གྲུབ། ཁྱད་པར་རིམ་གཉིས་ཟབ་མོའི་རྣལ་འབྱོར་རྩལ་དུ་བཏོན་ནས་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ་རང་བྱན་ཆུད་པས། ཡི་དམ་གཞུང་བཞིན་གྲུབ། སྲུང་མ་བྲན་བཞིན་བཀོལ། ཕྱི་ཚུལ་དུ་གྲོང་སྔགས་དཀྱུས་མའི་ཚུལ་དུ་བཞུགས། ནང་དུ་སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་སྒོས་རྟོགས་པའི་ལྟ་བ་ཁྱད་དུ་འཕགས། ཚུལ་འཆོས་ཀྱི་སྤྱོད་པ་གཟབ་ནས་གཞན་ཡིད་བསླུ་བའི་བླ་གྲྭ་ཟ་འདོད་ཅན་རྣམས་སྙིགས་མའི་འདྲེན་པར་རློམས་པ་ཞེས་བཀྱོན་པ་གནང༌། བྱ་ཉུང་དོན་ཉུང་ཁེངས་སྐྱུང་ཆོག་ཤེས་ལྡན་པ་རྣམས་ནི་བཀུར་བསྟིའི་གནས་ཞེས་བསྔགས་བརྗོད་མཛད་ཅིང༌། ཁོང་རང་ཉིད་ཀྱང་དོན་ལ་གནས་ཏེ་ཡོན་ཏན་ཡོད་ཀྱང་ཁེངས་དྲེགས་མི་མངའ་བར་དམན་ས་འཛིན། མཐུ་སྟོབས་ནུས་པ་དེ་འདྲ་ཞིག་ཆེ་ཡང་ཞིང་བཅུ་ཚང་བའི་བསྟན་དགྲ་ཞིག་མ་ཡིན་ན་སྤྱི་སྒོས་ཀྱི་དགྲ་གང་ཡིན་ལ་བྱམས་སྙིང་རྗེ་བསྒོམ་པ་ལས་ཉོན་མོངས་རང་ཀ་བ་གཏན་ནས་མི་མངའ། དངོས་དང་ཉམས་སྣང་རྨི་ལམ་གང་རུང་གི་སྒོ་ནས་བསྟན་འགྲོར་ཕན་པའི་མཛད་རྗེས་མང་དུ་ཡོད། སློབ་བུ་རྣམས་ཀྱིས་ཁྱེད་ནི་གྲུབ་པའི་གོ་འཕང་མཐོན་པོ་བརྙེས་འདུག་ཅེས་ཞུས་ན་ཐུགས་མི་དགྱེས་ཀྱང༌། སྒྲ་བླའི་རྒྱལ་མོ་སྟག་རི་རོང་གིས་བསྟན་དགྲ་དངོས་སུ་བསྒྲལ་བའི་ཚུལ་དངོས་དང་ཉམས་སྣང་དུ་བྱུང་བ་ཇི་བཞིན་བོན་མང་གི་འདུས་སྡེ་སོ་སོ་ནས་གར་འཆམ་དུ་འཁྲབ་བཞིན་པ་འདི་ཡིན་ལ། དྲག་པོ་མངོན་སྤྱོད་ཀྱི་ལས་མཐའ་ཕྱག་ལེན་དང་བཅས་པ་རྗེས་འཇུག་བུ་སློབ་གསང་རྒྱ་ཐུབ་པ་རྣམས་ལ་གདམས་ཡོད་ཅིང༌། བླ་མ་དང་བསྟན་པའི་དོན་གལ་ཆེན་མིན་ན་རང་དོན་དུ་མངོན་སྤྱོད་ཀྱི་ལས་མཐའ་མི་རུང་ཚུལ་ནམ་ཡང་གསུངས་བཤད་གནང་ཞེས་སློབ་བརྒྱུད་དུ་མའི་ངག་ན་ཡོད། ཁོང་ནི་ཆོས་རྗེ་རིན་པོ་ཆེའི་དངོས་སློབ་ཐུགས་ཀྱི་སྲས་ཆེན་ཡིན་པར་མ་ཟད་མཁར་ནག་གྲུབ་ཆེན་གྱི་སྐུ་ཕྲེང་གཉིས་པ་གཡུང་དྲུང་ཡེ་ཤེས་ཀྱི་ཞལ་སློབ་ཡིན་པ་དང་བོན་མང་གི་གཅོད་ཀྱི་བྱིངས་འདྲེན་ཡིན་པ་སོགས་ནི་ཆོས་རྗེའི་གཅོད་འགྲེལ་ལས། བླ་མའི་གསོལ་འདེབས་བཀྲ་ཤིས་བུམ་བཟང་ཞེས་བྱ་བ། ཨེ་མ་ཧོ། རྣམ་འདྲེན་རྒྱལ་བའི་སྤྱི་གཟུགས་སྙ་ཆེན་པའི། །མཆོག་གི་རྣམ་རོལ་བསྟན་འགྲོའི་དཔལ་ཤར་བ། །བསྐྱེད་རྫོགས་སྒོམ་པའི་གདེང་ལྡན་བསྟན་འཛིན་རྗེ། །དྲུང་མུ་ཧ་རའི་ཞབས་པད་བརྟན་གྱུར་ཅིག །ཅེས་པའི་སྨོན་ཚིག་འདི་ནི། གཅོད་ཀྱི་བྱིངས་འདྲེན་ངོ་མོའི་ལྕགས་པོ་རྒྱལ་ལ་བླ་མ་ཆོས་རྗེས་བཀས་བསྐུལ་བར་མི་ཕྱེད་དད་པའི་སྒོ་ནས་བྲིས་སོ། །ཞེས་གསུངས་པས་ཤེས་སོ། །དེ་ལྟར་གསང་སྔགས་རིག་པ་འཛིན་པ་འདི་ཉིད་ཚེ་དང་སྒྲུབ་པ་མཉམ་སྐྱེལ་མཐར་ཕྱིན་ཏེ་ཞི་དབྱིངས་སུ་གཤེགས་སོ། །གང་གི་ཡང་སྲིད་འཁྲུལ་མེད་དུ་བྱོན་པ་ནི། ངོ་མོའི་སྔགས་འཆང་འབྲུག་འབུམ་ཡིན། ཁོང་ནི་ཆུང་ངུའི་དུས་ནས་སྙིང་རྗེ་ཆེན་པོ་རང་གཤིས་སུ་མངའ་བས་ཐེག་པ་ཆེན་པོའི་རིགས་སད། སྔོན་གྱི་སྦྱངས་འཕྲོ་ལེགས་པས་ཆོས་རྗེ་རིན་པོ་ཆེ་ཐུགས་ཀྱི་ཡང་སྲིད་བྱང་ཆུབ་སེམས་དཔའ་ཆེན་པོ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་མཆོག་གི་ཞབས་པད་ཚུལ་བཞིན་བསྟེན། སྔོན་དངོས་རྗེས་གསུམ་གྱི་ཉམས་ལེན་གཞུང་བཞིན་བགྱིས་ཏེ་གསང་སྔགས་ཀྱི་དབང་བཞི་རིམ་པར་ཐོབ་ཅིང་དམ་ཚིག་ཚུལ་བཞིན་བསྲུང༌། དབེན་གནས་སུ་བསྙེན་སྒྲུབ་ཟབ་མོའི་རྒྱུན་བསྐྱངས། སྐུ་ཚེ་གོང་མ་བཞིན་རྟོགས་པ་མཁའ་ལྟར་མཐོ་ཡང༌། སྤྱོད་པ་བྲན་ལྟར་དམན་ས་བཟུང་ནས་བཞུགས། རིམ་གཉིས་སྒོམ་སྒྲུབ་ལས་མཐའ་དང་བཅས་པ་ལ་བྱང་ཆུབ་པས་དོན་གྱི་གནད་ལ་མཁས་ཤིང་ལག་ལེན་ཚད་དུ་ཕྱིན། སྡེ་སྤྱིའི་དོན་དུ་སྲུང་ཟློག་བསད་གསུམ་གྱི་ལས་མཐའ་རེ་བྱས་ནའང༌། ཁོང་ནི་ནམ་ཡང་སྒྲུབ་དཔོན་ཡིན་པ་དང༌། མཆེད་གྲོགས་དང་བརྒྱུད་འཛིན་རྣམས་ནས་སློབ་དཔོན་དུ་བཀུར་ཏེ། ཕྱག་ལེན་དང་གདམས་པ་མན་ངག་ཐམས་ཅད་ཁོང་ལས་བསླབ་ན་སུས་ཀྱང་ཁུངས་ལྡན་དུ་ཁས་ལེན། ནམ་ཡང་གསུང་བཤད་དུ་རབ་བསྐྱེད་རྫོགས་ཟུང་འབྲེལ། འབྲིང་ཚིག་རྗེས་དོན་དྲན། ཐ་མས་ཀྱང་དད་པ་དག་སྣང་གི་ངོས་ནས་ཆོ་ག་བོན་སྤྱོད་མཐའ་དག་ལ་འབད་དགོས་ཚུལ་དང༌། དྲག་པོ་ལས་སྦྱོར་སྐབས་སུའང་ཞིང་བཅུ་ཚང་བ་མ་ཡིན་ན་མི་དང་མི་མིན་ཉེས་མེད་ཀྱི་ལྷ་འདྲེ་གང་ཡང་བསད་ལས་འགུགས་སྒྲོལ་གྱི་དམིགས་ཡུལ་དུ་འཛིན་མི་རུང་ཞེས་གསང་སྔགས་ཀྱི་ཉེས་ལྟུང་འབྱུང་ཚུལ་སོགས་དང་རྒྱུན་དུ་བྱམས་སྙིང་རྗེ་འདི་གལ་ཆེ་ཚུལ་ནན་ཏན་དུ་གསུངས་པར་གཞལ་ན་ངེས་པ་དོན་གྱི་རྣལ་འབྱོར་བ་ཞིག་ཡིན་ཞེས་གཞན་གྱིས་བསྔགས་བརྗོད་བྱེད་པ་དོན་ལ་གནས་པར་སེམས་སོ། །སྐབས་ཤིག་ན་དགྲ་འདུལ་གཉེན་སྐྱོངས་དོན་དུ་ཡུལ་གྱི་སྤྱི་དཔོན་གྱིས་བཀའ་བབས་ཏེ་ཕྱོགས་གཞན་ཞིག་ནས་སྡང་བའི་དགྲ་ཐད་སོར་བུད་པའི་ཕས་རྒོལ་འགའ་ཞིག་ལིང་བགོས་བྱས་ཏེ་སྒྲུབ་གཤེན་ནུས་མཐུ་ཅན་རྣམས་ལ་གཏད་ནས་མངོན་སྤྱོད་མཛད་ཚེ་གཞན་རྣམས་ཀྱིས་རང་ཡུལ་གྱི་རྒྱལ་བོའི་བཀའ་དང་དུ་བླངས་ནས་ཚར་བཅད། ཁོང་གིས་དམིགས་ཡུལ་གྱི་དགྲ་གཟས་པ་པོ་ལ་བདེན་པ་བདར་ཞིང་འགུགས་གཞུག་རེ་བྱས་པ་ཙམ་གྱིས་སྲུང་མ་ལས་ལ་མྱུར་བས་དངོས་སུ་ཁུག་རྟགས་བྱུང་ཚེ། འགུགས་སྒྲོལ་བསད་ལས་མཚམས་བཞག་ནས། འོ་ཁྱོད་ནི་བསྟན་པའི་སྤྱི་དགྲ་མ་ཡིན་བླ་མའི་སྐུ་དགྲ་མ་ཡིན། ཉོན་མོངས་དུག་ལྔའི་གཞན་དབང་དུ་གྱུར་པའི་ལས་ངན་ཁྱོད་སྙིང་རེ་རྗེ་ཞེས་གསུངས་ཏེ་སྤྱན་ཆབ་བསིལ་ཞིང་སྲོག་ཐར་དུ་བཏང་བ་ཡིན་ཞེས་བླ་མ་དང་མཆེད་གྲོགས་ཀྱི་གསུང་རྒྱུན་ནས་མང་དུ་ཐོས་མྱོང༌། གཞན་ཡང་ཡུལ་མི་བསྟན་སྦྱིན་དང་བླ་དཔོན་འགས་དགོས་དབང་གིས་མཐུ་བཅོལ་རེ་བྱས་ནའང༌། རྒྱུ་ནོར་དང་སྙན་གྲགས་མི་དགོས་བྱང་ཆུབ་ཀྱི་སེམས་མི་ཉམས་པ་གལ་ཆེ་ཞེས་རྗེས་འཇུག་རྣམས་ལ་གདམས། མཐར་བརྒྱུད་འཛིན་གྱི་སྒྲུབ་གཤེན་བར་མ་ཆད་པར་འབྱུང་བའི་སྨོན་འདུན་དང་བཅས་ཏེ་རང་སྟོབས་ཀྱིས་འཕོ་བའི་ངང་ནས་ཞི་དབྱིངས་སུ་གཤེགས་སོ། །

ཡང་ངོ་མོའི་སྔགས་འཆང་གཅོད་དབང་མཐུ་ལྡན་བྱ་བ་ཞིག་བྱོན། ཁོང་ནི་གྱང་རིའི་གྲུབ་ཆེན་ཐུགས་རྗེ་དབང་འབུམ་གྱི་དུས་མཉམ་ཡིན་ལ་བླ་མ་གཅིག་པའི་མཆེད་གྲོགས་ཡིན། མཁར་ནག་གྲུབ་ཆེན་ཁུ་དབོན་དང༌། རྩེ་ཞིག་གྲུབ་དབང་འགྱུར་མེད་ཀུན་བཟང་རྒྱ་མཚོའི་ཞལ་སློབ་ཡིན། ཐེག་པ་ཆེན་པོ་གསང་བ་སྔགས་ཀྱི་སྒོར་ཞུགས། དམ་ཚིག་གི་རྨང་གཞི་བརྟན། ལྟ་སྒོམ་གྱི་གདེང་ལྡན། སྤྱོད་པ་རླབས་ཆེ། ཕྲིན་ལས་ཀྱི་གཞུང་བསྲིང་ཏེ་བསྙེན་སྒྲུབ་ཚད་དུ་ཕྱིན། བསྐྱེད་རིམ་ཟབ་མོའི་གསལ་སྣང་ཆེན་པོ་ཐོན་ཏེ་ནུས་པ་ཕུལ་དུ་ཕྱིན་པས། སྐབས་ཤིག་སེར་བ་དྲག་པོ་ཞིག་བབས་ཚེ་གཞན་ལ་གནོད་པ་མི་ཉན་དགོངས་ནས་ཁོང་རང་ཉིད་ཀྱི་ཞིང་ཐོག་ཏུ་བསྐྱིལ་བར་དམིགས་པས་གཟིར་བས་གཞན་གྱི་ལོ་ཏོག་ལ་ཅུང་ཙམ་མ་གནོད་པར་རང་གི་ཞིང་རིང་ཟེར་བ་གཅིག་པུ་མེད་པར་བཏང༌། དེ་ལ་ཡུལ་ཕྱོགས་ཀྱི་སྡེ་བ་ཀུན་ནས་བསྔགས་བརྗོད་ཕུལ། དེ་ཡང་ནུས་མཐུ་ཆེ་བ་ཙམ་དུ་མ་ཟད་རང་བས་གཞན་གཅེས་ཀྱི་སེམས་མངའ་བའི་མངོན་རྟགས་འཁྲུལ་མེད་དུ་ཤེས། དེ་ནས་བཟུང་ཁོང་གི་བརྒྱུད་འཛིན་ལ་གཞན་ཕན་གྱི་སེམས་དང་ལྡན་པའི་སེར་སྲུང་ནུས་ལྡན་པ་མང་དུ་བྱོན་པ་ལགས་སོ། །

ཡང་ངོ་མོའི་སྔགས་འཆང་ཡི་དམ་རྒྱ་མཚོ་ཞེས་དབུ་མཛད་སྐད་གྲགས་ཅན་ཞིག་བྱོན། ཁོང་ནི་ཆོས་རྗེ་བོན་བརྒྱ་བ་གཡུང་དྲུང་ཕུན་ཚོགས་ཀྱི་ཞལ་སློབ་རྩིས་ཆེན་ཞིག་ཡིན། ཆུང་དུས་ནས་ལས་འཕྲོ་སད་ཅིང་དད་བརྩོན་ཆེ་བ་ཚོགས་གསོག་སྒྲིབ་སྦྱོང་བསྙེན་སྒྲུབ་ཉམས་ལེན་ལ་དོན་གཉེར་ཆེ་བས་སྒྲུབ་གཤེན་ཚད་ལྡན་དུ་གྱུར། ཁྱད་པར་སྤྱི་སྤུངས་སྐོར་གསུམ་དང༌། དབལ་རམ་འབུམ་པའི་ཕྲིན་ལས་ལ་རང་བྱན་ཆུད། སྐུའི་གཟི་བརྗིད་དང་གསུང་གི་སྒྲ་གདངས་ལ་ཀུན་ཀྱིས་ཡིད་སྨོན་འཆོར་ཞིང༌། གཞན་གྲྭ་ས་ཆེན་པོ་རྣམས་ནས་ཐུགས་ཡིད་འཕྲོག་པར་གྱུར་ནས་སྙན་གྲགས་ཆེ་བའི་སྐབས་སུ་བོན་མང་ཕུར་ཐོགས་སྟོང་གི་བྱིངས་འདྲེན་ཆེན་མོའི་འགན་བཞེས། ལས་སྣེ་མཐོ་གྲས་དང་རྒན་མང་གཞུང་ལས་ཀྱི་གོ་གནས་བཟུང་སྟེ་སྒྲུབ་རྒྱུད་ཀྱི་བསྟན་པ་ལ་ནུས་པ་ཆེན་པོ་བཏོན་ནས་བསྟན་འགྲོར་ཕན་པ་རླབས་ཆེན་མཛད། རླངས་རྒྱལ་བོའི་སྤྱི་དཔོན་མི་དབང་རྡོ་རྗེ་ནས་སྐུ་བསྲུང་གི་དཔོན་དུ་བཀུར། སྤྱི་དཔོན་ཁོང་ཉིད་ཀྱང་སྔགས་རྙིང་མ་བའི་བསྟན་པའི་རྩ་ལག་ཆེན་པོར་གྱུར་ནས་ཆོས་སྲིད་གཉིས་ཀའི་བྱ་བ་སྔར་ལས་ལྷག་པར་གྲུབ་ཅིང་མངའ་ཐང་སྙན་གྲགས་དགུང་ལ་མཆེད། བོན་མང་ཕུར་ཐོགས་སྟོང་གིས་ཀྱང་ནམ་ཡང་སྐུ་བསྲུང་རིམ་གྲོ་སྒྲུབ་ཅིང་ཐུགས་ཀྱི་བསྲུང་གུར་དུ་གཅེས་པར་འཛིན་ལ་ཕན་ཚུན་འབྲེལ་བ་དམ་ཟབ་ཏུ་གྱུར། བྱིངས་འདྲེན་ཆེན་མོ་ཁོང་ཉིད་ཀྱང་རླངས་སྤྱི་དཔོན་གྱི་གཉེན་སྟོན་ཞིག་གི་སྐབས་སུ་ཁྲི་མཐོན་པོར་བཞུགས་སུ་གསོལ་ནས་བཀུར་བསྟི་ཚད་མེད་བྱས་པར་སྟོན་བཤད་དང་འབྲེལ་ཆོས་སྲིད་ཟུང་དུ་འབྲེལ་ནས་བཤད་པ་རྒྱ་ཆེར་གནང་ཚེ་ལུགས་གཉིས་ལ་མཁས་པའི་སྙན་པ་གསེར་ལྗོངས་མཛེས་པའི་རྒྱན་དུ་ཤར། དེ་ནས་ཆགས་སྡང་ཕྲག་དོག་གི་ཟུག་ངུས་གདུངས་པ་འགའ་ཞིག་གི་མིག་ནང་དུ་མ་ཤོང་བར་རྐྱེན་ངན་དབང་གིས་གཟུགས་སྐུའི་ཉི་མ་ཆུ་ལྷའི་དབྱིངས་སུ་གཟིམས་པར་གྱུར་ཏོ། །ཡང་ངོ་མོའི་སྔགས་བོན་ཇོ་རིན་ཟེར་བ། ཡི་དམ་ཀུན་བཟང་རྒྱལ་བ་འདུས་པ་ལ་བརྟེན་ནས་ཨ་དཀར་སལེ་གསལ་བ་དགུ་འཛབ་ཀྱི་སྙིང་པོ་ཆུ་བོའི་རྒྱུན་བཞིན་བཟླ་ཞིང༌། རྨ་ཆེན་པོམ་ར་ནི་སྲུང་མའི་གཙོ་བོར་བསྙེན་པས་ལྷག་པའི་ལྷ་དང་བླ་མ་དབྱེར་མེད་དུ་གྲུབ། རྒྱལ་བ་མཉམ་མེད་ཆེན་པོས་ཀུན་བཟང་སྒྲུབ་ཚེ་པོམ་རའི་ཞལ་གཟིགས། རྨ་ཆེན་སྒྲུབ་ཚེ་གཤེན་ལྷའི་ཞལ་གཟིགས་པ་ནི། ཀུན་བཟང་གཤེན་ལྷའི་ཐུགས་སྤྲུལ་པོམ་ར་ཡིན་པས་སོ། །ཞེས་གསུངས་པ་ལྟར། བརྒྱུད་འཛིན་བོན་པོ་གནམ་ལྷ་ཚེ་རིང་ཞེས་པས་ཕ་མེས་བཞིན་ཡི་དམ་དང་སྲུང་མ་གཅིག་ལ་བློ་རྩེ་གཏད་དེ་བསྙེན་ཅིང་བསྒྲུབས་པས་རྗེས་འཇུག་བརྒྱུད་འཛིན་བོན་པོ་སྤུན་བཞི་བྱུང་བ་ཐམས་ཅད་ཀྱང་ལྷ་དང་བླ་མས་རྗེས་སུ་བཟུང་སྟེ་རིག་འཛིན་འདུས་པའི་ལས་སྣེ་ཆེ་བ་ཁུར་ཐུབ་པ་བྱུང་ངོ༌། །

ཡང་ངོ་མོ་ཉིན་གྱི་ལྷ་ཐོ་ཟེར་བ། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་དངོས་སློབ་དད་པ་དང་དམ་ཚིག་གཙང་བ་ཁ་དོན་སྒྲིབ་སྦྱོང་ལ་འབད་པས་སྒྲུབ་པའི་མཆོད་པ་འབུལ་ནུས་ཤིང༌། འབྱོར་བ་ཆེ་བས་ཟང་ཟིང་གི་མཆོད་པ་འབུལ་བ་སོགས་བསམ་སྦྱོར་ཡང་དག་པས་བླ་མའི་ཐུགས་ཟིན་པ་ཞིག་བྱུང༌། བོན་མང་གཞུང་གི་ཚོགས་ཆེན་དགེ་བསྐོས་ལོ་གསུམ་ལ་ཁུར་ནས་རྒན་མང་གཞུང་ལས་ཚོགས་པའི་གོ་གནས་བཟུང་སྟེ་བསྟན་པའི་གཞུང་དོན་ཅི་ནུས་བསྒྲུབས་ནས་སྐུ་ཚེ་མཐར་ཕྱིན་ཏེ་གཤེགས། ཡང་ངོ་མོའི་སྒྲུབ་གཤེན་བྱམས་པ་རྒྱལ་ཞེས་པ་ཆུང་ངུའི་དུས་ནས་ཆོས་རྗེ་བོན་བརྒྱ་བའི་ཞབས་ཀྱིས་ཟིན་ཏེ་སྐྱབས་སྡོམ་གྱིས་བསྟན་སྒོར་ཞུགས། ཡི་དམ་དབལ་རམ་འབུམ་པ་དང༌། སྤྱི་སྤུངས་ཁྲོ་བོ་དབལ་གསས་སོགས་ཀྱི་བསྙེན་སྒྲུབ་ལས་སྦྱོར་བྱང་ཆུབ་པ་མཛད། བོན་མང་རྒན་གྲས་སུ་བཞུགས་སྐབས་བསྟན་པའི་སྤྱི་དགྲ་དང་བླ་མའི་སྐུ་དགྲ་ལ། ལས་མཐའ་དྲག་པོ་མངོན་སྤྱོད་ཀྱིས་ཚར་གཅོད་ནུས་པའི་སྔགས་འཆང་ཚད་ལྡན་ཞིག་ཏུ་གྱུར། རང་ཉིད་ལོ་ཆུང་དུས་དབུ་སྐྲ་དང་སྨ་ར་དཀར་པོ་ཅན་སྔགས་འཆང་གི་ཆས་གོས་ལྡན་པ་མཐོང་བ་ཙམ་གྱིས་གྲུབ་ཆེན་གོང་མ་རྣམས་ཀྱང་འདི་འདྲ་ཡིན་རྒྱུ་རེད་སྙམ་པ་ཡིད་ལ་ཤར་མྱོང་བ་ད་དུང་མི་བརྗེད་པར་འདུག སྐུ་ཚེ་མཐར་ཕྱིན་ནས་བསྟན་འགྲོའི་དོན་ལ་ཐུགས་སྨོན་རྒྱ་ཆེན་གནང་བཞིན་དབྱིངས་སུ་གཤེགས། ཡང་ངོ་མོའི་མ་རྒྱལ་ཟེར་བ་བསྟན་སྦྱིན་གྲས་སུ་རྩིས་ཆེ་ཞིང་འབྱོར་བ་ཆུད་ཟོས་སུ་མི་གཏོང་ཞིང་བསོད་ནམས་ཆེ་བས་ཚོགས་གསོག་པ་ལ་དགའ་བ་དེའི་བརྒྱུད་འཛིན་གཡུང་དྲུང་དང༌། མཁའ་འགྲོ་སོགས་ཀྱང་བསྟན་པ་ལ་དད་ཅིང་སྒྲུབ་མཆོད་ཆེ་ཆུང་ཀུན་ལ་ཞབས་འདེགས་ལེགས་པོ་བྱེད་བཞིན་ཚེའི་དུས་བྱས་སོ། །

ཡང་བོན་པོ་ཀུན་བཟང་དང་བརྒྱུད་འཛིན་ཚེ་རིང་བསམ་འགྲུབ་སོགས་སྒྲུབ་གཤེན་དུ་མ་ཕྱི་ནས་བལྟས་ན་གྲོང་སྔགས་དཀྱུས་མ་ལྟར་སྣང་ཡང༌། ནང་དུ་བསྙེན་ཁང་དུ་སྒྲུབ་ཚུགས་བཟུང་ནས། ལོ་ཟླ་དུས་སུ་མ་ཆགས་པར་བསྙེན་སྒྲུབ་ཟབ་མོ་དང་ཚོགས་མཆོད་བསྐང་གསོལ་ལ་འབད་ཅིང༌། རང་རང་གི་སྒྲུབ་ཁང་ཀུན་ན་གྱེར་དབྱངས་ཀྱི་གདངས། རྔ་གཤང་གི་སྒྲ། བསང་གསུར་གྱི་དྲི། དུང་གླིང་གི་སྐད་སོགས་འུར་འུར་ཆེམ་ཆེམ་ཡིན་པས། དད་ལྡན་རྣམས་ཀྱིས་ཐོས་ན་ཡིད་སྤྲོ་ཞིང༌། ཕས་རྒོལ་ལོག་ལྟ་ཅན་གྱི་སྙིང་མི་བདེ་བར་འགྱུར་བ་ཡིན། དེ་ཡང་ཕྱི་ཚུལ་ཙམ་མ་ཡིན་ཏེ་འདིར་འཁོད་རྣམས་ནི་དད་དམ་གཙང་ཞིང་འགྱུར་ལྡོག་མེད་པར་བོན་ལ་ཡིད་ཆེས་བརྟན་པོ་རྙེད་པ་ཁོ་ན་ཡིན་པས་ལྷ་དང་སྲུང་མ་ལུས་དང་གྲིབ་མ་བཞིན་དུ་འཁོར་བ་དང་སྒྲུབ་རྒྱུད་ཀྱི་བསྟན་པའི་སྲོལ་མི་ཉམས་པར་འཛིན་པ་ཡིན་ངེས་པས་མཚན་ཐོ་ཙམ་བཀོད་པ་ལགས་སོ། །

དུས་ཕྱིས་སུ་ངོ་མོའི་མ་མགོའི་ཨ་མྱེས་གཅོད་པ་ཐར་དང༌། ཡ་མགོའི་ཨ་མྱེས་མཁར་བྱམས་རྒྱལ་ཞེས་ངོ་མོའི་སྒྲུབ་དཔོན་རྣམ་གཉིས་སུ་གྲགས་པ་དུས་མཉམ་དུ་བྱོན། ཡུལ་འདིར་མི་ཆེ་བ་ལ་ཞེ་ས་བརྗོད་པའི་ཚུལ་དུ་ཨ་མྱེས་ཞེས་འབོད་པས་དེ་སྐད་བརྗོད། ཨ་མྱེས་ཆེ་བ་སྔགས་འཆང་གཅོད་པའི་མཚན་ཅན་ནི། ཆུང་ངུའི་དུས་ནས་ལས་འཕྲོ་བཟང་བས་བསྟན་སྒོར་ཞུགས། ཀློག་དང་ཆོ་ག་འདོན་སྤྱོད་ཕྱག་ལེན་གྱེར་དབྱངས་བཅས་ལ་བྱང་ཆུབ། སྐབས་ཤིག་བར་ཆོད་ཀྱི་མཚན་མ་ཅུང་ཙམ་བྱུང་ནས་འབྱུང་ཁམས་མི་བདེ་བར་གྱུར་ཚེ་རྐྱེན་ངན་གྲོགས་སུ་སོང་ནས་ཆོས་རྗེ་བོན་བརྒྱ་བ་གཡུང་དྲུང་ཕུན་ཚོགས་དང་གྲུབ་དབང་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་ཞབས་པད་བསྟེན་ནས། སྔོན་དངོས་ཟུང་འབྲེལ་གྱི་ཉམས་ལེན་ལ་གཞོལ་བས་ནད་གཞི་སངས་དྭངས་སུ་སོང༌། དེ་ནས་བཟུང་བླ་མའི་རྣལ་འབྱོར་དང་རྒྱལ་ཡུམ་བྱམས་མ་ཐུགས་དམ་གྱི་མཐིལ་དུ་མཛད། ཡི་དམ་ཞི་བ་ཀུན་བཟང་རྒྱལ་འདུས་དང༌། ཁྲོ་བོ་ཆེ་མཆོག་དབལ་གསས། དབང་ཆེན་འབུམ་པ་དང་སྤྱི་འདུལ་རྟ་དབུ་དམར་ཆུང༌། སྟག་ལྷ་རྣམ་འཇོམས་གདུགས་དཀར་སོགས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་པ་རེ་མཛད། དེ་རྗེས་ཡི་དམ་ཁྱད་པར་ཅན་དེ་དག་ཚང་མ་རྒྱུན་ཁྱེར་ཆགས་མེད་ཡིན། བསྟན་པའི་སྲུང་མ་སྲིད་རྒྱལ་དང་སྒྲ་བླའི་རྒྱལ་མོ། བྲག་བཙན་དང་སྐྱེས་བུ་གནམ་ལྷ་སོགས་རྒྱུན་དུ་བསྟེན་ཅིང་མཆོད། ལོ་ཁ་ཤས་སུ་བོན་བརྒྱ་བླ་བྲང་དུ་ཞབས་ཕྱི་གང་ལེགས་བསྒྲུབས་ནས་ཕྱག་བསྐོར་སྒྲིབ་སྦྱོང་ལ་འབད། དུས་འགྱུར་གྱིས་རང་དབང་བྲལ་ན་ཡང་སེམས་ཀྱི་དམ་བཅའ་འདོར་མ་མྱོང་ལ། རང་གཞན་ལ་ཕན་པ་སྒྲུབ་པའི་བརྩོན་སེམས་ལྷོད་མ་མྱོང༌། བོན་མང་ནང་དུ་གསང་སྔགས་ཀྱི་བརྒྱུད་འཛིན་ནུས་པའི་རྗེས་འཇུག་གཤེན་པོ་འགའ་ལ་གསང་བའི་སྒོ་ནས་ཆོ་ག་འདོན་སྤྱོད་གྱེར་དབྱངས་ཕྱག་ལེན་སོགས་མ་ནོར་བར་བསླབ་སྟེ། མ་འོང་བ་ན་རང་དབང་རེ་ཡོད་ན་སྒྲུབ་རྒྱུད་ཀྱི་བསྟན་པའི་སྲོལ་མི་ཉམས་པར་འཛིན་རྒྱུ་གལ་ཆེ་ཞེས་ཡང་ཡང་གདམས། ལྷ་དང་བླ་མས་རྗེས་སུ་བཟུང་ནས་སྒྲུབ་པ་ཉམས་ལེན་ལ་བར་ཆོད་མ་བྱུང་བར་ཚེ་མཐར་ཕྱིན། བླ་མའི་སྐུ་དོན་དང་བསྟན་པའི་ལས་དོན་ཁོ་ན་ཡིད་ལ་བཅང༌། མཆོག་གསུམ་ལ་དད་གུས་གདུང་ཤུགས་དྲག་པོ་དང་བཅས་ཏེ་བདེ་བར་གཤེགས་སོ། །

གང་གི་རྩ་བའི་མཆེད་གྲོགས་དམ་པ་སྔགས་འཆང་མཁར་བྱམས་མཚན་ཅན་ནི། ལོ་ཆུང་དུས་ནས་བླ་མ་བསྟེན་ཏེ་སྐྱབས་སྡོམ་བླངས་ནས་བསྟན་སྒོར་ཞུགས། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཞབས་ཀྱིས་ལེགས་པར་ཟིན། དེ་ནས་གྲུབ་དབང་ནམ་མཁའ་རྒྱལ་མཚན་དང༌། སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་དང་རྟོགས་ལྡན་དབྱིངས་རིག་རྣམ་གྲོལ(སྔགས་འཆང་འབུམ་པ)སོགས་དམ་པ་དུ་མའི་ཞབས་པད་ཚུལ་བཞིན་བསྟེན། བཀའ་བཞིན་སྒྲུབ་པའི་མཆོད་པ་ལྷུར་བླངས་ནས་བླ་མའི་ཐུགས་ཟིན་པ་བྱུང༌། དེ་ཡང་སྔོན་འགྲོ་བསགས་སྦྱང་དངོས་གཞིའི་ཉམས་ལེན་མཐའ་དག་བླ་མའི་རྣལ་འབྱོར་ལ་བརྟེན་ནས་གྲུབ། ཡི་དམ་བསྙེན་སྒྲུབ་སྐོར་ལ། ཀུན་བཟང་རྒྱལ་བ་འདུས་པའི་བསྙེན་ཆེན་ཐེངས་མང༌། ཁྲོ་བོ་དབལ་གསས་དང༌། དབང་ཆེན་འབུམ་པ། ཁྲག་འཐུང་རོལ་བ། ཞི་ཁྲོ་ཐོས་གྲོལ། མཁའ་འགྲོ་གསང་གཅོད། སྐྱང་སྤྲུལ་གྱི་ཡི་དམ་ཀུན་འདུས་སོགས་ཀྱི་བསྙེན་སྒྲུབ་ཟབ་མོ་དཀའ་བ་དུ་མ་སྤྱད་ནས་ཉམས་སུ་བླངས། དེ་ཡང་ཀུན་མཁྱེན་ཤར་རྫ་བའི་ལྷ་གཉན་ཤེལ་སྒོང་ལ་སྦྱངས་ཏེ་གནད་དུ་འགྲོ་བར་སྦྱངས་པས་ཁྱད་དུ་འཕགས་པའི་ནུས་ལྡན་པར་གྱུར། སྤྱོད་ལམ་རྣམ་བཞིར་བླ་མ་ཡི་དམ་དབྱེར་མེད་ལ་སྙིང་ནས་གསོལ་བ་འདེབས་པ་ནི་བརྗེད་མི་རུང་ཞེས་གསུངས་པ་སློབ་བུ་མཆེད་གྲོགས་རྣམས་ལ་བསྐུལ་མ་ཐོབ། དེ་ཡང་ཁ་བཤད་ཙམ་མ་ཡིན་ཏེ་བླ་མའི་མཚན་བརྗོད་པ་ཙམ་གྱིས་བཅོས་མིན་གྱི་དད་པས་ཡིད་དབང་མེད་དུ་གཡོ་ཞིང་སྤྱན་ཆབ་ཤར་ཤར་འབབ་པ་དང༌། བྱིན་དབབ་པ་ཉམས་རྟོགས་བོག་འདོན་པ་སོགས་ཀུན་གྱིས་མཐོང་ཐོས་ཡོད། ཁྱད་པར་སྐྱང་སྟོན་རྒྱལ་བའི་དབང་པོ་ཕྱོགས་འདིར་བྱོན་ནས་དབང་ལུང་ཁྲིད་གསུམ་མང་དུ་གནང་སྐབས། ཕྱོགས་ཉེ་རིང་གང་དུ་བཞུགས་ན་རྐང་བས་ངལ་བ་བརྟེན་དཀའ་བ་ཁྱད་དུ་བསད་སྐོམ་པས་ཆུ་དང་དབུལ་བོས་ནོར་རྙེད་པ་ལྟར་དགའ་བ་དད་གུས་དཔག་མེད་ཀྱི་ངང་ནས་གཞན་དང་མི་མཚུངས་པའི་དོན་གཉེར་དང་བརྩོན་འགྲུས་ཆེན་པོ་བསྐྱེད་ནས་བླ་མའི་ཐུགས་ཟིན་པ་བྱུང༌། བོན་བརྒྱ་རྣམ་གཉིས་ནས་བོན་མང་ལ་ཞི་ཁྲོ་གསར་དུ་བཙུགས་པ་དང༌། སྐྱང་སྤྲུལ་རིན་པོ་ཆེ་ནས་ཡི་དམ་ཀུན་འདུས་གསར་དུ་བཙུགས་པ་ལ་སྔགས་འཆང་འདིས་བརྩོན་འགྲུས་དྲག་པོ་དང་ལྷག་བསམ་བཟང་པོའི་སྟོབས་ཀྱིས་ལེགས་པར་ཚུགས། དེར་མ་ཟད་མཁའ་འགྲོ་གསང་གཅོད་ཀྱི་ཕྱག་ལེན་བཅས་ལའང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་བ་ལ་ཀུན་སློང་རྣམ་པར་དག་པས་འབད་པ་བགྱིས་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རོ། །དུས་ཀྱི་འགྱུར་བ་ཆེན་པོ་བྱུང་ནས་སྐུ་གསུང་ཐུགས་རྟེན་རྣམས་འབྱུང་བཞིའི་ཀློང་དུ་གཟིམས། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཞིང་གཞན་དུ་གཤེགས་ནས་རྒྱལ་བའི་བསྟན་པ་ཉག་ཕྲ་བར་གྱུར་ཚེ་ངོ་མོའི་སྒྲུབ་གཤེན་འདི་རྣམ་པ་གཉིས་ཀས་སྒྲུབ་སྡེ་སོ་སོ་ན་ཡོད་པའི་རྩ་བའི་མཆེད་གྲོགས་དད་དམ་གཙང་ཞིང་ཐུགས་ནང་གཤིན་པ་དག་ལ་གསང་བའི་འཕྲིན་ཡིག་སྤྲིངས་ཏེ་ཆེད་དུ་ཞུ་བ་འདི་ལྟར། ཁྱེད་རྣམ་པས་ཐུགས་ལ་ནན་ཏན་འཛིན་རྒྱུ་ནི། མ་འོང་བ་ན་བསྟན་པའི་བྱ་བ་ལ་རང་དབང་ཞིག་ཡོད་སྲིད་ན་ཐང༌། ད་ནས་བཟུང་རང་རང་རྒྱུད་ཀྱི་སྐྱབས་འགྲོའི་བསླབ་པ་མི་འདོར་བ་དང་དམ་པ་གོང་མའི་ཕྱག་སྲོལ་མི་བརྗེད་པ་སོགས་གལ་ཆེ་ཞེས་བསླབ་བྱ་ཡང་ཡང་གནང་མྱོང་བས་གྲོགས་ཕན་ཚུན་ཐུགས་ཀྱི་བརྩེ་གདུང་སྔར་ལས་ལྷག་པ་ཡིན་པས་བོན་མང་གཞུང་ལའང་བཀའ་དྲིན་ཆེ། རང་ལ་ནི་ཕ་མ་ལས་ལྷག་པའི་གཅེས་སྤྲས་ཚད་མེད་ཀྱིས་བསྐྱངས་ནས། ད་ཚེ་དང་སྒྲུབ་པ་མཐར་ཕྱིན་སོང༌། བླ་མའི་སྐུ་དོན་དང་ཚེ་གེགས་བར་ཆད་ཞི་བའི་ཆེད་དུ་འཆི་བ་འོང་ན་བཅོས་མིན་གྱི་སྨོན་པ་ཡིན་གསུངས་ནས་རྣམ་པ་གཉིས་སྔ་ཕྱི་རིམ་བཞིན་ཆ་ལུགས་ལྔ་ལྡན་ངང་ནས་བདེ་བར་གཤེགས་སོ། །

 

གྲུབ་ཐོབ་ཡེ་ཤེས་མཚོ་རྒྱལ་ཐུགས་བསྐྱེད་ཀྱིས། །

བརྒྱུད་འཛིན་ཕྲེང་བའི་ཉག་ཐག་མ་ཆད་པར། །

ཕྱི་རབས་བུ་ལ་ཕ་ཡི་ནོར་བཞིན་དུ། །

སྒྲུབ་རྒྱུད་བསྟན་པའི་སྲོལ་གྱིས་ཕན་བདེ་བསྐྲུན། །

 

ཡེ་ཤེས་རྒྱ་མཚོའི་གཏེར་ལ་དབང་སྒྱུར་རྒྱལ། །

རྒྱལ་བསྟན་རྣམ་པར་དག་པའི་མངའ་མཛད་བདག །

བདག་ཉིད་བདེ་བ་ཡིད་བྱེད་དམན་པའི་ལུགས། །

ལུགས་སུ་མི་འཛིན་བོད་ཀྱི་བོན་རང་ལུགས།

 

བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བསྒྲིགས་པའི་བསྟན་འབྱུང་རིན་ཆེན་ཤེལ་གྱི་རྒྱང་མཐོང་ལས་རླངས་ཚང་ངོ་མོའི་སྐབས་བཤད་པའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།