གྲུབ་ཐོབ་ཆེན་པོ་སྤྱི་རྟིང་འཁོར་ལོས་བསྒྱུར་བའི་བརྒྱུད་འཛིན་རིམ་བྱུང་།

གྲུབ་ཐོབ་ཆེན་པོ་སྤྱི་རྟིང་འཁོར་ལོས་བསྒྱུར་བའི་བརྒྱུད་འཛིན་རིམ་བྱུང་།

སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

 1

རེབ་གོང་གྲུབ་ཐོབ་གསུམ་ཞེས་སྐུ་མཆེད་རྣམ་པ་གསུམ་གྱི་ཆེ་བ་སྤྱི་རྟིང་འཁོར་ལོས་བསྒྱུར་བ་ནི། རུས་ཁྱུང་དཀར་ཡིན་པ་དང་།  ཡུལ་སྡེ་བ་སྐྱིད་གཤོང་ངམ་སྤྱི་ཚང་༼ འདི་སྐབས་འགར་སྐྱིད་ཚང་ཞེས་བྲིས་ཡོད ༽ཡིན་ཕྱོགས་འདིར་བྱོན་ཚུལ་དང་བྱོན་པའི་དུས་གོང་དུ་བཤད་ཟིན་ལྟར་ལ་ཐོག་མར་ཤར་ཕྱོགས་སྟག་མོ་ཉལ་བ་འདྲ་བའི་རི་རྒྱུད་ཀྱི་སྒང་དུ་གཞི་བཟུང་།  རྡོ་ཨ་རྒ་ཟེར་བའི་ཕ་བོང་གི་སྟེང་དུ་ལྷ་བསང་ཕུལ།  སྡེ་དེ་ལ་སྤྱི་ཨ་རྒ་སྟེང་ཞེས་མིང་ཆགས་། ལོ་ཚིགས་གསལ་བོར་མི་ཤེས་ནའང་། གྲུབ་ཐོབ་གསུམ་ནི་བོད་རྒྱལ་དར་མའི་སྐབས་བྲོས་བྱོལ་ཚུལ་དུ་བྱོན་པར་གཞལ་ན། མི་ལོ་ཆིག་སྟོང་ཆིག་བརྒྱ་དྲུག་ཅུ་ལྷག་སོང་ཡོད་དོ། སྤྱི་ལོ་༨༤༠ ཙམ་གྱི་སྐབས་ཡིན་པས་རགས་ཙམ་ཤེས་ཐུབ་བོ། དེའི་སྔོན་དུ་རེབ་གོང་དུ་མི་སྡེ་ཡོད་པར་དཔྱད་ན་ཡང། གོང་དུ་བཤད་པའི་གྲུབ་ཐོབ་དེ་རྣམས་ཀྱིས་བསྟན་པ་འཛིན་སྐྱོབ་སྤེལ་གསུམ་མཛད་པ་དང་། སློབ་དཔོན་དྲན་པ་ནམ་མཁའི་དགོན་སྡེ་སོགས་ཡོད་པས་གསལ་བོར་ཤེས་སླ་སྟེ་གདུལ་བྱ་མེད་ན་བསྟན་པ་ཅི་ལྟར་སྤེལ།    ཡང་ཆོས་ལུགས་གྲུབ་མཐའ་གཞན་ཡོད་མེད་ལ་དཔྱད་ནའང་།   བོད་རྒྱལ་ཁྲི་སྲོང་སྡེ་བཙན་སྐབས་སློབ་དཔོན་པདྨ་བོད་དུ་བྱོན་པ་ནི། སྤྱི་ལོ་༧༧༠ ནང་ཡིན་པས་མི་ལོ་༡༧༧༠ ཙམ་ནས་གུ་རུ་རིན་པོ་ཆེའི་མཛད་པ་ཕྲིན་ལས་ལ་བརྟེན་ནས་སྔགས་རྙིང་མའི་བསྟན་པ་དར་བའི་མགོ་བརྩམས་པའི་སྐབས་ལགས་ལ། གཞན་གྲུབ་མཐའ་ཁག་སོ་སོ་བྱུང་མེད་པས་ཤེས་ཐུབ་བོ།།  སྤྱི་སྟོན་གྲུབ་པའི་དབང་པོའི་གདུང་རྒྱུད་འཕེལ་ནས་སྒྲུབ་སྡེ་གཞི་བཟུང་བའི་ཐོག་མ་ནི། གསས་མཁར་རིག་འཛིན་འདུ་གནས་ཡིན། འདི་སྔགས་འཆང་གི་སྡེ་ཡིན་ལ་འདུལ་བའི་སྡེ་མ་ཡིན་པས་གྲོང་བ་དང་ཐག་ཉེ་ན་བདག་གཉེར་བྱེད་པའི་སྟབས་བདེ་ཕྱིར་གྲོང་དཀྱིལ་དུ་ཡོད། བྱང་གད་པ་སྐྱ་བོ་ནས་གཞི་ཆགས་པའི་སྡེ་མིང་ལ་གད་པ་སྐྱ་བོ་བཏགས། ཡང་མི་གྲངས་ཡར་རྒྱས་སུ་བྱུང་བས། གསས་མཁར་རིག་འཛིན་འདུ་བའི་སྒར་གྱི་མདུན་དུ་གཞི་ཆགས་པ་ལ་མཁར་ཞོལ་ཞེས་སུ་བཏགས། ཡང་མི་གྲངས་ཡར་རྒྱས་སུ་བྱུང་བས། གསས་མཁར་རིག་འཛིན་འདུ་བའི་སྒར་གྱི་མདུན་དུ་གཞི་ཆགས་པ་ལ་མཁར་ཞོལ་ཞེས་སུ་བཏགས། ས་ཞིང་ཡུལ་མཁར་གྱི་བབས་དང་བསྟུན་ནས། རི་ཁྱུང་ཆེན་འདྲ་བའི་གདོང་མགོ་ནས་གཞི་ཆགས་པའི་སྐོར་ལ་སྡེ་མིང་དུ་གདོང་མགོ་ཚང་ཞེས་སུ་བཏགས། སྐབས་ཤིག་བསྟན་པ་ལ་ཕྱི་ནང་གི་རྐྱེན་ལས་འཚེ་བ་ཐེངས་མང་བྱུང་ནས་དགོན་སྡེ་གྲགས་ཅན་མང་པོ་འཇིག   དཔེར་ན་སྤྱི་ལོ༦༣༠ནང་རྒྱ་གར་ལ་མུ་སྟེགས་པའི་འཚེ་བ་བྱུང་ནས།  ཐུབ་པའི་བསྟན་ལ་གནོད་པ་ཐེབས། སྤྱི་ལོ་༧༧༠ཙམ་ན་ཞང་ཞུང་རྒྱལ་བོ་ལིག་མི་རྒྱ་བཀྲོངས་ནས་ནང་བསྟན་གྱི་གཞི་མ་གཡུང་དྲུང་བོན་གྱི་བསྟན་པ་ལ་གནོད་སྐྱོན་ཆེན་པོ་བྱུང་།  སྤྱི་ལོ་༨༥༤ སྐབས་རྒྱ་ནག་གི་ཆོས་ལུགས་ལ་གནོད་འཚེ་བྱུང་སྟེ་དགོན་པ་བཞི་སྟོང་དྲུག་བརྒྱ་དང་མཆོད་རྟེན་བཞི་ཁྲི་འཇིག  དགེ་སློང་ཕ་མ་ཉི་ཁྲི་དྲུག་སྟོང་ཁྱིམ་དུ་ཕབ། ཅེས་རྒྱའི་ཡི་གེར་བཤད་པ་ལྟར་བསྟན་རྩིས་ཀུན་བཏུས་སུ་བཀོད་པར་དཔྱད་ན། ཞང་བོད་དང་རྒྱ་གར་ནག་སོགས་ཡུལ་གྲུ་ཀུན་ལ་བསྟན་པའི་དགྲ་ཐེང་མང་བྱུང་བར་ངེས། ལོ་ཚིགས་གསལ་བོར་མི་ཤེས་ཀྱང་། དུས་སྔ་མོ་ནས་བོན་གྱི་དགོན་སྡེ་ཨ་བ་ངོས་བཟང་གི་དགོན་པ། དབལ་མོ་གནས་ཀྱི་དགོན་པ། ཁྱུང་པོ་དར་ལྡིང་དགོན་པ། དཀོན་མོ་ཉིན་དགོན་སོགས་འཇིག་ཟིན་ལ། འདིར་ཡང་གསས་མཁར་འཇིག་པའི་ཤུལ་ལ། མཁར་འཆོལ་དང་མཁར་ཤུལ་བཏགས་ཟེར་བའང་ཡོད།  གང་ལྟར་ཀྱང་གསས་མཁར་འདུས་སྡེ་འཇིག་པའི་ཤུལ་གྱི་སོ་ཕག་སོགས་ད་ལྟའང་མངོན་གསལ་ཡིན།  རབ་བྱུང་ལྔ་བའི་ནང་དབུས་གཙང་དུ་ས་སྐྱ་དང་འབྲི་གུང་དམག་འཁྲུག་སྐབས་རོང་བོ་ཨ་མྱེས་ལྷ་རྗེ་བྲག་སྣ་བ་རེབ་གོང་དུ་བྱོན་པའི་དུས་དེར།  སྔོན་བོད་རྒྱལ་དར་མའི་སྐབས་ཀྱི་སྤྱི་སྟོན་འཁོར་ལོས་བསྒྱུར་བའི་རྒྱལ་བོའི་རྣམ་སྤྲུལ་མེས་པོ་སྤྱི་སྟོན་འཁོར་ལོ་ཞེས་གསང་སྔགས་རིག་པ་འཛིན་པའི་གྲུབ་བརྙེས་ཁྱད་པར་བ་ཞིག་བྱོན་ཡོད། ཁོང་གིས་གདུལ་བྱ་གཟུགས་ཅན་གཟུགས་མེད་གྲངས་མང་བ་ཞིག་ཕན་བདེའི་ལམ་ལ་བཀོད་ནས་མཐུ་སྟོབས་བྱིན་རླབས་རྫུ་འཕྲུལ་མངོན་ཤེས་བསམ་གྱིས་མི་ཁྱབ་པ་མངའ་བས་སྙན་གྲགས་ཤིན་ཏུ་ཆེ་བར་བཞུགས་ཙ་ན།  ལྷ་རྗེ་བྲག་སྣ་བས་སྐུ་སྲུང་རིམ་གྲོ་ཞུས་པས་ཁོང་གིས་དགོངས་པ་མཛད་ནས་ཐོག་མར་གཏེར་ས་བཙལ།  དེ་ཡང་རོང་དགུའི་ཡ་གྱལ་སྨད་ཀྱི་ནེའུ་རོང་གི་རི་ཆེན་པོ་ལ་རིང་གི་ངོས་སུ་བྱོན། དབང་ཆེན་འབུམ་པའི་བསྐྱེད་རིམ་གྱི་རྣལ་འབྱོར་ལ་གནས་བཞིན་པའི་ངང་ནས་ཕྱག་གི་མདའ་དར་ས་ལ་བཙུགས་པས་མདེའུ་ས་འོག་གི་གསེར་གྱི་དོང་ཙེ་ཞིག་གི་བུ་གར་འཕྲོད་པས། ལྷ་རྗེ་ངོ་མཚར་སྐྱེས་ཤིང་རྟགས་དང་རྟེན་འབྲེལ་ལེགས་པོ་བྱུང་།  དེ་ལ་རྣམ་རྒྱལ་རྩ་བའི་ལྷ་བཅུ་གཙོ་བོར་བཞག་ནས།  གསང་ལག་དང་དཔལ་མགོན། འཛམ་ལྷ་དང་ཚོགས་བདག་རྣམས་ཀྱི་བུམ་པ་ཕྱོགས་བཞི་དབུས་ལྔར་བཞག་སྟེ་གཏེར་སྒྲུབ་དང་ཕྱྭ་གཡང་ཚེ་ནོར་རིགས་རྒྱུད་ཐམས་ཅད་འཕེལ་བའི་དོན་རྒྱས་པར་མཛད་དེ་ཡོན་མཆོད་དགྱེས་པའི་དགའ་སྟོན་གྲུབ་མཐར། སྤྱི་སྟོན་འཁོར་ལོའི་ཞལ་ནས། ད་ལྷ་རྗེ་ཁྱོད་ཀྱི་རུས་རྒྱུད་ཀྱིས་བསྟན་སྲིད་ཀུན་ལ་ཕན་པའི་ལེགས་ཚོགས་འབྱུང་ངེས་ཡིན། མི་རབས་ཀུན་ལ་ཁོ་བོའི་རྗེས་འཇུག་བརྒྱུད་འཛིན་དག་གིས་སྐུ་བསྲུང་རིམ་གྲོ་མཛད་ན་ཚེ་དང་བསོད་ནམས་རྒྱས་པར་འགྱུར་ཞེས་ལུང་བསྟན། ཕྱིས་སུ་ལྷ་རྗེའི་རྒྱུད་ལ་རོང་བོ་ནང་སོ་ཞེས་དཔོན་རིགས་ཀྱི་ཐོབ་ཐང་ཡོད་པའི་དཔོན་རབ་རིམ་བྱོན་གྱིས་ངོ་སྤྱི་ཁྱུང་གསུམ་གྱི་སྒྲུབ་གཤེན་ཚད་ལྡན་རྣམས་དཔོན་དུ་བཀུར་བ་ཡིན།  དེ་ཡང་།  སྡོང་སྐམ་ཀུན་བཟང་ཀློང་གྲོལ་དང་།  གླིང་བརྒྱའི་དཔལ་ལྡན་རྒྱ་མཚོ།  གྱང་རིའི་ཐུགས་རྗེ་དབང་འབུམ། དེའི་བརྒྱུད་འཛིན་གྱང་རིའི་རྒྱལ་ལོ། ངོ་མོའི་ཡི་དམ་རྒྱ་མཚོ། སྡོང་སྐམ་བླ་མ་སྣང་གསལ་ལྷུན་གྲུབ།  ཁྱུང་པོའི་སྔགས་འཆང་སྙིང་དཀར་སོགས་ཀྱིས་སྤྱི་ལོ་༡༩༥༨ བར་དུ་སྐུ་བསྲུང་རིམ་གྲོ་མཛད་པ་ཀུན་གྱིས་ཤེས་གསལ་ལྟར་རོ།  ། དེ་བས་ན་སྤྱི་སྟོན་གྲུབ་ཆེན་སྔ་ཕྱི་གཉིས་སུ་བྱོན་ཅིང་གསང་སྔགས་རིག་པ་འཛིན་པའི་བརྒྱུད་འཛིན་བར་མ་ཆད་པར་བྱོན་པ་ནི་ཐུགས་སྟོན་དྲན་པ་ནམ་མཁའ་དང་རེབ་གོང་གྲུབ་རྣམ་གསུམ་སོགས་སྔོན་བྱོན་གོང་མ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ཁོ་ནའོ། །

གྲུབ་པ་རྒྱ་མཚོ་དཔལ་བྱོན་རྗེས་ཨརྒ་སྟེང་དང་མཁར་གོང་ཞོལ་ལ་རྒྱ་མཚོ་དཔལ་ཞེས་སྡེ་ཚོའི་སྤྱི་མིང་དུ་འབོད། ཕྱིས་སུ་རྒྱ་མཚོ་དཔལ་ལ་ནང་གསེས་སུ། ཁྱིམ་ཕྱུག་ཐང་། ཆག་ཀ་ཡག   མཁར་ཕུག་ཚང་གསུམ་དང་།  གདོང་མགོ་ཚང་ལ།  གཉའ་ཚང་། གཡུ་དཀར་ཚང་། རུ་འོག་མ་ཚང་གསུམ།  གང་པ་སྐྱ་བོ།  སེར་སྲུང་ཚང་།  གཉའ་ཚང་།  གོང་མ་ཚང་གསུམ་སྟེ།  སྤྱི་ཁ་གསུམ་ལ་ཚོ་བ་དགུའི་མིང་ཆགས་པ་ནི་ད་ལྟའི་བར་དུ་ཡོད་དོ།།  རྗེས་སུ་དགོན་སྡེའི་ཚབ་ལ་སྤྱིའི་ཀུན་ཁྱབ་གཡུང་དྲུང་གླིང་ཞེས་གསང་སྔགས་ཀྱི་སྒྲུབ་སྡེ་ཆགས།  དེ་ལ་རྩེ་ཞིག་དྲུང་རམས་པ་ཤེས་རྣམ་རྒྱལ་དང་ཁོང་་གི་སྐུ་ཚ་གྲུབ་དབང་འགྱུར་མེད་ཀུན་བཟང་རྒྱ་མཚོ།  ཁྲི་ཀ་བ་མཁར་ནག་གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་དང་ཁོང་གི་དབོན་པོ་མཁར་ནག་ནམ་མཁའ་ཤེས་རབ།  རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་དང་གང་གི་ཐུགས་སྤྲུལ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིག་མེད་སོགས་དམ་པ་དུ་མས་བདག་གིར་མཛད་བསྐྱངས།  དེ་ཡང་གནས་གཞི་རྒྱས་སྤྲོས་ཙམ་གཙོ་བོར་བཟུང་ནས་བསྐྱངས་པ་མ་ཡིན་དེ་གང་ཟག་གི་རྒྱུད་ཀྱི་གསང་སྔགས་སྒྲུབ་རྒྱུད་ཀྱི་བསྟན་པ་གཙོ་བོར་དོན་དུ་གཉེར་ནས་འཛིན་སྐྱོང་སྤེལ་གསུམ་མཛད་པས་རྟོགས་པ་མཆོག་ལྡན་ཀྱི་སྐྱེས་བུ་གང་མང་བྱོན།  ཁྱད་པར་རབ་བྱུང་བཅུ་གཅིག་པའི་ནང་རྩེ་ཞིག་དྲུང་རབ་འབྱམས་པ་ཤེས་རབ་རྣམ་རྒྱལ་ལ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཉམས་སུ་ལེན་པའི་སློབ་མ་གྲུབ་པའི་ཁྱུ་མཆོག་མང་དུ་བྱོན་ཅེས་སྦ་སར་པཎྚིཏ་སོགས་མཁས་པ་མང་པོས་གསུངས་པ་ནི་ཁོང་གི་སྐུ་དབོན་རྩེ་ཞིག་འགྱུར་མེད་ཀུན་བཟང་རྒྱ་མཚོ་དང་།  ཁྲི་ཀ་བ་མཁར་ནག་གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་དང་གང་གི་དབོན་པོ་མཁར་ནག་ནམ་མཁའ་ཤེས་རབ།  སྤྱི་ཁྱུང་ངོ་གསུམ་གྱི་གྲུབ་རྒྱུད་སོ་ནག་བོན་པོ་གྲུབ་ཆེན་ཐོག་འཛིན་སྤྱི་འདུལ་གར་གྱི་དབང་ཕྱུགས་དང་།  ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་གདུང་རྒྱུད་གྱང་རིའི་ཐུགས་རྗེ་དབང་འབུམ་སོགས་དུས་མཉམ་དུ་བྱོན།  རྩེ་ཞིག་རྣམ་གཉིས་དང་མཁར་ནག་ཁུ་དབོན་རྣམ་པ་སྤྱི་རྟིང་ཀུན་ཁྱབ་གཡུང་དྲུང་གླིང་དུ་བཞུགས་ནས་སློབ་ཚོགས་བསྐྱངས་ཏེ་རྗེས་སུ་བཟུང།  སྐབས་དེར་སྤྱི་རྟིང་ན་སྐལ་ལྡན་གྱི་སྐྱེས་བུ་གསང་སྔགས་རིག་པ་འཛིན་པ་མང་དུ་བཞུགས་པར་མངོན་ཏེ།  མཁར་ནག་གྲུབ་ཆེན་གྱིས་སྤྱི་འདུལ་སྔགས་སྒྲུབ་རྒྱུན་ཁྱེར་བསྡུས་པ་ཞིག་མཛད་པའི་སྦྱར་བྱང་དུ་སྤྱི་ཚང་བོན་མང་ལ་རྫོགས་ཆེན་ཁྲིད་ཀྱི་སྐབས་སློབ་བུ་མང་པོས་བསྐུལ་ངོར་མུ་ལ་པྲཛྙས་སྦྱར་ཞེས་པས་ཤེས་ཏེ།  རང་ལུགས་ལ་རྫོགས་པ་ཆེན་པོའི་ཁྲིད་ནི་སྔོན་འགྲོ་བསགས་སྦྱངས་དང་དངོས་གཞིའི་ཉམས་ལེན་ཡོད་པའི་སྣོད་ལྡན་དད་དམ་གཙང་བ་ཞིག་མ་ཡིན་ན་ཁྲིད་མི་རུང་བའི་ཕྱིར་རོ།།  ཡང་རབ་བྱུང་བཅུ་གསུམ་པའི་ནང་།  སྤྱི་སྟོན་འཁོར་ལོའི་གདུང་རྒྱུད་ལ་སྐུ་འཁྲུངས་པའི་བྱ་བཏང་བ་ཆེན་པོ་རྟོགས་ལྡན་རིག་འཛིན་རྣམ་གྲོལ་བྱོན།  ཁོང་ནི་དགུང་ལོ་ཆུང་ངུའི་དུས་ནས་ངེས་འབྱུང་བཅོས་མིན་གྱིས་ཐུགས་རྒྱུད་བསྐུལ།  གྲུབ་མཐའི་ཕྱོགས་ཞེན་དང་ཕྲག་དོག་གི་ཟུག་ངུས་གདུང་པ་འགའ་ཞིག་ད་དུང་བསྟན་འཛིན་གྱི་སྐྱེས་བུར་རློམས་པ་དག་ལ་སྐྱུགས་བྲོ་ཞིང་ཕྱོགས་འཛིན་རྩ་ལྟར་དོར་ནས་ཕྱོགས་མེད་ཀྱི་རི་ཁྲོད་འགྲིམས་དགོས་པ་ཐུགས་ལ་དགོངས་ནས།  ཐོག་མར་མཁར་ནག་གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེའི་ཞབས་ཀྱིས་ཟིན་སྤྱི་སྟོན་འཁོར་ལོའི་རྣམ་སྤྲུལ་དུ་ངོས་འཛིན་མཛད།  དེ་ནས་མཁར་ནག་དབོན་པོ་ནམ་མཁའ་ཤེས་རབ་དང་།  རབ་འབྱམས་པ་ཤེས་རབ་རྣམ་རྒྱལ་གྱི་ཡང་སྲིད་རྩེ་ཞིག་ནམ་མཁའ་གཡུང་དྲུང་དང་།  འགྱུར་མེད་ཀུན་བཟང་རྒྱ་མཚོ་རྣམས་ཀྱི་ཞབས་པད་ཚུལ་བཞིན་བསྟེན་ནས་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད།  བླ་མ་ལ་མཆོད་པ་འབུལ་ན་ཟང་ཟིང་གི་འབྱོར་བ་ནི་རང་ལ་མེད།  ད་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ཕྱོགས་མེད་རི་ཁྲོད་འགྲིམས་ཏེ་བཀའ་བཞིན་སྒྲུབ་པའི་མཆོད་པས་བླ་མའི་ཐུགས་ཟིན་པ་ཞིག་བྱ་དགོངས་ནས་བྱ་བཏང་བ་ཁོ་ནར་དམ་བཅས་ཏེ་གཉེན་ཉེ་ཡོངས་ཀྱིས་གར་སོང་ཡང་མི་ཤེས་པར་བྱས་ནས་དབུས་གཙང་དུ་བྱོན།  དཔལ་ལྡན་སྨན་རི་བའི་གདན་སར་མཇལ།  ཀུན་མཁྱེན་ཤེས་རབ་དགོངས་རྒྱལ་གྱི་དངོས་སློབ་རྗེ་སྨན་རི་བ་གཡུང་དྲུང་ཡེ་ཤེས་ཀྱི་ཞབས་བསྟེན།  གསང་སྔགས་རིམ་གཉིས་ཟབ་མོའི་རྣལ་འབྱོར་ཉམས་སུ་བླངས།  ཨ་རྗོགས་སྙན་གསུམ་དང་མཁའ་འགྲོ་གསང་གཅོད་ཡིད་བཞིན་ནོར་བུའི་གདམས་པ་སོགས་ཐུགས་ཉམས་སུ་བསྟར་ཏེ་བརྙེན་སྒྲུབ་ལས་གསུམ་རང་བྱན་ཆུད་པར་མཛད།  ཁྱད་པར་མཁའ་འགྲོའི་གསང་གཅོད་ཐུགས་དམ་གྱི་མཐིལ་དུ་མཛད་ནས་གཅེས་འཛིན་དང་འཁྲུལ་བ་གཞི་ལ་ཞིག  ཁོང་གི་རྟོགས་པའི་ཡོན་ཏན་གྱིས་ཐུགས་འཕྲོག་ནས་རྩེ་ཞིག་ཆོས་རྗེ་རིན་པོ་ཆེ་རྒྱལ་བ་ཚུལ་ཁྲིམས་མཆོག་གིས་རིགས་ཀྱི་ཅོད་པན་དུ་བཀུར།  ཨ་རྫོགས་སྙན་གསུམ་དང་གསང་གཅོད་ཡིན་བཞིན་ནོར་བུའི་གདམས་པ་མ་ལུས་པ་རྒྱལ་བ་སྨན་རི་བའི་བརྒྱུད་པ་ལྟར་བུམ་པ་གང་བྱོས་ཚུལ་དུ་གནང་།  བླ་སློབ་གཉིས་ཀས་བཀའ་བགྲོས་ཏེ།  རེབ་གོང་བོན་མང་འདུས་པ་རྒྱ་མཚོའི་ཚོགས་སྤྱི་ལ་མཁའ་འགྲོ་གསང་གཅོད་སྒྲུབ་སྐོར་དང་དམིགས་སྐོར་ཕྱག་ལེན་ཆ་ཚང་བ་ཞིག་ཏུ་ག་དར་ཡང་དག་པ་བྱེད་དགོས་དགོངས་ནས་རང་ཡུལ་རེབ་གོང་སྤྱི་ཚང་དུ་བྱོན།  དེ་ཡང་དང་པོ་བྱ་བཏང་བར་དམ་བཅས་པའི་དབང་གིས་འཁྲུངས་ཡུལ་སྤྱི་རྟིང་ཡིན་པ་གསང་རྒྱ་བྱས་པས་ཀུན་གྱིས་མ་ཤེས་པར་རྣམ་པ་གཉིས་ཀ་ཀུན་ཁྱབ་གཡུང་དྲུང་གླིང་དུ་བཞུགས།  བོན་མང་སྤྱི་ལ་ཨ་རྫོགས་སྙན་གསུམ་གྱི་སྔོན་དངོས་རྗེས་གསུམ་དབང་ལུང་ཁྲིད་གདམས་མན་ངག་ཟབ་མོ་མང་དུ་གནང་།  ཁྱད་པར་གསང་གཅོད་ཀྱི་དབང་ལུང་ཁྲིད་གསུམ་སྨན་རི་བའི་བརྒྱུད་ཁ་ལྟར་གནང་ཞིང་ཕྱག་ལེན་ལ་དག་ཐེར་མཛད་ནས་བཀའ་དྲིན་ཆེན་པོས་བསྐྱངས།  སྟོད་ཕྱོགས་སྨད་ཕྱོགས་སྙན་བཟང་བཅས་ཀྱི་བོན་མང་ཡོངས་རྫོགས་སློབ་མར་གྱུར་རྗེས་བོན་མང་འདུས་པ་རྒྱ་མཚོ་སྤྱིའི་དགོན་བདག་དང་གདན་ས་ཀུན་ཁྱབ་དང་བཅས་པ་ཆོས་རྗེ་རིན་པོ་ཆེ་ལ་གཏད། དེ་ནས་བཟུང་ཆོས་རྗེ་སྐུ་འཕྲེང་རིམ་བྱོན་གྱིས་སྒྲུབ་སྡེ་ཐམས་ཅད་ལ་བདག་གིར་མཛད་པ་ཡིན།  ཀུན་ཁྱབ་གཡུང་དྲུང་གླིང་གི་སྟོང་སྐུ་རྣམ་པར་རྒྱལ་བའི་ལྷ་ཁང་གི་ཟུར་དུ་ཆོས་རྗེ་རིན་པོ་ཆེའི་བླ་བྲང་བཞེངས།   ཁོང་ལ་ཕྱོགས་སོ་སོ་ནས་བུ་སློབ་མང་དུ་འདུས།   ཁྱད་པར་ཁོང་གི་ཁུ་བོ་རིན་པོ་ཆེ་རྩེ་ཞིག་ནམ་མཁའ་གཡུང་དྲུང་གི་ཡང་སྲིད་ཐེག་མཆོག་ཡེ་ཤེས་རྒྱ་མཚོ་དང་།  བོན་རྒྱ་གྲུབ་དབང་རང་ཤར་རིག་གྲོལ་དང་སྦ་སར་པཎྚིཏ་ནམ་མཁའ་དབང་ཕྱུག་གསུམ་ནི་བརྒྱུད་འཛིན་སློབ་མའི་གཙོ་བོ་ཡིན་པས་རྩེ་ཞིག་རེབ་གོང་རོང་འབྲོག་ཁྲི་ཀ་སོགས་ཕྱོགས་ཀུན་ཏུ་བསྟན་པ་མི་ཉམས་པར་དར་སྤེལ་མཛད་པས་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ།།  ཡང་རབ་བྱུང་བཅུ་གསུམ་པའི་ནང་སྤྱིའི་སྔགས་འཆང་འདྲེན་པ་ཀླུ་སྒྲུབ་བྱ་བ་གད་པ་སྐྱ་བོ་རུ་འཁྲུངས།    ཆུང་ངུའི་དུས་ནས་བསྟན་སྒོར་ཞུགས་གྱང་རིའི་ཐུགས་རྗེ་དབང་འབུམ་དང་ལྷན་དུ་ཁྲི་ཆེན་རབ་འབྱམས་པ་ཤེས་རབ་རྣམ་རྒྱལ་དང་མཁར་ནག་གྲུབ་ཆེན་གྱི་ཞབས་པད་ཚུལ་བཞིན་བསྟེན་ཏེ།  དང་པོ་ཉིད་ནས་སྐྱབས་སྡོམ་དང་བྱང་སྡོམ་དང་སྔགས་སྡོམ་དུས་གཅིག་སྟེ་གསང་སྔགས་ཐེག་པ་ཆེན་པོའི་རིགས་སད་ནས་ཐུགས་རྒྱུད་ལ་བླངས་ནས་དབང་དམ་ཚུལ་བཞིན་བསྲུང་།   སྤྱི་སྤུངས་སྐོར་གསུམ་དང་དབལ་རམ་འབུམ་པའི་བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན།   སྒྲུབ་གནས་བྲག་གཤོང་འཁོར་ལོ་ཞེས་པར་བཞུགས་ནས་རྟོགས་པ་མཐོན་པོར་གྱུར་ཅིང་ནུས་མཐུ་ཕུལ་དུ་བྱུང་བས་གཟུགས་ཅན་གཟུགས་མེད་ཀྱི་འགྲོ་བའི་དོན་མཛད་ཡུལ་ཁམས་ཀྱི་སེར་སྲུང་སོགས་གཞན་ཕན་ཁོ་ན་མཛད་དེ་སྐུ་ཚེ་མཐར་ཕྱིན།   དེ་ནས་བཟུང་སྤྱིའི་སེར་བསྲུང་ཚང་ཟེར་བའི་བརྒྱུད་འཛིན་བྱོན།   ཡང་སྔགས་འཆང་དཔའ་མཁར་ཡག་ཅེས་པ་སྤྱིའི་གད་པ་སྐྱ་བོའི་སྡེ་བའི་ནང་སྐུ་འཁྲུངས།   ཆུང་དུས་ནས་ཆོས་རྗེ་རིན་པོ་ཆེའི་ཐུགས་སྤྲུལ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་ཞབས་བསྟེན་ནས།   སྔོན་འགྲོ་བསགས་སྦྱང་གི་རྨང་གཞི་བརྟན་པོ་བྱས་ཏེ།   དབེན་པར་སྒྲུབ་པའི་རྒྱལ་མཚན་བཙུགས།  བསྙེན་སྒྲུབ་མཐར་ཕྱིན་དམ་པ་གོང་མའི་ཕྱག་ལེན་བཅའ་བཟོ་གྱེར་དབྱངས་འདོན་ཚུལ་རོལ་མོ་བརྡུང་དཀྲོལ་སོགས་ལ་ཤིན་ཏུ་མཁས་པས་བོན་མང་རིག་འཛིན་འདུས་པ་རྒྱ་མཚོའི་བྱིངས་འདྲེན་ལོ་དུ་མར་འགན་བཞེས།   དུས་དང་རྣམ་པ་ཐམས་ཅད་དུ་ཞལ་འདོན་དགེ་སྦྱོར་དུས་བཞིར་ཐུན་སྦྱང་མཉམ་བཞག་ལ་བརྩོན་པ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ཁོ་ནར་འབད།   སྣང་ཚུལ་དུ་གྲོང་སྔགས་དཀྱུས་མ་ལྟར་བཞུགས་ནའང་།   བྱ་ཉུང་དོན་ཉུང་དམན་པའི་ས་བཟུང་ཧྲུལ་བའི་གོས་གྱོན་ཞེས་དམ་པ་གོང་མ་རྣམ་ཀྱིས་གསུངས་པ་ལྟར་ཆོག་ཤེས་བསྟེན་པ་དང་།   གཙོ་དོར་སྒྲུབ་ཚུགས་བཟུང་ནས་བཞུགས།   རང་ཡང་ལོ་ཆུང་དུས་མཇལ་མྱོང་སྟེ་དབུ་སྐྲ་དང་སྨ་ར་དཀར་པོ་ཅན་གྱིས་ཁྱོད་ནི་བདག་གི་བླ་མའི་ཡང་སྤྲུལ་ཡིན་པ་སླར་ཡང་མཇལ་ཐུབ་སོང་ཞེས་སྤྱན་ཆབ་བསིལ་ཞིང་བླ་མའི་རྣམ་ཐར་གླེང་བས་ཅི་འདྲའི་བཤེས་གཉེན་བསྟེན་ཚུལ་ལེགས་པོ་ཞིག་ཡིན་ནམ་སྙམ་པ་ཤར་མྱོང་།   སྐུ་ཚེ་མཐར་ཕྱིན་ནས་གཤེགས།   ཡང་མཚམས་པ་དབང་ཆེན་སྐྱབས་བྱ་བས་མཐའི་རི་ངོགས་སུ་ཚེ་དང་སྒྲུབ་པ་མཉམ་སྐྱེལ་མཛད་ནས་སྦས་པའི་རྣམ་འབྱོར་ཚུལ་དུ་བཞུགས་ཤིང་བསྟན་འགྲོར་ཕན་པ་བྱུང་།   བརྒྱུད་འཛིན་བོན་པོ་གཡུང་དྲུང་ཐར་ཡིན་ལ།   ཁོང་ནི་ཆོས་རྗེ་བོན་བརྒྱ་བ་བླ་མ་སྙན་ཁོ་ཚང་ཞེས་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཞབས་ཀྱིས་ཟིན།   སྔོན་དངོས་རྗེས་གསུམ་དང་འབྲེལ་ནས་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པར།    བོན་མང་འདུས་པ་རྒྱ་མཚོའི་གྲལ་མཇུག་ནས་རིམ་བཞིན་ལས་སྣེ་ཆེ་ཆུང་མཐའ་དག་ཁུར་ནས་གྲལ་དབུར་སླེབས་ཚེ་བསྟན་དོན་ལ་ནུས་པ་གང་ལེགས་བཏོན།   སྐུ་ཚེ་མཐར་ཕྱིན།   བརྒྱུད་འཛིན་སྤྱིའི་སྔགས་འཆང་རིག་འཛིན་བྱོན།   ཁོང་ནི་ལོ་ཆུང་ངུའི་དུས་ནས་ཡ་རབས་སྤྱོད་བཟང་ཅན་ལུགས་གཉིས་ལ་རྣམ་དཔྱོད་མཆོག་ཏུ་རྒྱས་ཤིང་།  སྨྲ་མཁས་གཏམ་གྱི་ངག་སྒོ་ཡངས་པ།   གཞན་ཡིད་འཕྲོག་པའི་ཆོས་སྲིད་ཀྱི་བྱེད་སྒོ་ཤིན་དུ་ལེགས་པས།   རླངས་རྒྱལ་བོའི་སྤྱི་དཔོན་རྡོ་རྗེ་སྐུ་མཆེད་ནས་ཀྱང་ཐུགས་ལ་བབས་ཏེ་བློན་པོར་བསུ་འདོད་ཡོད་ཀྱང་།   ཁོང་སྔོན་ཀྱི་སྦྱངས་འཕྲོ་སད་ནས་འཇིག་རྟེན་གྱི་སྲིད་དོན་ཞར་ལ་སྐྱོངས་རྒྱུ་མ་གཏོགས་གཙོ་བོར་ཕྱི་མའི་དོན་དུ་ཁ་དོན་དགེ་སྦྱོར་དང་སྒྲུབ་པ་ཉམས་ལེན་བྱེད་དགོས་སྙམ་ནས་དབུ་སྐྱབས་འགྲོ་ནས་བཟུང་སྟེ་སྔོན་འགྲོ་བསགས་སྦྱང་གི་རྨང་གཞི་བརྟན་པོར་མཛད།   སྔ་རབས་པའི་བསྙེན་ཁང་དུ་དངོས་གཞི་ཉམས་ལེན་ལ་བརྟེན་ནས་ཡི་དམ་ཞི་བ་ཀུན་བཟང་དང་ཁྲོ་བོ་དབང་ཆེན་འབུམ་པའི་བསྙེན་སྒྲུབ་མཛད་པས།  སྲུང་མ་མ་བདུད་བཙན་གསུམ་དང་།  སྒྲ་ལྷའི་རྒྱལ་མོ།  སྐྱེས་བུ་གནམ་ལྷ་སོགས་རང་བཞིན་གྱིས་འཁོར་ཞིང་འཕྲིན་བཅོལ་རེ་བྱས་པ་ཙམ་གྱིས་བསྟན་འགྲོར་ཕན་ཐོགས་པ་བྱུང་། ཁྱད་པར་ཕྲིན་ལས་གོ་རིམ་གྱེར་དབྱངས་ཕྱག་ལེན་སོགས་ལ་བྱང་ཆུབ་པས་སྟོད་ཕྱོགས་བོན་མང་གི་བྱིངས་འདྲེན་ཁུར།  དེ་ནས་བོན་མང་ཕུར་ཐོགས་སྟོང་གི་ཚོགས་ཆེན་དགེ་བསྐོས་ལོ་གསུམ་ལ་ཁུར་ནས་བསྒྲིགས་ཁྲིམས་སོགས་ལ་བཅའ་ཡིག་ཆེན་མོའི་གདོངས་དོན་ལྟར་ལག་ལེན་བྱས་ཏེ་ག་དར་མཛད་སྐུ་ཚེ་གང་བོར་བསྟན་པའི་ལས་དོན་ལ་འབད་པས་བོན་མང་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ།  དེ་དང་དུས་མཉམ་དུ་སྤྱིའི་སེར་བསྲུང་ཚང་གི་གདུང་རྒྱུད་ལ་སྔགས་འཆང་ཚེ་རིང་འབྲུག་ཅེས་ཆུང་དུས་ནས་བྲི་ཀློག་ལ་བྱང་ཆུབ་ཅིང་ཐུན་མོང་རིག་གནས་དང་ལོ་རྒྱུས་སྨྲ་བ་ཞིག་བྱོན།  དགུང་ལོ་ནར་སོན་ནས་ཐུན་མིན་གསང་སྔགས་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པ་དང་དབལ་རམ་འབུམ་པའི་བསྙེན་སྒྲུབ་ལས་མཐའ་དང་བཅས་པ་ལ་རྣམ་དཔྱོད་ཡངས་པའི་མཁྱེན་རྩལ་རྒྱས་ཤིང་མཐོང་ཐོས་ལག་ཁྲིད་བརྒྱུད་པའི་གོ་མྱོང་ཆེ་བས།  ཁོང་དང་སྨད་ཕྱོགས་གླིང་བརྒྱའི་བོན་པོ་ལྷ་ལུང་ཐར་དང་།  སྙན་བཟང་ཁྱུང་བོའི་བོན་གཤེན་སྨན་ལྷ་རྒྱལ་གསུམ་ནས་བོན་མང་ཚོགས་གྲལ་གྱི་ཐུན་མཚམས་རྣམས་སུ་ནམ་ཡང་བོན་གྱི་བགྲོ་གླེང་བྱེད་པ་ནི།  ཁོ་བོ་ལོ་ན་ཆུང་དུས་ཡང་ཡང་མཐོང་ཐོས་མྱོང་བས།  དེས་རང་ལ་ཡང་ཐོས་བསམ་གྱི་བསྐུལ་མ་ཐོབ་པས་བཀའ་དྲིན་ཆེ་བར་ཁུམས།  ཡང་འདི་སྐད་ཐོས་ཏེ།  སྤྱིའི་བོན་པོ་དབང་ཆེན་དང་།  དཔོན་བོན་སྐྱོང་དང་།  སྒྲུབ་གཤེན་པ་སྟག་ལྷ་དང་།  སྔགས་འཆང་བཀྲ་ཤིས་རྒྱལ་སོགས་རིམ་བཞིན་བྱོན་པ་རྣམས་ཀྱང་མཆོག་གསུམ་ལ་དད་གུས་ཆེ་ཞིང་།  གཡུང་དྲུང་བོན་གྱི་བསྟན་པ་ལ་ཡིད་ཆེས་བརྟན་པོའི་སྒོ་ནས་ཁ་དོན་དགེ་སྦྱོར་ལ་འབད་དེ་རིག་འཛིན་གོང་མ་རྣམས་ཀྱི་རྗེས་སུ་འབྲང་ནས་སྒྲུབ་རྒྱུད་ཀྱི་བསྟན་པའི་སྲོལ་མི་ཉམས་པར་འཛིན་པའི་བོན་གཤེན་བཀའ་དྲིན་ཆེ་བ་ཡིན་ལ་ཆོས་རྗེ་རིན་པོ་ཆེའི་ཞལ་སློབ་ཡིན་ཟེར་རོ། །

ཡང་སྤྱིའི་སྔགས་འཆང་ཀླུ་འབུམ་ཚེ་རིང་གིས་བོན་མང་འདུས་པའི་གཅོད་ཀྱི་བྱིངས་འདྲེན་ཁུར།  དེ་ནས་བཟུང་ལས་སྣེ་ཟུར་བ་རྒན་གྲལ་ཚོགས་པའི་གོ་གནས་བཟུང་།  གཞུང་གི་བསྟན་དགོན་གྱི་ལས་དོན་ཐད་ཞབས་འདེགས་གང་ལེགས་མཛད་ལ་སྔགས་འཆང་ཚེ་རིང་དོན་གྲུབ་དང་།  མཚམས་པ་འཇམ་དབྱངས་རྣམ་རྒྱལ་སོགས་ཀྱང་སྒྲུབ་ཚུགས་མ་ཉམས་པར་བསྙེན་སྒྲུབ་སྒོམ་གསུམ་གྱིས་བསྟན་སྲོལ་ལེགས་པར་བསྐྱངས་ཞེས་ཐོས་སོ།  ། སྤྱི་ཚང་རྒྱ་མཚོ་དཔལ་གྱི་བོན་རྒན་བློ་གྲོས་དཔལ་ལྡན་བྱ་བ་འབྱོར་ལྡན་བསོད་ནམས་ཅན་ཞིག་ཡོད་པ་དེས་ཀྱང་གང་ན་བླ་མ་དགེ་བའི་བཤེས་གཉེན་བཞུགས་པ་དག་གི་ཞབས་སྤྱི་བོར་བཀུར་ཏེ་ཟང་ཟིང་མཆོད་པས་ཐུགས་མཉེས་པའི་ཐབས་ལ་འབད།  བོན་མང་གཞུང་ཆེན་མོའི་དགེ་བསྐོས་ལོ་གསུམ་ལ་ཁུར་ནས་འགྱེད་མང་ཇ་གྱ་ནོམ་པས་ཚོགས་བསགས་ཏེ་གཞུང་སྤྱིའི་འགྲིགས་ལམ་ལས་དོན་གང་ཅིའི་ཐད་ལ་ཞབས་འདེགས་ཅི་ནུས་གྲུབ།  མཁར་གོང་ཞོལ་དུ་བཞུགས་པའི་སྔགས་འཆང་བཀྲ་ཤིས་རྒྱལ་བྱ་བ་ཡང་།  ཆོས་རྗེ་བོན་བརྒྱ་བ་གཡུང་དྲུང་ཕུན་ཚོགས་ཀྱི་ཞལ་སློབ་ཡིན་ལ་བླ་མ་ཚུལ་བཞིན་བསྟེན།  སྒྲུབ་པ་ལྷུར་བླངས་བསགས་པ་ཆུད་མི་ཟ་བར།  རིག་འཛིན་འདུས་པའི་གཞུང་ཆེན་མོའི་ལས་སྣེ་ཁུར་ཏེ་ཚོགས་ཆེན་པོ་བསགས།  རྒྱུན་དུ་ཁ་དོན་སྒྲིབ་སྦྱོང་ལ་འབད་ནས་ཚེ་མཐར་ཕྱིན།  བརྒྱུད་འཛིན་ཀྱང་ད་ལྟའི་བར་དུ་ཟམ་མ་ཆད་པར་གནས་སོ། །

རྣལ་འབྱོར་བ་སྤང་བོ་བྱ་བ་ཡང་།  ཕྱི་ནང་གི་རིག་གནས་ལ་སྦྱངས་པ་མི་དམན་པའི་སྔགས་འཆང་ཞིག་ཡོད་ཟེར་མཚན་ངོ་མ་མི་ཤེས་གོས་ཧྲུལ་གྱོན་ནས་དམན་ས་བཟུང་།  ཆེ་དྲེགས་ཚུལ་འཆོས་མིང་ཙམ་མེད། འཇིག་རྟེན་ཆོས་བརྒྱད་རྩྭ་ལྟར་དོར།  བསྟན་པ་ཁོ་ནར་དད་ཞེན་ཆེ་བས་འདའ་ཁར་ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་རྗེས་གང་ཟག་ཁྱད་པར་བ་ཞིག་ཡིན་པ་ཤེས་སོང་ཟེར་བ་ཐོས།  དཔོན་ཟོན་ཁོ་དང་ཀླུ་འབུམ་ཚེ་རིང་དང་སྔགས་རྒན་རྡོ་རྗེ་དབང་གྲུབ་སོགས་ཀྱང་བསྟན་སྒོར་ཞུགས་པ་དོན་ཡོད་བྱས་ཏེ་དད་དམ་གཙང་ཞིང་གྲུབ་མཐའ་ཐམས་ཅད་ལ་དག་སྣང་རིས་མེད་དུ་མངའ་བ་ཡིན་ཞེས་ཟེར་རོ། ། སྤྱི་གདོང་མགོ་ཚང་ན་སྔགས་འཆང་ཁྲོ་བོ་འབུམ་ཞེས་བླ་མ་ཆོས་རྗེ་རིན་པོ་ཆེའི་དངོས་སློབ་ཚད་དང་ལྡན་པ་ཞིག་བྱུང་།  བོན་མང་འདུས་པའི་བྱིངས་འདྲེན་ཁུར།  འདུས་པ་ཡོངས་ལ་ཚོགས་གཏོང་སྒོ་རྒྱ་ཆེ་བར་བྱས།  དེ་རྗེས་བོན་རྒན་མཁར་འབུམ་བྱམས་ཞེས་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་ཞལ་སློབ་རྩིས་ཆེན་ཞིག་ཡོད།  ཁོང་གིས་སྲས་སྔགས་འཆང་འབུམ་པ་ནི།  སྟོད་ཕྱོགས་བོན་མང་གི་བྱིངས་འདྲེན་ཁུར་ཏེ་འདོན་དབྱངས་རྟ་བཅའ་ཕྱག་ལེན་བརྡུང་རོལ་མོ་གང་ཅིའི་ཐད་ལ་མཁས་པ་ཡིན།  སྐུའི་གཟི་བརྗིད་དང་གསུང་གི་དབྱངས་ཀྱིས་གཞན་ཡིད་འཕྲོག་པས་ན།  གཞུང་སྤྱིའི་རྒན་མང་གི་ངག་ན།  སྔགས་འཆང་འབུམ་པ་འདི་ཕུར་ཐོགས་སྟོང་གི་བྱིངས་འདྲེན་ཆེན་མོར་ཤིན་ཏུ་འོས་ཞེས་བསྔགས་བརྗོད་བྱེད་པ་ཡང་ཡང་ཐོས་མྱོང་ཡང་དུས་འགྱུར་དབང་གིས་བསམ་པ་མ་གྲུབ།  སྐབས་དེར་སྤྱིའི་ཤ་བོ་ཚེ་རིང་ཞེས་འབྱོར་བ་ཆེ་ལ་བོན་སྲིད་གཉི་ཀར་ཞབས་འདེགས་དང་ལས་དོན་སྒྲུབ་མཁན་ཞིག་བྱུང་།  དེ་རྗེས་རྣལ་འབྱོར་བ་འབུམ་པ་ཐར་བྱ་བ་ནི།  ལོ་ན་ཆུང་དུས་ཆོས་དང་ཁྱིམ་གཉིས་དོན་དུ་གཉེར།  སྐུ་ཚེ་སྨད་ལ་ཁྱིམ་གྱི་བྱ་བ་རྩྭ་ལྟར་དོར།  སྔོན་དངོས་རྗེས་གསུམ་དང་འབྲེལ་ནས་བསྙེན་སྒྲུབ་ལ་འབད།  དེ་ཡང་ཨ་རྫོགས་སྙན་གསུམ་དང་བླ་མ་མཆོད་པའི་ཆོ་ག་ཚེ་དབང་བོད་ཡུལ་མའི་བསྙེན་ཆེན་ཆུ་མིག་རི་འགྲིམས་སྟོང་ཕྲག་ལྷག་མཐར་ཕྱིན།  ཕུར་ཐོགས་སྟོང་གི་ཁྲི་བ་བླ་མའི་འགན་བཞེས་ཏེ་འགྱེད་གཏོང་སྒོ་ཚོགས་བསགས་རྒྱ་ཆེར་བྱས་རྗེས་ནམ་ཡང་ཉམས་ལེན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་འབད་དེ་བཞུགས། དགུང་ལོ་བརྒྱད་ཅུར་ཉེ་བ་ན་ཉིད་ཀྱི་སྲས་བོན་པོ་ཀུན་བཟང་དང་ཚ་བོ་རྣམས་ལ།  དལ་བ་དོན་ཡོད་བྱ་དགོས་ཏེ་བོན་གྱི་བསྟན་པའི་སྒོར་ཞུགས་ནས་དམ་པ་གསུམ་གྱི་ཉམས་ལེན་དགོས་ཚུལ།  ཡི་དམ་དབལ་སྲས་དང་དབང་ཆེན་འབུམ་པ་གཙོ་བོར་བྱེད་དགོས།  སྲུང་མ་མ་བདུད་བཙན་གསུམ་དང་སྒྲ་བླ་མོ་སྐྱེས་བུ་གནམ་ལྷ་སོགས་ཚེ་རབས་ལས་ཀྱི་ལྷ་ཡིན་པ་ཤེས་དགོས།  བཤེས་གཉེན་བསྟེན་ཚུལ་དང་སྒྲུབ་ཚུགས་ལེགས་པོ་ཞིག་བྱུང་ན་གཏན་གྱི་དོན་ཆེན་པོ་འགྲུབ་པ་ཡིན་ཞེས་བསླབ་བྱ་ཡང་དག་པར་གནང་བ་ནི་འདའ་ཁའི་ཞལ་ཆེམས་ཡིན་གཤིས།  ཆ་ལུགས་ལྔ་ལྡན་གྱི་ངང་ནས་སྒྲ་འོད་ཟེར་གསུམ་རང་སྣང་དུ་ཤེས་པས་འོད་གསལ་མ་བུ་འཕྲོད་དེ་ཞི་དབྱིངས་སུ་གཤེགས་སོ། ། དེ་ནས་བུ་རབས་ཚ་བརྒྱུད་རྣམས་ནས་གདུང་མཆོད་རྒྱས་སྤྲོས་བྱས་ཏེ་ཐམས་ཅད་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་ཕ་མེས་ཞལ་གསུངས་ལྟར་ལོ་གསུམ་སྒྲུབ་གྲྭའི་ཉམས་ལེན་ཚུལ་བཞིན་བསྐྱངས་ཏེ་ཚོགས་གསོག་སྒྲིབ་སྦྱོང་དང་བསྙེན་སྒྲུབ་ཟབ་མོའི་ཉམས་ལེན་ལ་འབད་ཅིང་བརྩོན་བཞིན་པའོ། །

གྲུབ་པའི་འཁོར་བསྒྱུར་སྤྱི་རྟིང་འཁོར་ལོའི་མགོན།།

ཐབས་ཆེན་སྙིང་རྗེ་མཆོག་གིས་གཞི་བཟུང་སྟེ།།

ཤེས་རབ་དམིགས་མེད་ལྟ་བས་རྩལ་རྫོགས་པས།།

གསེར་ལྗོངས་བོན་བསྟན་སྣང་བས་ཁྱབ་པར་མཛད།།

གང་གིས་ཐུགས་བསྐྱེད་ཁྱུང་ཆེན་གཅེན་པོ་ཡིས།།

ལེགས་དྲངས་བསྟན་པའི་ཉི་མ་ཕྱོགས་ཀུན་ཏུ།།

གསལ་མཛད་དེ་ཡིས་འགྲོ་ལ་ཕན་བདེ་ཚལ།།

བཞད་དེས་རྗེས་འཇུག་བུང་བ་འཚོ་བར་གྱུར།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།