རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བྱུང་རབས་ངོ་སྤྲོད་བསྡུས་པ་བདེན་གཏམ་སྐྱེས་ལྔའི་སྙན་དབྱངས།

རྩོམ་པ་པོ།  ཁྲི་བདེ་མཆོག

དེ་ཡང་མདོ་སྨད་ས་ཡི་ཐིག་ལེར་བོན་གཤེན་རྔ་གཤང་ཐོགས་པའི་གསང་སྔགས་རིག་པ་འཛིན་པའི་སྒྲུབ་སྡེ་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བྱུང་རབས་ངོ་སྤྲོད་མདོར་བསྡུས་སུ་ཞུ་བ་ལ་ས་བཅད་རྣམ་པ་བཞི་ལས།

 

༡ ༽ རེབ་གོང་བོན་མང་གི་ས་གནས་ངོས་འཛིན་གྱི་སྐོར།

IMG_3272རེབ་གོང་བོན་མང་ནི་གངས་ཅན་ཁ་བའི་ལྗོངས་ལ་མདོ་དབུས་ཁམས་གསུམ་དུ་ཕྱེས་པའི་ནང་ཚུན་མདོ་སྨད་ཨ་མདོའི་ཡུལ་དུ་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་རྨ་ཆེན་གངས་རིའི་ཉེ་འགྲམ། དེང་སང་མཚོ་སྔོན་གྱི་སྲིད་འཛིན་མངའ་སྡེའི་ལྟེ་གནས་གནའ་མཁར་ཟི་ལིང་ནས་ཤར་ཕྱོགས་སུ་སྤྱི་ལེ་གཉིས་བརྒྱ་བསྐྱོད་པའི་མཚམས་སུ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་མཁས་པ་དང་གྲུབ་པ་རྒྱུན་མ་ཆད་པར་བྱོན་པའི་གནས་མཆོག གྲོང་ཁྱེར་གྱི་མཐའ་སྐོར་ན་གྲུབ་གནས་ཁྱད་པར་ཅན་བརྒྱད་ཡོད་ཅིང་། གྲོང་ཁྱེར་གྱི་ཉེ་འཁྲིས་གཡས་གཡོན་དུ་བོན་མང་གི་གྲོང་སྡེ་ཚོ་བ་རྣམས་ཡོད་ལ། དེ་དང་ལྷན་དུ་སྒྲུབ་སྡེའི་གནས་གཞིའི་གསས་ཁང་བཅོ་བརྒྱད་ཀྱང་ཕྱོགས་སོ་སོ་ན་ཡོད། དེ་ལ་ཡང་སྟོད་ཕྱོགས་ན་སྤྱི་རྟིང་ཨརྒ་སྟེང་དུ་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་དང་གད་པ་སྐྱ་བོ་ན་གསང་སྔགས་རིག་འཛིན་དར་རྒྱས་གླིང་། གདོང་མགོ་ཚང་ན་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང་ཡོད། དེ་གསུམ་ལ་སྤྱི་ཁ་གསུམ་ཟེར་ལ་གྲུབ་ཆེན་འཁོར་ལོ་བསྒྱུར་རྒྱལ་གྱི་གདན་ས་དང་བརྒྱུད་འཛིན་ཡིན། དུས་སྔ་མོར་མཁར་ཞོལ་དགོན་པ་ཡོད་ལ། དེང་སང་དེའི་ཚབས་སུ་བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་ཡོད།ངོ་མོ་ན་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་དང་། དུས་སྔ་མོར་དཀོན་མོའི་ཉིན་གྱི་དགོན་པ་ཡོད། གྱང་རུ་ན་རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་ཡོད། འདི་གཉིས་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་གདུང་བརྒྱུད་དང་སློབ་བརྒྱུད་ཡིན། དེ་རྣམས་ཀྱི་བོན་གཤེན་རིག་འཛིན་རྣམས་ལ་སྟོད་ཕྱོགས་བོན་མང་ཟེར། སྨད་ཕྱོགས་ན་ཁྱུང་པོ་ཐང་དུ་ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་དང་། དུས་སྔ་མོར་བྱང་གི་ཐག་ཉེ་ན་ཨ་བ་ངོས་བཟང་གི་དགོན་སྡེ་ཡོད། འདི་བླ་ཆེན་དྲན་པ་ནམ་མཁའི་སྒྲུབ་གནས་གོང་མོ་གུར་ཁང་གི་ཉེ་འཁྲིས་སུ་ཡོད། སྡོང་སྐམ་ན་གསང་སྔགས་བདུད་འདུལ་ལྷུན་གྲུབ་གླིང་དང་། གླིང་བརྒྱའི་བོན་ཚང་མ་ན་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་ཡོད། དུས་སྔ་མོར་ལྷ་རི་དཀར་པོའི་རྩ་བ་རུ་དབལ་མོ་གནས་ཀྱི་དགོན་སྡེ་དང་། ཞོ་འོང་ཉིན་ཐ་ན་ཀུན་འདུས་གཡུང་དྲུང་འགྱུར་མེད་གླིང་དང་། སྐྱབས་མགོན་ཚོགས་དྲུག་རང་གྲོལ་དང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་གཞིས་ཀྱི་ཉེ་འཁྲིས་སུ་ཡོད། དར་གྲོང་ན་སྒྲུབ་པའི་རྒྱལ་མཚན་མི་འགྱུར་གླིང་། དེར་བཞུགས་བོན་གཤེན་རྣམས་ལ་སྨད་ཕྱོགས་བོན་མང་ཟེར། དེ་རྣམས་གྲུབ་ཆེན་ཁྱུང་དཀར་ཚངས་པའི་བརྒྱུད་འཛིན་ཡིན།བྱང་ཕྱོགས་སུ་ཧོར་ནག་རུ་གོང་ཞོལ་དུ་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་དང་། ཧོར་ནག་སྟོང་ཆེ་རུ་རིག་འཛིན་ཀུན་འདུས་རྣམ་རྒྱལ་གླིང་ཡོད། ཁྱུང་པོ་ལ་ཁ་རུ་ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་དང་། དུས་སྔ་མོར་ཁྱུང་པོ་དར་ལྡིང་དགོན་པ་དང་གནམ་སྟེང་དགོན་པ་ཡོད། ད་དུང་ནོའུ་རོང་ན་གཡུང་དྲུང་གསང་སྔགས་གླིང་དང་ཨ་བོག་སོགས་ཀྱི་རིག་འཛིན་རྣམས་ལ་ཧོར་སྙན་བཟང་བོན་མང་ཟེར། ད་དུང་ཡང་ཡར་ནང་བོན་སྡེ་ཁག་གསུམ་ནི་བོན་བརྒྱ་མག་སར་གདུང་ངེས་གསུམ་ལ་གསས་ཁང་རེ་རེ་དང་མར་ནང་བོན་སྡེ་ཁག་གསུམ་ཞེས་བོན་ཚང་མ་དབལ་ལུང་ལྷོ་བ་གསུམ་ཡིན། དེ་གསུམ་དེང་སང་རྡོ་སྦས་རྫོང་ངམ་ཞིན་དཔའ་རྫོང་གི་མངའ་ཁོངས་ཡིན་འདི་རྣམས་ཀྱི་བོན་གཤེན་རིག་པ་འཛིན་པ་རྣམས་ཀྱི་སྤྱི་མིང་ལ་རེབ་གོང་བོན་མང་ཞེས་སུ་གྲགས་ཤིང་འདི་ཐམས་ཅད་རེབ་གོང་རྫོང་ངམ་ཐུན་རིན་རྫོང་གི་མངའ་ཁོངས་ཡིན་ནོ།།

༢ ༽ རེབ་གོང་བོན་མང་བྱུང་རབས་ལོ་རྒྱུས་ཀྱི་སྐོར།

21རེབ་གོང་བོན་མང་འདི་དུས་ནམ་ཞིག་ལ་བྱུང་བ་ཡིན་ཞེ་ན་རྣམ་འདྲེན་བརྒྱད་པ་དམུ་དབང་ཐོད་དཀར་སྲས་པོ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་སྐུ་གསུང་ཐུགས་ཀྱི་བསྟན་པ་ལས་གསུང་གི་ལས་དཔོན་གདུང་སོབ་སྟོན་པ་མུ་ཆོ་ལྡེམ་དྲུག་གི་སློབ་མ་མཆོག་ཏུ་གྱུར་བ་འཛམ་གླིང་མཁས་པ་རྒྱན་དྲུག་བྱུང་བའི་ནང་ཚུན་ཕྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས། གེ་སར་ཕྲོམ་གྱི་ཡུལ་གྲུ་མཚོ་སྔོན་ཕྱོགས་སུ་གསུང་གི་བསྟན་པའི་དུས་སུ་བྱོན་ནས་བོན་བསྟན་སྤེལ་བ་དང་མཁས་པ་རྒྱན་དྲུག་གི་ཞབས་ཀྱིས་ཟིན་པའི་ཐུགས་སྟོན་བླ་ཆེན་དྲན་པ་ནམ་མཁའ་ཡང་དུས་རབས་བརྒྱད་པའི་ནང་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་མདོ་སྨད་རེབ་གོང་དུ་བྱོན་ནས་སྒྲུབ་པ་ཉམས་ལེན་གནང་ས་རེབ་གོང་གྲུབ་གནས་བརྒྱད་ཀྱི་ནང་ཚན་བྱང་ཕྱོགས་གོང་མོ་གུར་ཁང་དུ་བཞུགས་ནས་གྲུབ་པའི་རྟགས་དང་མཚན་མ་ཆུ་བུར་མིག་གིས་མཐོང་སར་བཞག   བྱང་ཨ་བ་ངོས་བཟང་གི་དགོན་སྡེ་གསར་དུ་བཞེངས།  ལྷ་རི་དཀར་པོའི་རྩ་བ་རུ་དབལ་མོ་གནས་ཀྱི་དགོན་སྡེ་དང་། ཁྱུང་པོ་དར་ལྡིང་དགོན་པ་དང་དཀོན་མོ་ཉིན་གྱི་དགོན་པ་མཐར་སྨུག་རྫོང་གི་དགོན་པ་སྟག་ལུང་གྱང་རིའི་སྒྲུབ་སྡེ། བྱང་གནམ་སྟེང་དགོན་པ་སོགས་རེབ་གོང་སྟོད་སྨད་བར་གསུམ་དུ། བསྟན་པ་སྔ་དར་དང་བར་དར་སྐབས་སུ་དགོན་སྡེ་མང་པོ་ཡོད་པར་གྲགས་ཤིང་ད་ལྟ་ཡང་དགོན་ཤུལ་ངོས་ཟིན་པ་ཙམ་ཡོད་དོ། གནམ་སྟེང་དགོན་པ་ནི་རབ་བྱུང་བཅུ་གསུམ་པའི་ནང་དགེ་ལུགས་པའི་དགོན་པ་ཧོར་ནག་བཀྲ་ཤིས་འཁྱིལ་དང་གཞི་གཅིག་ཏུ་བསྡུས་ནས་འཇིག་ཧོར་ནག་བཀྲ་ཤིས་འཁྱིལ་ནི་རེབ་གོང་རོང་བོ་དགོན་ཆེན་གྱི་མ་དགོན་ཡིན། ཕྱི་ལོ་༡༩༥༨ཡར་སྔོན་བར་བོན་པོ་རྣམས་མཇལ་ཆོག་པ་དང་རྟེན་རྣམས་མཇལ་རྒྱུ་ཡོད། དུས་རབས་དགུ་བའི་ནང་བོད་རྒྱལ་ལྷ་སྲས་དར་མའི་བསྟན་པ་བསྣུབས་སྐབས། མཚན་སྙན་གྲགས་ཆེ་བའི་རེབ་གོང་གྲུབ་ཐོབ་སྐུ་མཆེད་རྣམ་གསུམ།སྤྱི་རྟིང་འཁོར་ལོ་བསྒྱུར་རྒྱལ།ངོ་མོ་ཡེ་ཤེས་མཚོ་རྒྱལ།ཁྱུང་ངོ་ཁྱུང་དཀར་ཚངས་པ་གསུམ། དབུས་ས་ཀ་གདུང་དྲུག་གམ་ཁྱུང་པོ་རི་རྩེ་དྲུག་ཕྱོགས་ནས་རྫུ་འཕྲུལ་གྱིས་ཞིང་འདིར་བྱོན་པའི་གནས་ནི། དེང་སང་གི་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཉེ་འགྲམ་ས་འབལ་ཚའི་ལུང་མདོ་ན་ཆུ་བོ་རྒྱ་གྲམ་དུ་འབབ་པ། བྲག་དམར་གཏོར་ཟོར་ལྟ་བུ་མང་པོའི་གསེང་ན།མཐོང་རེག་གིས་སེམས་ཅན་ལ་གནོད་པའི་བཙན་དུག་གི་སྡོང་བོ་ཡོད་པ་དེ། བསྐྱེད་རྫོགས་ཟབ་མོའི་དགོངས་པས་ཟན་གྱི་གཏོར་མས་བཅད་ནས་ཀླུ་བདུད་བཙན་གསུམ་དམ་ལ་བཏགས།ཡུལ་ཁམས་བདེ་ལ་བཀོད། སོ་ནག་གི་ཨ་མྱེས་ཉག་ཀ་ཚང་གི་བུ་མོ་རྒྱལ་མོ་བྱམས་ཟེར་བ་ལོ་བཅུ་དྲུག་མཁའ་འགྲོའི་མཚན་རྟགས་ཅན་གྱི་བུ་མོས་གྲུབ་ཐོབ་རྣམ་གསུམ་འོ་མའི་སྐྱེམས་དྲངས་པས་ཐུགས་ཤིན་ཏུ་མཉེས་བོན་བརྒྱ་སྡེ་བ་དང་བོན་བརྒྱ་དགོན་པ་ཆགས་པར་མ་འོངས་ལུང་བསྟན་གནང་། ཤིང་སྡོང་ལ་དབལ་སྐུ་དང་ཕྱག་རྔ་དང་དབལ་ཕུར་སྟོང་དང་དགུ་བརྒྱ་བཞེངས་པ། བོན་གཤེན་རིག་འཛིན་ཕུར་ཐོགས་སྟོང་དང་དགུ་བརྒྱའི་རྟེན་འབྲེལ་འགྲིགས།སྒྲུབ་རྒྱུད་སྔགས་ཀྱི་བསྟན་པའི་རྨང་གཞི་བཟུང་ནས།    གདུང་བརྒྱུད་དང་སློབ་བརྒྱུད་མང་དུ་སྤེལ་ཅིང་།   དེ་ནས་རིམ་པར་ཨ་མདོ་མཁས་གྲུབ་བཅོ་བརྒྱད་ཀྱི་ནང་ནས་རྩེ་ཞིག་བླ་རབས་དང་བོན་བརྒྱ་བླ་རབས་ཁྱད་པར་ད་ལྟའི་བསྟན་བདག་མཁས་དབང་བོན་བརྒྱ་རིན་པོ་ཆེ་སོགས་ཀྱིས་མདོ་སྨད་བྱང་རྒྱུད་ཀྱི་བོན་བསྟན་སྤྱི་དང་ཁྱད་པར་རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དང་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བསྟན་པ་ལ་བདག་དང་བདག་གིར་མཛད་བཞིན་པ་རེད། སྔོན་གྱི་དགོན་སྡེ་འཇིག་སོང་བ་རྣམས་ཀྱི་ཚབ་གཅིག་ལྕོགས་ཀྱི་ཚུལ་དུ་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་འདི། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་མཆོད་བཀུར་གྱི་ཞིང་དམ་པར་གྱུར་ཡོད་ཅིང་དགོན་པའི་དཔལ་འབྱོར་དང་གྲྭ་རྒྱུན་གྱི་ཡོང་ཁོངས་གཙོ་བོ་ཡང་བོན་མང་ཆགས་ཡོད་ད་ལྟ་བོན་མང་ཆེས་མང་དུས་སམ་ཕྱི་སྐལ་ནང་སྐལ་གཉིས་ཆ་བསྡོམས་ན་གསང་སྔགས་རིག་པ་འཛིན་པ་སྟོང་ལྷག་བཞུགས་པ་བཅས་བསྟན་པ་དར་ཞིང་རྒྱས་པའི་བྱུང་རམ་རགས་བསྡུས་ཙམ་ཞིག་ཞུས་པ་ཡིན།

༣ ༽ རེབ་གོང་བོན་མང་ཡི་དམ་ལྷ་སྲུང་བསྟེན་ཚུལ་གྱི་སྐོར།

22བླ་མ་ཡི་དམ་ལ་བསྙེན་སྒྲུབ་དང་ལྷ་སྲུང་བསྟེན་ཚུལ་གྱི་ཕྱོགས་ནས། ཀློང་དགུའི་ཡི་དམ་དགུ་དང་ཁྱད་པར་དུ་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ལྷ་སྐལ་ཐུན་མོང་མ་ཡིན་པ་འདས་པའི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་བསྟན་པ་ད་ལྟའི་གཤེན་རབ་ཀྱི་བསྟན་ལ་བྱིན་རླབས་དང་དངོས་གྲུབ་ཏུ་བཞག་པའི་ཡི་དམ་དབལ་རམ་འབུམ་གསུམ་ཡིན་ལ་སྲུང་མ་གཙོ་བོ་མ་བདུད་བཙན་གསུམ་དང་མ་མོ་སྟག་རི་རོང་སྐྱེས་བུ་གནམ་ལྷ་སོགས་ཡིན་ནོ། མཚན་ལྡན་བླ་མའི་དྲུང་དུ་སྔོན་འགྲོ་བསགས་སྦྱང་གི་རིམ་པ་དང་འཕོ་སྦྱང་དངོས་གཞིའི་སེམས་ངོ་སོགས་ཞུས་ནས་ཟླ་བ་དང་ལོ་གྲངས་ཚད་དུ་བཟུང་བ་དང་ད་དུང་ཚེ་དང་སྒྲུབ་པ་མཉམ་བསྐྱེལ་བྱས་པའང་ཡོད།ལོ་གསུམ་སྒྲུབ་གྲྭ་བཞུགས་མཁན་ཀྱང་མང་པོ་ཡོད། ཆུ་མིག་བརྒྱ་རྩ་རི་བརྒྱ་གཉན་གྲོལ་འགྲིམས་པ་ཤིན་ཏུ་མང་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་ལས་གཉིས་དོན་དུ་བསྙེན་སྒྲུབ་ལས་གསུམ་གྱི་ཉམས་ལེན་དམིགས་བསལ་དུ་ཕྱག་ལེན་དུ་བསྟར་བཞིན་ཡོད། དེ་ལ་བརྟེན་ནས་གྲུབ་པ་ཐོབ་པ་དང་སྲུང་མ་བྲན་གཡོག་བཞིན་དུ་ལས་ལ་བཀོལ་མཁན་ཡང་མང་པོ་བྱུང་། དཔེར་མཚོན་ཙམ་ཞིག་ཞུ་ན་གྱང་རིའི་ཨ་མྱེས་ཐུགས་རྗེ་དབང་འབུམ་ལྟ་བུ་རེད། ཁོང་དུས་རབས་བཅུ་དྲུག་པའི་ནང་དུ་བྱོན་ནས་ཁོང་གིས་དགེ་ལུགས་པའི་བླ་མ་ཤིང་བཟའ་པཎ་ཏྲི་ཏའི་དགོན་པ། གཙང་ར་རྒྱ་དགོན་ཆེན་གྱི་གྲྭ་སྲི་བཅད་པ་དང་ཡང་སེར་འགོག་ཏུ་བཞུགས་ནས་ཉུང་དཀར་ནག་གི་ཐུན་རྫས་ཀྱིས་ཀ་ཅུའི་ཨ་མྱེས་གཉན་ཆེན་ནམ་གཉན་ཆེན་ཕོ་བའི་སྤྱན་འབྲས་ཕྱུང་བའི་ལོ་རྒྱུས་ངོ་མཚར་པ་ཡོད། སྡོང་སྐམ་ཨ་ལགས་སྣང་གསལ་ལྷུན་གྲུབ་མཆོག་པཎ་ཆེན་སྐུ་འཕྲེང་བཅུ་བའི་འཁྲུངས་གཞིས་ཀྱི་རུས་དཔོན་མཛད་ནས་གཏོར་མ་དང་དབལ་ཕུར་གྱི་རྩེ་མོ་ནས་མེ་འབར་བ་དང་རྨི་ལམ་མཚན་ལྟོས་བཟང་པོ་ཞལ་དམར་བཏགས་པ་དང་སྦྱིན་བདག་ལ་སྲུང་བ་སྐུ་རིམ་གྱིས་ཧ་ཅང་ཕན་ཐོགས་བྱུང་བ། ༼ཡང་སྔགས་འཆང་འགའ་རེས་ཀྱིས་ནད་པ་དང་ནད་བདག་གདོན་ལ་སྙིང་རྗེ་རིས་མེད་དུ་སྐྱེས་ནས་བླ་མ་དང་ཡི་དམ་གྱི་སྣང་པ་མ་བྲལ་བར་སྔགས་དང་ལུས་སྦྱིན་ཚར་གཅིག་བཏོན་པ་ཙམ་གྱིས་ཀྱང་ཕན་ཐོགས་ཡོང་ཞེས་པའི་གསུངས་ཚུལ་ཀྱང་ཡོད།༽སྡོང་སྐམ་ཨ་ལགས་ཀྱི་མགྲོན་པོ་ཡིན་ལབ་ན་ཁྲམ་པ་ཇག་རྐུན་གྱིས་མི་ལེན་པ་ལྟ་བུ་ཡིན།རོང་བོའི་ནང་སོ་དང་རྒྱལ་བོའི་དཔོན་པོ་རླངས་དཔོན་པོ་སོགས་གྱི་གཞིས་དཔོན་ཀྱང་བོན་མང་ཡིན། འདི་ཚང་མ་གཞན་ཕན་སྙིང་རྗེ་ཡིས་རྩིས་ཟིན་པའི་སྒོ་ནས་ཡི་དམ་གྱི་བསྙེན་སྒྲུབ་ཟབ་མོ་འཛབ་བསྙེན་གྱི་གྲངས་ཚད་རྫོགས་པ་དང་བླ་མ་ཡི་དམ་ལྷ་སྲུང་དད་པ་བརྟན་པོ་ཡོད་པས་སྟོབས་ཀྱིས་ལྷ་སྲུང་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པས་གཟུགས་མེད་འགྲོ་བ་ལ་བཀའ་བསྒོ་དམ་བཞག་གི་མཐུ་བརྩན་པ་དང་། གཟུགས་ཅན་སེམས་ཅན་སྲུང་སྐྱོབས་འཕྲིན་ལས་ཆེ་བས་གྲུབ་མཐའ་གཞན་ལས་ཁྱད་དུ་འཕགས་པ་ལྟ་བུ་ཞིག་འདུག དེར་བརྟེན་ཕྱོགས་སོ་སོ་ནས་ཕྱག་སྐྱབས་བཀུར་བསྟི་ཞུ་བཞིན་པ་མང་པའི་རྒྱུ་མཚན་ཡང་དོན་འདི་རེད་སེམས་བཞིན་ཡོད། སྔགས་འཆང་ཁ་ཤས་སྐུ་གཤེགས་པའི་སྐབས་ལ་སྐུ་ལ་བསྙུང་པ་མེད་པར་ངའི་གྲྭ་སྒྲིག་དང་སྟ་གོན་བྱས་པ་ག་འདྲ་འདུག་གསུང་ནས་རྣལ་འབྱོར་བའི་ཆས་རྣམས་ཚགས་སུ་ཚུད་ནས་ཞབས་སྐྱིལ་དྲུང་ཆ་ལུགས་ལྔ་ལྡན་དང་སེང་གེ་འགྱིང་སྟབས་དང་གླང་ཆེན་ཉལ་སྟངས་ཀྱིས་བཞུགས་ནས་གཤེགས་པ་དང་། ཡང་འཇའ་གུར་ཕུབ་པ་ཐུགས་དམ་རང་བསྲེལ་བྱུང་པ་སྔོན་མ་ནས་ད་ལྟའི་དུས་སྐབས་འདིའི་བར་དུ་འགའ་རེ་རྒྱུན་མ་ཆད་པར་བྱུང་དང་བྱུང་བཞིན་པ་རེད་དེར་བརྟེན་ནས་རེབ་གོང་བོན་མང་གི་མཚན་སྙན་གྲགས་རྒྱས་ཡོད་པ་རེད།

༤ ༽ རེབ་གོང་བོན་མང་གི་བོན་སྤྱོད་སྒྲིག་ལམ་གྱི་སྐོར།
8བོན་སྤྱོད་སྒྲིག་ལམ་གྱི་རིམ་པ་ནི་དང་པོ་སྐྱབས་སྡོམ་བླངས་ནས་ཚོགས་གྲལ་དུ་ཞུགས་ཤིང་མཚན་སྤོ་བ་ལུས་བསྒྱུར་ནས་སྔགས་ཚུལ་འཛིན་དགོས་པ། དབུ་སྐྲ་ལྕང་ལོ་མ་བཅོས་རྩེ་རྒྱལ་དུ་འཇོག་པ། ན་བཟའ་སྨད་ཤམ་དང་སྟོད་གོས་སྔོན་པོ་དམར་སྨུག་མནབས་པ་དང་ཡང་ན་ཕྲུག་བེར་སྟག་གཟིག་གི་པགས་པའི་གོང་གཤམ་མཛེས་པ་གྱོན་པ་འདི་སྒྲུབ་ཆེན་བོན་སྤྱོད་ཀྱི་དུས་སུ་མ་གཏོགས་མི་མནབས་ཤིང་དེ་ཡང་བོད་རྒྱལ་བཙན་པོའི་སྐུ་རིང་ལ་བོན་གཤེན་རྣམས་ལ་ཆེ་ཐོབ་རྟགས་དང་བཙུགས་སུ་ཕུལ་བ་ཡིན་ལ་རིག་འཛིན་གོང་མའི་ཕྱག་སྲོལ་ཡིན་པས་མི་ཉམས་པར་སྔར་སྲོལ་བཞིན་མནབ་བཞིན་ཡོད། བློ་སེམས་དགེ་ལ་བསྒྱུར་ཅིང་སྔོན་འགྲོ་བསགས་སྦྱང་གི་རིམ་པ་འབད་ནས་ཐ་མལ་བ་དང་ཁྱད་འདོན་དགོས་པ་དང་། བློ་ཚད་དང་བསྟུན་ནས་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་བྱེད་པ། ཁྱད་པར་དུ་ཡི་དམ་ལྷ་ཡི་བསྙེན་སྒྲུབ་བྱེད་ཚེ་དབང་ལུང་གི་གདམས་པ་ཞུས་ནས་སྒྲུབ་པ་མ་གཏོགས།སྔོན་འགྲོ་མེད་པར་ཉམས་ལེན་བྱེད་པ་དང་། དབང་ལུང་མེད་པར་བསྙེན་སྒྲུབ་བྱེད་པ།བསྙེན་སྒྲུབ་མེད་པར་སྲུང་ཟློག་བསད་མནན་བྱེད་པ་སོགས། ལམ་ལ་གོ་རིམ་མེད་པ་རང་བཟོ་ཐོ་ཅོ་ཆགས་སྟབས་འདིའི་རིགས་གནང་ཆོག་གི་མེད། བོན་མང་རིག་འཛིན་འདུས་པ་རྒྱ་མཚོའི་ཐུན་མོང་གི་སྒྲུབ་ཆེན་བཞི་ཡོད། དཔྱིད་ཡི་དམ་དབང་ཆེན་འབུམ་པའི་སྒྲུབ་ཆེན། བོད་ཟླ་བཞི་བ་དང་ལྔ་བའི་མཁའ་འགྲོ་གསང་གཅོད་ཡིད་བཞིན་ནོར་བུའི་སྒྲུབ་མཆོད། ཡི་དམ་ཀུན་འདུས་ཀྱི་སྒྲུབ་མཆོད། རྒུན་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་ཆེན་གར་འཆམ་དང་བཅས་པ་ཡོད། གར་འཆམ་འདི་ལ་དམིགས་བསལ་གཞན་དང་མི་མཚུངས་པ་ཞིག་ཡོད་པ་དེང་སང་སྲུང་མ་སྟག་རི་རོང་གི་འཆམ་འཁྲབ་དུས་འཆམ་པོ་བ་རང་ཉིད་ལ་རང་དབང་བྲལ་བའི་སྒོ་ནས་འཆམ་འཁྲབ་བཞིན་ཡོད་འདི་ལྷ་སྲུང་གི་བྱིན་རླབས་དངོས་སུ་ཞུགས་པ་ཡིན་ཞེས་གདེངས་འཇོག་ཆེན་པོ་གནང་ནས་ཕྱོགས་སོ་སོའི་མཇལ་མཁན་མང་པོ་སླེབས་བཞིན་ཡོད་པ་རེད། གཞུང་སོ་སོའི་སྒྲུབ་སྡེ་ལ་ཡང་དུས་ཆེན་སྒྲུབ་མཆོད་ཚེས་བཅུ་དགུ་གཏོར། སྐུ་རིམ་སྐང་སྒྲུབ་སོགས་ཀྱི་མཚོན་མང་པོ་ཡོད། ཆོ་ག་ཕྱག་ལེན། འདོན་དབྱངས་རྟ། རྔ་བརྡུང་རོལ་མོ།ཐིག་རྡུལ་ཚོན། གཏོར་མ་བཅའ་བཟོ། དཀྱིལ་འཁོར་བཤམས་བཀོད། མཆོད་སྒྲིག་གང་ལེགས་གནང་ནས་བླ་མ་དང་དགེ་རྒན་ལས་སྣེ་དབུ་མཛད་དང་འགྲིག་བདག་དགེ་བསྐོས་རྒན་པ་རྣམས་ཀྱི་ཐུགས་གང་མཉེས་བྱེད་པ་དང་། ཚོགས་གྲལ་དུ་ཕེབས་ཡོང་དུས་ཀྱང་བསྟན་དང་འགྲོ་བ་ལ་ཕན་པའི་ལྷག་བསམ་དང་མཁའ་འགྲོའི་འཚོགས་གྲྭ་ལ་ཕེབས་བཞིན་ཡོད་སྙམ་པའི་དག་སྣང་དང་འདུ་ཤེས་ངོས་ནས་ཕེབས་དགོས་པ་དང་། བཞུགས་སྐབས་ཀྱང་རྒན་མང་སྔོན་དུ་གྲལ་འགོ་ནས་རིམ་པ་བཞིན་དུ་བཞུགས་པ་དང་ལུས་ཆ་ལུགས་ལྔ་ལྡན་ནམ་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་དགོས་པ། རང་རང་གང་བདེ་ཅི་འདོད་མི་གནང་པ། ངག་གི་སྒོ་ནས་ཀུ་རེ་ཀྱལ་ཀ་དང་དགོས་མེད་བྱུང་རྒྱལ་གྱི་གཏམ་མི་སྨྲ། འདོན་པ་གསུང་སྐབས་ཀྱང་། རབ་བསྐྱེད་རྫོགས་ཟུང་འབྲེལ།འབྲིང་ཚིག་དོན་ཟུང་འབྲེལ།ཐ་མ་དད་པ་དག་སྣང་ཞེས་གསུངས་པ་ལྟར་ཡིན་དེ་མིན་ར་ལུག་འབའ་འབའ་དང་། རྟ་བོ་འཚེར་འཚེར། གླུ་ལེན་ལྟ་བུའི་ཚུལ་མ་ཡིན་པར། འབྲུག་སྟོང་དུས་གཅིག་ཏུ་གྲགས་པ་ལྟ་བུའི་གསུང་མཐོ་བ། ལྡིར་ཆོམ་ཆོམ་བརྗིད་ཆགས་པར་གསུངས་པ། ཡོ་བྱད་ཞྭ་གོས་གླེགས་བམ། ཌར་སིལ་སྒོམ་ཐག ཕྱག་ཕྲེང་ཚད་ལྡན། དབལ་ཕུར་ཐུན་རྭ། དབུ་ཞྭའི་རིགས་མང་ཡང་།དཔེར་ན་ལི་ཤུའི་སྟག་ཞྭ་ཆེན་མོ། སྒོམ་ཞུ་དཀར་མོ་རྩེ་རྒྱལ།ཞྭ་དཀར་ཁྱུང་གཤོག་ལྡིང་པ། མངོན་སྤྱོད་དོམ་ཞུ་ནག་པོ། ཞྭ་ནག་ཕོད་ཁ་རྩེ་འབར་སོགས་རང་རང་གི་ཡོན་ཏན་གང་ཐོབ་ཀྱིས་མནབ་དགོས་པ་དང་། འཚོགས་གྲོལ་སྐབས་ཀྱང་གྲལ་མཇུག་ནས་རིམ་བཞིན་གྲོལ་དགོས་པ་དང་གང་འདོད་དུ་འགྲོ་འདུག་གནང་མི་ཆོག་པ་ཡིན། དགོན་མ་ལག་ཀུན་གྱི་ལས་དོན་གཅིག་པ། སྐྱིད་སྡུག་གཅིག་པ། འགྲིགས་ལམ་གཅིག་པ། བླ་མ་དང་ཡི་དམ་གཅིག་པ། བརྟེན་པའི་སྲུང་མ་གཅིག་པ། མདོར་ན་ལྟ་སྤྱོད་སྒོམ་པ་སོགས་ཀྱི་ཉམས་ལེན་གཅིག་པའི་དབང་གིས།དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ལྟ་བུ། གྲུ་གཟིངས་གཅིག་གི་མགྲོན་པོ་ལྟ་བུའི་ཚང་མ་ལ་ཡ་ཐུགས་བསམ་མཐུན་པོའི་སྒོ་ནས་སྐལ་ལྡན་དྭངས་པ་འདྲེན་པའི་མིག་རྒྱན་དང་། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་དུ་གྱུར་ཡོད་པ་རེད་བཅས་རེབ་གོང་བོན་མང་གི་ངོ་སྤྲོད་མདོར་བསྡུས་སུ་ཁྲི་བདེ་མཆོག་ཏུ་འབོད་པའི་འཕགས་ཡུལ་སྨན་རིའི་གླིང་དུ་བྲིས་པ་དགེ་གྱུར་ཅིག།། ཐ་ཚན་མུ་ཙུག་སྨར་རོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།