བོན་གཞིས་བཙུན་དགོན་རདྣ་སྨན་གླིང་།

2233བོན་གཞིས་ཐོབ་རྒྱལ་གསར་པར་གནས་ཆགས་པའི་བཙུན་དགོན་རདྣ་སྨན་གླིང་འདི་ནི་ནི་ཕྱི་ལོ་ ༢༠༠༡ ལོའི་ཕྱི་ཟླ་ ༤ ཚེས་ ༡༡ ཉིན་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་ཕྱག་བཏབས་གནང་བ་ཞིག་རེད།
བཙུན་དགོན་འདི་ནི་བོན་གྱི་གདན་ས་ཆེན་པོ་༧དཔལ་ལྡན་སྨན་རིའི་གླིང་གི་ལྷོ་ངོས་སུ་སྤྱི་ལེ་ ༣ ལྷག་ཡོད་པའི་གཙང་ཆུའི་ཕར་ངོས་སུ། ཐང་ཤིང་གི་སྡོང་པོ་དང་། སེ་འབྲུ། སྟར་ཁ་ལ་སོགས་རང་བྱུང་གི་སྐྱེད་མོས་ཚུལ་གྱིས་ཕྱོགས་ཀུན་ནས་མཛེས་པའི་ཁོར་ཡུག་ཡིད་དུ་འོང་བའི་གནས་སུ་བཙུན་དགོན་རདྣ་སྨན་གླིང་གི་བཀོད་པ་ཁྲ་ཆིལ་ལེར་ཆགས་ཡོད་ཅིང་། དབུས་སུ་གཙུག་ལག་ཁང་ཐོག་བརྩེགས་གསུམ་ཅན་དེའི་ཐོག་བརྩེགས་དང་པོའི་ནང་རྟེན་གཙོ་བོར་ཡུམ་ཆེན་ས་ཏྲིག་ཨེར་སངས་སམ་ཤེས་རབ་བྱམས་མའི་སྐུ་ཚད་མཐོ་བརྗིད་དང་ལྡན་པ་ཞིག་བཞེངས་ཡོད།

ཐོག་བརྩེགས་གཉིས་པར་བསྟན་སྲུང་དམ་ཅན་རྒྱ་མཚོའི་སྒྲུབ་ཁང་དང་། གཡུང་དྲུང་བོན་གྱི་བཀའ་འགྱུར་བརྟེན་འགྱུར་བཞུགས་སའི་གཞལ་ཡས་ཁང་། བཙུན་མའི་དགེ་རྒན་སོགས་བཞུགས་སའི་ཁང་པ་དང་། དཔེ་ཁྲིད་བྱེད་སའི་ཁང་མིག་འགའ་བཅས་ཡོད་ལ། ཐོག་བརྩེགས་གསུམ་པར་ཉམས་ལེན་ཁང་བཅས་ཡོད། ཚོགས་ཁང་གི་གཡས་ངོས་སུ་བཙུན་མ་བརྒྱ་ཕྲག་བརྒལ་བ་བཞུགས་སའི་བཞུགས་ཤག་སོགས་ཡོད་ཅིང་། ཚོགས་ཁང་གི་གཡོན་ངོས་སུ་གཡོས་ཁང་དང་། ཚོགས་འདུ་འཚོགས་སའི་ཁང་ཆེན་བཅས་ཡོད། དེའི་ཞབས་སུ་རིག་ལམ་སློབ་གཉེར་བ་རྣམས་ཀྱིས་རི་མོ་འབྲི་ས་དང་། སྐད་ཡིག་སྦྱོང་ས། འཚེམ་དྲུབ་སློབ་ས། ཟུར་སྦྱོང་བྱེད་ས་སོགས་ཡོད།

ཕྱི་ལོ་ ༢༠༡༠ ཟླ་བ་ ༡༢ པའི་ཚེས་ ༢༠ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བས་རྒྱ་གར་དུའང་བཙུན་མ་1222རྣམས་ཀྱི་ཆེད་གཡུང་དྲུང་བོན་གྱི་བཤད་སྒྲུབ་བསྟན་པའི་སྲོལ་བཏོད་པའི་རྟེན་འབྲེལ་གྱི་མཛད་སྒོ་གནང་བ་མ་ཟད། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༢ ཉིན། ༧སྐྱབས་རྗེ་སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་ཐུན་མོང་བསྡུས་གྲྭ་ནས་དཔེ་ཁྲིད་དབུ་འཛུགས་ཀྱི་རྟེན་འབྲེལ་ལེགས་པར་གནང་།

བཙུན་དགོན་འདི་ནི་བོད་ཀྱི་ཕྱི་ལོགས་སུ་བོན་གྱི་བཙུན་དགོན་ཐོག་མ་དེ་ཡིན་པ་མ་ཟད་བཙུན་མ་རྣམས་ཀྱིས་གཞུང་ལུགས་པོད་ཆེན་ལྔའམ་མདོ་སྔགས་སེམས་གསུམ་ལ་ཐོས་བསམ་སྒོམ་གསུམ་དང། འཆད་རྩོད་རྩོམ་གསུམ་གྱི་འཁོར་ལོའི་གཞུང་རྟ་ལྟ་བུ་མཚན་ཉིད་ཀྱི་གཞུང་ལའང་བརྩོན་བཞིན་མཆིས། ད་ལྟ་བཙུན་མའི་གྲངས་བརྒྱ་ཕྲག་གཅིག་མ་ཟིན་ཙམ་ཡོད་ཅིང་། བཙུན་མ་ཆུང་བའི་རིགས་བོན་གཞིས་ཉིན་སློབ་དུ་སློབ་གྲྭར་འགྲོ་བཞིན་ཡོད་ཅིང་། དེར་དབྱིན་ཇི་གཙོས་ཕྱི་རྒྱལ་གྱི་སྐད་ཡིག་དང་། སྤྱི་ཚོགས་རིག་གནས། ཚན་རིག རྒྱལ་རབས་ལོ་རྒྱུས། སྒྱུ་རྩལ་རི་མོ་ལས་སོགས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ཆ་ཚང་སྦྱོང་བཞིན་ཡོད། བཙུན་མ་རྒན་རབས་པ་རྣམས་ཀྱིས་བཙུན་དགོན་ནས་གཡུང་དྲུང་བོན་གྱི་ཐུན་མིན་མདོ་སྔགས་སྐོར་དང་ཐུན་མོང་རིག་གནས་དང་བཅས་པར་༧གདན་ས་སྨན་རིའི་གླིང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་སྲོལ་སློབ་ཚན་ཇི་བཞིན་འབད་བརྩོན་བྱེད་བཞིན་པའི་ལོ་རྒྱུས་མདོར་བསྡུས་སུ། །

ར་ནག་ཚང་གིས་བྲིས།

གཡུང་དྲུང་བོན་དྲ་བ་ལས་དྲངས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།