བྱང་ཕྱོགས་གོང་མོ་གུར་ཁང་གི་གྲུབ་ཆེན་དྲན་པ་ནམ་མཁའ་ལ་དཔྱད་པ།

རེབ་གོང་གྲུབ་གནས་བརྒྱད་ཀྱི་ཡ་གྱལ་བྱང་ཕྱོགས་གོང་མོ་གུར་ཁང་གི་

གྲུབ་ཆེན་དྲན་པ་ནམ་མཁའ་ལ་དཔྱད་པ།
—— སྙན་བཟང་བསྟན་པ་རྒྱ་མཚོ།
DSCF2706

       དེང་སྐབས་སྤྱི་ཚོགས་ནང་ལོ་རྒྱུས་སྨྲ་བ་ཇེ་མང་ལ་འགྲོ་བཞིན་ཡོད་ནའང་། སྔོན་བྱུང་གི་ལོ་རྒྱུས་ཁྲོད་ས་གནས་གང་འདྲ་ཞིག་ནས་དུས་རབས་དང་སྐྱེས་རབས་ཀྱི་མི་སྣ་གྲགས་ཅན་འགའ་ཡི་གླེང་གཞིའི་ཁྲོད་སྤྱི་ཚོགས་ཀྱི་ཁོར་ཡུག་དང་བསམ་བློ་གང་འདྲ་ཞིག་གི་ངོས་ཐད་ནས། ད་གཟོད་ང་ཚོ་ཕྱི་རབས་པའི་མདུན་ལམ་ངེས་གཏན་ཅན་དུ་བསྐྲུན་བཞིན་པ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱིས་སྤྲད་པའི་ཟིན་ཐོ་ཡིན། ཡིན་ནའང་ཁུངས་ལྡན་གྱི་ཡིག་ཆ་དང་རྣམ་ཐར་སོགས་ལ་ཞིབ་བལྟ་ཙམ་ཡང་མེད་པར་ཟེར་སྒྲོས་ཙམ་དང་བྲིས་བཤུ་ཁོ་ནས་ཡིན་ལུགས་བརྗོད་ཁུལ་གྱིས་མཁས་པར་རློམ་པ་ནི་ཉིད་ཀྱིས་དེབ་ཐེར་མཐུག་པོ་དེས་ཁྱེད་ལ་གནོན་ཤུགས་ངེས་ཅན་ཞིག་སྤྲོད་ཐུབ་པ་གདོན་མི་ཟའོ།། སྐབས་འདིར་བཤད་པར་བྱ་བ་ནི་གྲུབ་ཆེན་དྲན་པ་ནམ་མཁའི་རྣམ་ཐར་ལ་བོན་རང་ལུགས་ལ་བརྫུས་སྐྱེས་དང་མངལ་སྐྱེས་གཉིས་ཡོད། མངལ་སྐྱེས་ལའང་སྔ་ཕྱི་གཉིས་མ་གཏོགས་ལོ་རྒྱུས་ཡིག་ཆ་གང་ནའང་མ་སྨྲས་པས་བཤད་འགྱུར་དུ་འབྱུང་ངོ་།། འོན་ཀྱང《རེབ་གོང་ཡུལ་སྐོར་ཟིན་ཐོ》ཞེས་པ་དང《རེབ་གོང་གནས་སྐོར་དེབ་ཐེར》ནང་དུ་གཉིས་ཀས་མཉམ་བཤད་དུ་གྲུབ་ཆེན་ཁོང་ཉིད་ཁམས་འབྲི་ལུང་ཞེས་པར་འཁྲུངས་ཚུལ་དང་། 《རེབ་གོང་ལོ་རྒྱུས་ཆེན་མོ་ངོ་མཚར་གཏམ་གྱི་བང་མཛོད》ཟེར་བ་ནས་རེབ་གོང་སྨད་པ་ཁྱུང་བོར་སྐྱེས་པ་སོགས་བཤད་པས་དེ་ནི་མུན་ཁང་དུ་མདའ་འཕང་བ་ནང་བཞིན་ལོ་རྒྱུས་གཏིང་ཟབ་མ་ལོན་པའམ་ཡང་ན་རང་བློ་གང་ཤར་དུ་བྲིས་པ་ལས་བདེན་དོན་དུ་མ་མཐོང་། དེ་བས་མི་སྣ་གང་ཞིག་ཆོས་ལུགས་སོགས་བྱ་བ་གང་ལ་འབྲེལ་ཡོད་ཚེ་དེ་དག་ལ་རྒྱུས་ལོན་ཡང་དག་རེ་བགྱིས་ན་ཁུངས་བཙུན་པ་ལས། འོལ་ཚོད་ཀྱིས་སྨྲ་བ་ནི་བདེན་དོན་ལ་མི་གནས་པས་ཁུངས་ལྡན་གྱི་ལོ་རྒྱུས་དག་ལ་གཞི་བཅོལ་ཏེ་འདི་ལྟར་བཤད་པར་སྤྲོའོ། །P10

གཅིག ཡུལ་དང་རིགས་རུས་གང་ལ་གཏོགས་པ།

       དེ་ཡང་གྲུབ་ཆེན་དྲན་པ་ནམ་མཁའ་ཁོང་ཉིད་ཀྱི་འཁྲུངས་ཡུལ་ནི། སྤྱིར་ན་བོད་ཆེན་པོའི་ལྗོངས་འདིར་སྟོད་མངའ་རིས་སྐོར་གསུམ་དང་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ཡ་གྱལ་སྔ་མོའི་དུས་ན་ཞང་ཞུང་དང་ད་ལྟར་སྒར་རྫོང་ཞེས་འབོད་ནའང་། ཡོངས་གྲགས་སུ་མངའ་རིས་སྐོར་གསུམ་གྱི་ཡུལ་ལྗོངས་ནང་ཆེན་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཡུལ་དུ་བརྗོད་པའི་གནས་མཆོག་ཕུན་སུམ་ཚོགས་པ་དེར་འཁྲུངས་པའོ།། ཞང་ཞུང་ཞེས་པ་ནི་ཞང་སྐད་དེ་བོད་སྐད་དུ་ཁྱུང་ལུང་ཞེས་པ་མཁས་དབང་ཀུན་གྱིས་གླེང་ན་ཡང་། ཞང་ཞུང་ལ་སྒོ་ཕུག་བར་གསུམ་ཡོད་ལ། ཞང་ཞུང་གི་ས་ཁྱོན་གཙོ་བོར་ཞང་ཞུང་ཕུག་པ་སྟག་གཟིགས་འོལ་མོ་ལུང་རིང་དང་། ཞང་ཞུང་བར་བ་ཨ་རབ་པའི་ཡུལ་ཕྱོགས། ཞང་ཞུང་སྒོ་པ་ནི་དེང་སང་རྒྱ་གར་དང་བལ་ཡུལ་གྱི་ས་ཆ་མང་དག་ཅིག་དང་བོད་ལྗོངས་མངའ་རིས་ས་ཁུལ་དང་ནག་ཆུ། ཆབ་མདོ་ས་ཁུལ་སོགས་ཡིན་པར་བཤད། སྔ་དུས་སུ་ཞང་ཞུང་རྒྱལ་ཁབ་ལ་ཡུལ་ཁམས་མི་འདྲ་བ་དྲུག་ཅུ་དང་། སྡེ་བ་ཁྲི་ཚོ་བརྒྱད་ཅུ་ལྷག་ལས་བརྒལ་བ་ཡོད་ནའང་འདི་ལ་དབང་བསྒྱུར་གྱི་ཞང་ཞུང་རྒྱལ་རབས་བཅོ་བརྒྱད་དང་། ས་ཁྱོན་གྱི་དབུས་དཀྱིལ་གངས་ཏི་སེ་བྱས་པའི་ཤར་ན་དེང་གི་ཟི་ཁྲོན་ཞིང་ཆེན་ཨ་མདོ་ཟིང་ཆུ་རྫོང་ཡན་དང་། བྱང་ན་དེང་སང་གི་སོག་པོ་ཕྱི་ནང་ཚུན་དང་། ནུབ་ན་དེང་གི་ཁ་ཆེ་ཀ་ཤི་མེར་ཡ་མན་ཆད་དང་། ལྷོ་ན་རྒྱ་གར་དང་བལ་ཡུལ་ཚུན་ལ་སྔར་ཞང་ཞུང་གི་རྒྱལ་ཁམས་ཞེས་སྔ་རབས་བོད་ཀྱི་ལོ་རྒྱུས་དེར་ཐེར་དག་ན་ཞིབ་འཇུག་གི་རིན་ཐང་ངེས་ཅན་ཞིག་སྤྲོད་བཞིན་པའི་གདོད་མའི་ཆོས་རིག་གི་བྱུང་ཁུངས་ཞང་ཞུང་བོན་གྱི་མངའ་རིས་ཞེས་བརྗོད་པ་དེ་ཉིད་དོ།། གྲུབ་ཆེན་ནམ་མཁའ་ཁོང་ཉིད་ཀྱི་རིགས་རྒྱུད་ནི་སྔར་བཤད་ཀྱི་ཞང་ཞུང་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཀྱི་ནང་ཚན་བྱ་རུ་ཐོབ་པ་ལྔ་བར་ངོས་འཛིན་བྱེད་ལ། ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་ཡུལ་དུ་ཡབ་རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་། ཡུམ་ཕྱྭ་བཙུན་གུང་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས་པ་རེད། ཡབ་འདི་ཉིད་ཀྱི་རིགས་ནི་དམུ་རིགས་གཤེན་གྱི་གདུང་བརྒྱུད་ཟམ་མ་ཆད་པར་བྱུང་བའི་རྒྱུད་ལ་འཁྲུངས་པས་ན་རྗེས་སོར་དམུ་གཤེན་དྲན་པ་ནམ་མཁའ་ཞེས་བརྗོད་པའང་དེ་ལྟར་མངོན། གཤེན་རབ་མི་བོའི་སྐུ་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་ལ་སྲས་ཆེ་འབྲིང་ཆུང་གསུམ་འཁྲུངས་པའི་འབྲིང་བོ་ཐོག་གི་རྒྱལ་པོའི་སྲས་བརྒྱུད་ཡིན།

གཉིས། དུས་རབས་ནམ་ཙ་ན་སྐྱེ་བ་བཞེས་པ།

གྲུབ་ཆེན་འདི་ཉིད་ཀྱི་འཁྲུངས་ལོ་ལ་བོན་ལུགས་ཀྱི་ལོ་རྒྱུས་དང་བསྟན་རྩིས་ཕལ་མོ་ཆེ་མཐུན་པར། 《ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་དཔྱད་པ་དང་བཅས་ཡིད་ཀྱི་མུན་སེལ་སྒྲོན་མེ་བློ་གསར་དགའ་བའི་མཛེས་རྒྱན》ནང་དུ། སྤྱི་ལོ་སྔོན་གྱི(༩༡༥ལོ)མེ་རྟ་ལོའི་ཟླ་གསུམ་པའི་ཚེས་བཅུ་ཉིན་འཁྲུངས་པར་བཤད་པ་དང་། བོན་ལུགས་ཀྱི་བསྟན་འབྱུང་དང་ལོ་རྒྱུས་ཚང་མར་དམ་པ་འདི་ཉིད་ནི་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་སྟོན་པ་གཤེན་རབ་མི་བོའི་བསྟན་པ་འདི་ལ་སྐུ་གསུང་ཐུགས་ཀྱི་བསྟན་པ་ཞེས་ཁག་གསུམ་དུ་བགོས་ཡོད་པའི་ཐུགས་བསྟན་སྤེལ་མཁན་ཡིན་པ་བཀའ་བརྟེན་བསྟན་འབྱུང་ཀུན་ན་མགྲིན་གཅིག་ཏུ་ངོས་འཛིན་ཟབ་མོ་གནང་བཞིན་ཡོད། དེར་བརྟེན་གྲུབ་ཆེན་འདི་ཉིད་ས་ལམ་རིམ་ཞུགས་ཀྱི་དགེ་སྦྱོང་ལ་མ་བརྟེན་པར་རྒྱལ་བ་གོང་མའི་ཐུགས་རྗེ་སྤྲུལ་བའི་སྐུ་མངོན་དུ་ཤར་བ་ཞིག་ཏུ་ངེས་པ་བྱུང་ཁུངས་ཀྱི་བཀའ་ལུང་དག་ལ་བརྟེན་པའི་ལོ་རྒྱུས་སྨྲ་བ་ཀུན་གྱིས་ས་མཐོའི་ཤེས་རིག་གི་རྡོ་རིང་ལྟ་བུ་ཞིག་ཏུ་གླེང་བཞིན་འདུག འཁྲུངས་པའི་དུས་དེར་ཡང་མ་རྟོགས་འཁོར་བར་འཁྱམས་པའི་སེམས་ཅན་ཀུན་དང་ཐུན་མོང་ཅན་དུ་མ་ཡིན་པར་སྐྱེ་བ་རང་དབང་ཅན་གྱི་དགོངས་པ་ལྡན་པས་ཡབ་དམུ་རིགས་གཤེན་གྱི་གདུང་རྒྱུད་འཛིན་པ་རྒྱུང་ཡར་མུ་ཁོད་དང་ཕྱྭ་བཙུན་གུང་མོ་གཉིས་ཀྱི་སྲས་སུ་བལྟམས་པའི་ཚེ་ན་བཀྲ་ཤིས་ངོ་མཚར་གྱི་སྣང་བ་རབ་ཏུ་འཛུམ་པས་ཁེངས་པར་གྱུར་པ་དང་། ཡབ་ཡུམ་གཉིས་ལ་རྨི་ལྟས་བཟང་པོ་དང་སྐུ་བདེ་ཡིད་ཀྱང་རབ་ཏུ་སྤྲོ་བ་ཞིག་ཏུ་གྱུར་བར་མ་ཟད། ཟླ་དགུ་ངོ་བཅུ་རྫོགས་པ་དང་བསྟུན་སྐུ་ཉིད་བལྟམས་པ་དང་དེར་འདུས་འཁོར་པ་ཀུན་གྱིས་ཚན་ཁྲུས་གསོལ་བ་དང་། སྤོས་མེ་བཏུལ། དར་དཀར་དུ་བླངས་ནས་མེ་ཏོག་གཏོར་ཞིང་བསྐོར་བ་བྱས་ཏེ་ཁྱུང་ལུང་དངུལ་མཁར་གྱི་རྒྱལ་ཁམས་དེར་སྤྲུལ་བའི་སྐུའི་ཉིན་བྱེད་གཞོན་ནུ་སྐྱེ་འགྲོ་ཀུན་གྱི་སྣང་བྱེད་དམ་པའི་དཔལ་དུ་ཤར་བ་རེད།

གསུམ། ཐུན་མོང་མ་ཡིན་པའི་མཚན་ཅི་ལྟར་གསོལ་ཚུལ།

       སྤྱིར་བྱ་དངོས་གང་ལ་མིང་ཞིག་ཐོག་མར་འདོགས་ཚེ་འདོད་རྒྱལ་གྱི་མིང་འདོགས་ཚུལ་དང་རྗེས་གྲུབ་གྱི་མིང་འདོགས་ཚུལ་གཉིས་སུ་ཕྱེ་བཞིན་ཡོད་པ་དང་། དུས་དེང་སང་གི་སྤྱི་ཚོགས་ནང་ལའང་དངོས་པོ་དང་མི་སོགས་ལ་དེ་གཉིས་ཀྱི་སྒོ་ནས་མིང་འདོགས་སྲོལ་ཆགས་ཡོད་ལ་སྔ་མོའི་དུས་ན་ཡང་དེ་ཉིད་ལས་མ་འདས་པ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་རྒྱལ་རབས་རིམ་བྱུང་གི་མི་སྣ་གྲགས་ཅན་ཡོངས་དང་རྒྱལ་བློན་ཀུན་གྱི་དབུའི་མཆོད་གནས་སུ་གྱུར་བའི་དབུ་བླ་སོགས་ལ་ལོ་ན་ཆུང་ངུའི་དུས་དང་ནར་སོན་པའི་བར་སྐབས་ལ་སེམས་ཅན་ཀུན་གྱི་སྣང་ངོ་ལ་གཅིག་མཐུན་དུ་བྱུང་བ་དང་ཡང་ན་མཚན་མཁན་མི་སྣས་ཕྱི་ནང་གི་བསམ་སྤྱོད་བཟང་ངན་གང་ལྡན་ལ་བརྟགས་ཏེ་སྒྲོ་བསྐུར་སོགས་ཀྱི་སྐྱོན་རྣམས་སྤངས་ཏེ་མ་བཅོས་པའི་རང་བཞིན་གང་ལྡན་པ་དེ་ལ་དངོས་མིང་གང་འཚམས་ཤིག་འདོགས་བཞིན་ཡོད། དེར་བརྟེན་གྲུབ་ཆེན་དྲན་པ་ནམ་མཁའ་ཁོང་ཉིད་ཞང་ཞུང་རྒྱལ་བོའི་སྲས་སུ་འཁྲུངས་ནས་སྐུ་ནར་སོན་པའི་དུས་ན་བྱིས་པ་གཞན་དང་མི་འདྲ་བ་ཞིག་ཏུ་མངོན་པ་དང་། སྐུ་གཞོན་ཞིང་མཛེས་སྡུག་ལྡན་པ། ཀུན་གྱི་ཡི་གར་འོང་ཞིང་དྭངས་པ་འདྲེན་པ། མཐོང་བ་ཙམ་གྱིས་ལུས་སེམས་ལ་དགའ་བདེ་མཆོག་ཏུ་སྟེར་བའི་སྤྲུལ་བའི་སྐུ་མཆོག་འགྲོ་བའི་དོན་ལ་མངོན་སུམ་དུ་བྱོན་པ་རྒྱལ་ཁམས་ཀྱི་སེམས་ཅན་ཡོངས་ཀྱི་ཆུ་བུར་མིག་གིས་མཇལ་ཡུལ་དུ་གྱུར་བ་དང་། དུས་དེར་གྲུབ་ཆེན་ཉིད་སྔོན་གནས་རྗེས་སུ་དྲན་པའི་ཡེ་ཤེས་ཀྱི་སྣང་བ་སད་པ་དང་ཉིན་ཞིག་དེར་འདུས་འཁོར་པ་ཀུན་ལ་ཁོའི་སྐྱེ་བ་སྔོན་མ་ཡུལ་ཁམས་དེ་དང་ཡབ་ཡུམ་སྤུན་མཆེད་ལ་སོགས་དང་། ཚོགས་བསགས་སྒྲིབ་སྦྱོང་གང་འདྲ་དང་ཕན་པར་གྱུར་བའི་གདུལ་བྱ་སོགས་ལ་གང་ལ་གང་འཚམས་ཀྱི་ལས་མཛད་པ་རྣམས་མ་སྒྲིབ་པར་དྲན་པ་གསལ་ཞིང་། སྐྱེ་བ་ལྔ་བརྒྱ་ལས་བརྒལ་བའི་སྐྱེ་བའི་ཕྲེང་བ་དག་སོ་སོར་མ་འདྲེས་པར་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་གསལ་ཞིང་མཁྱེན་པའི་སྒོ་ནས་གསུངས་པ་དེར་འདུས་རྒྱལ་བློན་ཀུན་གྱི་དད་པའི་སྣང་ངོར་སངས་རྒྱས་གཉིས་པ་བསམ་བཞིན་མི་ཡི་གཟུགས་སུ་བསྟན་པར་གོ་ནས་དག་སྣང་ཚད་མེད་སྐྱེས་པ་དང་། དེ་དུས་སྐུ་ཉིད་ཀྱི་མཚན་ལ་སྐྱེ་བ་ལྔ་བརྒྱ་དྲན་ཞིང་གསུངས་པས་ན་དྲན་པ་དང་། ཐུགས་མཁྱེན་པའི་ཡེ་ཤེས་ནམ་མཁའ་བཞིན་རྒྱ་ཆེ་ཞིང་མུ་མཐའ་མེད་པས་རྗེ་འདི་ཉིད་ཀྱི་མཚན་ལ་དྲན་པ་ནམ་མཁའ་ཞེས་ཞང་བོད་ཀྱི་ཡུལ་ལྗོངས་འདི་ལ་འགྲན་ཟླ་དང་བྲལ་བའི་ཐ་སྙད་གསོན་པོ་ཞིག་གི་ངོ་མཚར་གླེང་གཞི་བསྐྲུན་པ་རེད།

བཞི། བསླབས་གཉེར་བྱས་ཚུལ།

       སྤྱིར་ཤེས་བྱ་ཡོད་ཚད་དང་སྒོས་སུ་བྱ་བ་ཆེ་ཆུང་གང་ལ་རྒྱུས་ལོན་དང་ལག་ལེན་གཏིང་ཟབ་འབུར་ཐོན་ཞིག་འབྱུང་དགོས་ཚེ་བྱ་དངོས་དེ་དག་ལ་ནང་བྱན་ཆུད་པའི་དགོངས་པ་ཚད་ལྡན་གྱི་མི་སྣ་དག་ལ་འབྲེལ་འདྲིས་དང་དོན་གཉེར་ཆེན་པོའི་སྒོ་ནས་དམིགས་ཡུལ་གྱི་རྟོགས་བྱ་ལ་འབད་བརྩོན་ཡང་དག་ཅིག་བགྱིས་ཚེ་ད་གཟོད་གྲུབ་འབྲས་མི་དམན་པ་ཞིག་འབྱུང་བ་ནི་བྱ་བ་ཀུན་གྱི་སྤྱི་ལུགས་སུ་གྲུབ་ནའང་། གང་ཟག་གི་བློ་ངོ་ལ་ཤེས་རབ་རབ་འབྲིང་ཐ་གསུམ་གྱི་ཁྱད་འབྱུང་བས་སྦྱང་བྱའི་ཤེས་བྱ་རྣམས་ཀྱི་ཁྲོད་ན་གོ་རྟོགས་མི་འདྲ་ཁྱད་པར་ཅན་ནམ། ཡང་ན་དེ་ལས་ལྡོག་སྟེ་ཐབས་ཟད་འུ་ཐུག་གི་ལས་རྣམས་འབྱུང་བ་ནི་ང་རང་ཚོའི་སྣང་ངོ་ན་ལྡོག་ཏུ་མེད་པའི་གཤིས་ལུགས་སུ་སྣང་། དེ་བས་གྲུབ་ཆེན་དྲན་པ་ནམ་མཁའ་ཉིད་སྐུ་ནར་སོན་པའི་དུས་ཚོད་ན་ལྷག་པའི་ཤེས་རབ་ཁྱད་པར་ཅན་ཞིག་ལྡན་པར་གྲགས་ལ། ཁོང་ཉིད་ཀྱི་དུས་སྐབས་ནི་བོད་རྒྱལ་གསུམ་པ་དིང་ཁྲི་བཙན་པོའི་དུས་རབས་ལ་འཁེལ་འདུག་པས་གནམ་གྱི་ཁྲི་བདུན་རིང་ལ《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》ནང་དུ་བླ་མ་ཆེ་དྲུག་དང་གདུང་བརྒྱུད་བཅུ་གསུམ། མཁས་པ་མི་བཞི་སོགས་ཀྱི་བསྟན་པ་དར་བ་ཡིན་ཞེས་གསུངས་ཡོད་པས་རྒྱལ་པོ་དེ་དག་གི་དབུ་བླ་དང་ཞང་བོད་ཀྱི་མཁས་གྲུབ་འདི་རྣམས་ཀྱི་ཞབས་ལ་གཏུགས་ཏེ་བཅུ་ཕྲག་རིག་པའི་གནས་ཀུན་དང་ཁྱད་པར་གསང་སྔགས་ཀྱི་རྒྱུད་ལུང་མན་ངག་མཐའ་དག་དང་། སེམས་ཕྱོགས་རྫོགས་པ་ཆེན་པོའི་བོན་སྡེ་ཀུན་ལ་སྦྱངས་བརྩོན་ལྷོད་མེད་ཀྱིས་ཉམས་ལེན་མཛད་པས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་ཁྱད་པར་ཅན་ཞིག་ཏུ་གྱུར་བ་རེད། མཁས་པ་མི་བཞི་སྟེ་རིག་འཛིན་ཀུན་གྱི་གཙོ་བོར་གྱུར་ཞིང་མཐུ་ནུས་རྫུ་འཕྲུལ་ལ་མངའ་དབང་བསྒྱུར་བའི་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། རྒྱུད་ལུང་མན་ངག་ལ་མཁས་པ་སེ་བོན་ཤ་རི་དབུ་ཆེན། སྔགས་ཀྱི་གབ་གསང་ལ་མཁས་པ་ལྡེ་བོན་གྱིམ་ཚ་རྨ་ཆུང་དང་ཚིགས་སུ་བཅད་པའི་མདོ་སྡེ་ལ་མཁས་པ་མེ་ཉག་ལྕེ་ཚ་མཁར་བུ་ལ་སོགས་ཚེ་ལ་མངའ་བརྙེས་པའི་རིག་འཛིན་དག་གི་ཡོན་ཏན་གྱི་ཆུ་བོ་མཐའ་དག་རང་རྒྱུད་ལ་ལེགས་པར་བསྐྱིས་ཏེ། གསང་སྔགས་དང་རྫོགས་ཆེན་གྱི་ཉམས་ལེན་སྒོམ་པ་ཕུལ་ཕྱིན་མཛད་ནས་ཡི་དམ་ལྷ་དང་དབྱེར་མེད་གྱུར་བ་དང་། སྐྱེ་འཆི་གཉིས་ལ་དབང་འབྱོར་ནས་གདུལ་བྱ་ལས་ལྡན་དག་གི་མོས་ངོར་གང་ལ་གང་འཚམས་ཀྱི་སྤྲུལ་པ་སྣ་ཚོགས་མཛད་དེ་ཞང་ཞུང་དང་བོད་ཀྱི་རྒྱལ་རབས་མང་ཆེ་བར་དབུ་བླར་བཀུར་བ་མ་ཟད། བསྟན་འགྲོའི་དོན་ལ་མཛད་པ་རླབས་ཆེན་གནང་བ་ཡིན་ཞེས་ལེགས་བཤད་མཛོད་ལ་སོགས་བསྟན་འབྱུང་དག་ན་ལོ་རྒྱུས་ཀྱི་མི་སྣ་གྲགས་ཅན་ཞིག་ཏུ་བདམས་ཐོན་བྱུང་འདུག

ལྔ། འགྲོ་དོན་དུ་ཡང་སྤྲུལ་བྱོན་ཚུལ།

        སྤྱིར་གྲུབ་ཆེན་དྲན་པ་ནམ་མཁའ་ཉིད་ཞང་ཞུང་ལ་འཁྲུངས་ནས་སྐྱེ་འཆི་གཉིས་ལ་རང་དབང་བསྒྱུར་བའི་རིག་འཛིན་དུ་གྱུར་ཡོད་པས། ཁོང་ཉིད་ལ་སྐུ་སྐྱེ་བ་བཞེས་པའི་ཐ་སྙད་ཙམ་ལས་འདས་པའི་ཐ་སྙད་འདོགས་རྒྱུ་མེད་ཅེས་བོན་ལུགས་ཀྱི་མཁས་དབང་ཀུན་གྱི་ཞལ་རྒྱུན་དུ་མང་པོར་གྲགས། དེར་བརྟེན་རིག་འཛིན་ཚེ་ལ་མངའ་བརྙེས་པ་དག་ལ་སྐྱེ་འཆི་བྲལ་ནའང་། འགྲོ་དོན་དུ་ཐུགས་རྗེ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དུ་གྲུབ་པས་སྐབས་འདིར་ཡང་སྤྲུལ་བྱོན་ལུགས་ལ་དཔྱད་པར་བྱ་སྟེ། “སྟོང་བོ་དགུ་འདུས་ལྟ་བའི་རྒྱུད་ལས། རྒྱུང་ཡར་བླ་ཆེན་ཁོད་སྤུངས་བདག ། ཀུན་བཟང་བདག་ཞལ་བཀའ་ཐོབ་ནས། ། རྟོགས་སྤྱོད་སྒོམ་པའི་དངོས་གྲུབ་ཏུ། ། མངོན་ཤེས་ཚེའི་དངོས་གྲུབ་ཐོབ། ། ཡི་དམ་ལྷ་དང་ཁོད་སྤུངས་གཉིས། ། ཉ་དང་བཅོ་བརྒྱད་ཟླ་བ་ལྟར། ། ཆུ་མཉམ་ཞེང་མཉམ་ཁྱབ་མཉམ་ཡང་། ། བཅོ་བརྒྱད་ཉ་ཆེན་མ་ཡིན་ལྟར། ། ད་དུང་མངོན་པར་སངས་མ་རྒྱས། ། བོན་གྱི་བསྟན་པ་མཐའ་རྒྱས་ཕྱིར། ། ད་ལྟའི་གདུང་བརྒྱུད་བཅུ་དྲུག་ན། ། ཁོད་སྤུངས་དྲན་པ་ནམ་མཁར་འགྱུར་རོ།།”ཞེས་ལུང་འདི་ཉིད་ཀྱི་དངོས་ཤུགས་གང་རུང་གིས་སྐབས་འདིར་བསྟན་གྱི་དྲན་པ་ནམ་མཁའ་ཕྱི་མ་ཉིད་ངོས་བཟུང་བ་ཡིན་ཞེས་སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་ཚང་གིས་གསལ་བཤད་གནང་ཡོད་པ་ལྟར། ཡང་སྤྲུལ་དྲན་པ་ནམ་མཁའ་ཉིད་ཀྱི་ཡུལ་དང་ཡབ་ཡུམ་གང་ཡིན་ཞེ་ན། དབུས་གཙང་ཡུལ་གྱི་ཉང་དྭགས་ཀོང་གསུམ་དུ་འབོད་པའི་ནང་ཚན་དྭགས་པོའི་ཡུལ་དུ་སྐུ་འཁྲུངས་པར་བཞེད་ལ། ཡབ་ཀྱི་མཚན་ལ་དམུ་གཤེན་དག་པ་དང་། ཡུམ་བདའ་ཟ་མཁར་ལྕམ་གཉིས་ཀྱི་སྲས་སུ་བལྟམས་པ་རེད། དམ་པ་འདི་ཉིད་སྤྲུལ་བའི་སྐུ་རུ་མངོན་པའི་རྟགས་སུ་ཡོན་ཏན་གྱི་ཁྱད་པར་གསུམ་འདི་ལྟར་ཚང་བར་གསུང་སྟེ། མ་ཡི་མངལ་ན་གནས་དུས་ཨ་དང་ཧཱུཾ་གི་སྒྲ་སྒྲོགས་པ་དང་། སྐུ་བཙས་པའི་དུས་ན་གནོད་སྦྱིན་སེང་གེ་གདོང་ལ་སོགས་མི་མ་ཡིན་གྱི་སེམས་ཅན་ཀུན་གྱིས་བསྐོར་བ་བྱེད་པ་དང་། ཐུགས་ཀྱི་དང་གོང་ན་གསེར་གྱི་པད་མ་འདབ་མ་བརྒྱད་ཅན་ཞིག་གསལ་བར་སྣང་བའོ།། དགུང་ལོ་ལྔ་ལོན་པའི་དུས་ན་ཐུགས་རྒྱུད་ལ་དད་པ་དང་འགྲོ་དོན་ལ་སྨོན་པའི་སེམས་བསྐྱེད་ཁྱད་པར་ཅན་འཁྲུངས་ནས་ཡུལ་དེར་བཞུགས་པའི་དྲང་སྲོང་དགའ་རྒྱལ་ལས་བྱང་ཆུབ་སེམས་དཔའི་བསླབ་བྱ་སེམས་བསྐྱེད་ཀྱི་སྡོམ་པ་ལེགས་པར་མནོས། དགུང་ལོ་དགུ་ལོན་དུས་ཡི་གེ་འབྲི་ཀློག་སྐོར་ཚད་དུ་ཕྱིན་པར་མ་ཟད་དགུང་ལོ་བཅུ་བདུན་སྐབས་རྒྱ་གར་ཡུལ་དུ་བཤེས་གཉེན་བསྟེན་དུ་ཕྱིན། རྒྱ་གར་མཁས་པ་བདེ་བ་སྙིང་པོ་གསལ་མདུན་ནས་སྒྲ་གཞུང་ལོ་ཙའི་སྐོར་དང་གསང་སྔགས་དང་སེམས་ཕྱོགས་རྫོགས་པ་ཆེན་པོའི་རྒྱུད་སྡེ་ཟབ་མོ་དག་ལ་སྦྱངས་བརྩོན་ལྷོད་མེད་མཛད། བཤེས་གཉེན་མནྡྷ་བི་ཤའི་མདུན་དུ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་བོན་སྡེ་ཀུན་ལ་རིག་པའི་བརྡར་ཤ་ལེགས་པར་བཅད། ཚེ་ལ་མངའ་བརྙེས་པའི་རིག་འཛིན་ཆེན་པོ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱི་དྲུང་དུ་དགྲ་བགེགས་གནས་སུ་སྒྲོལ་བ་དང་བསད་པ་གསོ་ནུས་པ་ལ་སོགས་པའི་མཐུ་རྩལ་དང་རྫུ་འཕྲུལ་རྩལ་གྱིས་མཁའ་ལ་འཕུར་ཐུབ་པའི་མན་ངག་དང་གདམས་པ་ཡང་མང་དུ་ཞུས་ཏེ། འོད་འཕྲོ་སེང་གེ་འབར་བའི་ཚལ་དུ་ལོ་གསུམ་ལ་ཐུགས་ཉམས་སུ་བཞེས་ནས་རིག་པ་ཆིག་རྫོགས་སུ་སོང་བས་རྫུ་འཕྲུལ་ཞབས་ཀྱིས་བོད་དུ་ལན་གསུམ་བྱོན་པ་དང་། བསམ་ཡས་མཆིམ་ཕུ་རུ་བཅུད་ལེན་གྱི་གདམས་པ་ཟབ་མོ་ལ་ཉམས་ལེན་གནད་སྨིན་གནང་བས་ཐུན་མོང་གི་དངོས་གྲུབ་རྐང་མགྱོགས་འཕྲུལ་རྩལ་གྱི་ནུས་མཐུ་སྨིན་ཏེ། གླིང་བཞིར་ཡུད་ཀྱིས་འཁོར་བ་ལ་སོགས་གྲུབ་རྟགས་ཤིན་ཏུ་མང་བར་བྱུང་། དགུང་ལོ་ཞེ་བདུན་པར་གསེར་ཕྱེ་བྲེ་གསུམ་ཁྱེར་ནས་བླ་མ་ལ་ཞབས་ཏོག་འབུལ་དུ་ཕྱིན། བདེ་བ་གཡུང་དྲུང་ལྷུན་པོའི་ཚལ་དུ་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པའི་བླ་མ་རྣམས་སྤྱན་དྲངས་ཏེ་གསེར་གྱི་མཎྜལ་ཕུལ་ནས་ཡིད་གཉིས་ཐེ་ཚོམ་གྱི་དྲྭ་བ་མཐའ་དག་རྩད་ནས་བཅད་པ་དང་། ཚེའི་དངོས་གྲུབ་ཐོབ་ནས་བོད་ཡུལ་དུ་ལོ་ངོ་མང་པོའི་རིང་བཞུགས་པ་མ་ཟད། གྲུབ་ཆེན་འདི་ཉིད་འཁྲུངས་པའི་དུས་ཚོད་ནི་འདི་ཡིན་ཞེས་གསལ་བོ་ཞིག་མ་ངེས་ཀྱང་། ཞང་ཞུང་སྙན་བརྒྱུད་ལས། ཞང་ཞུང་ལ་གྲུབ་པ་ཐོབ་པ་མང་ཡང་། ཞང་ཞུང་ཙོ་མིན་གྱེར་ཆེན་བཞུགས་པའི་དུས། བོད་ལ་གྲུབ་པ་ཐོབ་པ་མང་ཡང་། སྤ་ཇི་ཁྲོམ་དཀར་པོ་བཞུགས་པའི་དུས། ཞང་ཞུང་ན་རྒྱལ་པོ་ལིག་མིན་རྒྱལ་བཞུགས། བོད་ན་ཁྲི་སྲོང་ལྡེ་བཙུན་བཞུགས། ཞང་ཞུང་གི་སྐུ་འཚོ་བའི་གཤེན་གུ་རུབ་སྣང་བཞེར་ལོད་པོ་བཞུགས། བོད་ཀྱི་སྐུ་གཤེན་དུ་མཁས་ཤིང་རིག་པ་ལྡན་པ་དྲན་པ་ནམ་མཁའ་བཞུགས་ཞེས་གསུངས་ཡོད་པས། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་ལོ་རྒྱུས་དེབ་ཐེར་དག་ན་གླེང་བའི་བླ་ཆེན་དྲན་པ་ནམ་མཁའ་ནི་སྔ་ཕྱི་གཉིས་ལས་ཕྱི་མ་འདི་ཉིད་དུ་ངེས་པ་ནི་བསྙོན་དུ་མེད་པའི་གཏན་ཚིགས་ཤིག་ཏུ་གསལ་ཁ་ཐོན་བཞིན་པའོ།། མཁས་དབང་བོན་བརྒྱ་ཚང་གི་དཔྱད་རྩོམ་ལས། བོན་གྱི་དྲན་པ་ནམ་མཁའ་སྔ་ཕྱི་གཉིས་དང་། རྒྱ་གར་འཇམ་དཔལ་བཤེས་གཉེན་སྔ་ཕྱི་གཉིས་སུ་བཤད་པའང་གང་ཟག་གཅིག་ལ་ངེས་བཟུང་བ་དང་། ཡང་བོད་ཀྱི་དྲན་པ་ནམ་མཁའ་ཕྱི་མ་དེ་ཕྱིས་སུ་རྒྱ་གར་དུ་བཞུགས་སྐབས། རྒྱ་གར་དྲན་པ་ཡེ་ཤེས་གྲགས་པ་༼སྨྲ་སྒོའི་རྩོམ་པ་པོ༽དེ་ཉིད་ཡིན་ཞེས་སྐྱང་སྤྲུལ་དང་ཀུན་གྲོལ་བཞེད་ལ། རྙིང་ལུགས་འཇམ་དཔལ་བཤེས་གཉེན་གྱིས་སློབ་དཔོན་པདྨ་འབྱུང་གནས་ལ་གསང་སྔགས་མཐའ་དག་བསྟན་ཞེས་དང་། རྒྱ་ནག་ནས་ཁྱིམ་བདག་གི་བུ་ཤྲི་སིངྷ་ལ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས་བསྐུལ་བ་ལྟར། རྒྱ་གར་དུ་སོང་ནས་འཇམ་དཔལ་བཤེས་གཉེན་ལོ་ཉེར་ལྔའི་རིང་བསྟེན་ནས་རྫོགས་ཆེན་གསན་པ་སོགས་གཙུག་ཕྲེང་གིས་མཁས་པའི་དགའ་སྟོན་དུ་བཤད། ཅེས་དང་། སྐྱབས་མགོན་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱི་རང་རྣམ་བསྡུས་པ་ལས་ཀྱང་། སངས་རྒྱས་དུས་སུ་འཕགས་པ་སྤྱན་རས་གཟིགས། རྒྱ་གར་ཡུལ་དུ་འཇམ་དཔལ་བཤེས་གཉེན་མཆོག བོད་ཡུལ་དབུས་སུ་དྲན་པ་ནམ་མཁར་གྱུར། བཀའ་བརྒྱུད་བསྟན་ལ་མི་ལ་རས་པ་དངོས། བཀའ་གདམས་དུས་སུ་རྒྱལ་སྲས་ཐོགས་མེད་དཔལ། དགའ་ལྡན་བསྟན་ལ་བློ་གྲོས་རྒྱལ་མཚན་རྗེ། རིས་མེད་འགྲོ་ངོར་ཐང་སྟོང་རྒྱལ་པོར་སྤྲུལ། ད་ལྟའི་དུས་འདིར་འགྲོ་མགོན་ཞབས་དཀར་བ། ཞེས་གསུངས་ཡོད་པས། མཁས་གྲུབ་འདི་ཉིད་ཀྱི་ཐོག་མའི་སྤྲུལ་གཞི་ཡང་གྲུབ་ཆེན་འདི་ཉིད་དུ་ངེས་པ་ཁོང་གི་གསུང་འདིས་རྟོགས་ཐུབ་ལ། དོན་དུ་སློབ་དཔོན་དྲན་པ་ནམ་མཁས་གངས་ཅན་ནང་བསྟན་པའི་སྐྱེས་ཆེན་དུ་མའི་མཛད་འཕྲིན་ལ་རམ་འདེགས་རྒྱ་ཆེན་གནང་ཡོད་པ་ལུང་ཁུངས་འདི་ཡིས་གསལ་བོར་མཚོན་ཐུབ་བོ།།

དྲུག མཛད་པ་རླབས་ཆེན་གྱི་འཕྲིན་ལས་བསྐྱངས་པ།

      བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་བོད་ཡུལ་ལ་གཅིག་གྱུར་གྱི་རྒྱལ་བོ་བྱུང་བ་དང་འབྲེལ་སྐུ་འཚོ་བའི་དབུ་བླའམ་སྐུ་གཤེན་གྱི་བསྟན་པ་ནི་གཡུང་དྲུང་གི་བོན་ཡིན་ལ། རྗེ་གཉའ་ཁྲི་བཙད་པོ་ནས་བཟུང་གནམ་རི་སྲོང་བཙན་བར་རྒྱལ་རབས་སུམ་ཅུ་རྩ་གཉིས་ལ་ཆབ་སྲིད་འཛིན་གྱི་རྒྱལ་པོ་རེ། འདྲེན་པའི་སྐུ་གཤེན་རེ། སྐད་བསྒྱུར་གྱི་ལོ་པཎ་རེ། བྱས་ཐབས་ཀྱི་གསས་ཁང་རེ་རེ་བཞག་ཅེས་བཤད་པས་རྒྱལ་རབས་དེ་དག་གི་རིང་ལ་གྲུབ་པ་ཐོབ་པ་དགུ་དང་། སྟོད་ཀྱི་བླ་མ་ཆེ་དྲུག བར་གྱི་གདུང་རྒྱུད་བཅུ་གསུམ། སྨད་ཀྱི་མཁས་པ་མི་བཞི། མཁས་པ་དགུ། ལོ་པཎ་གཤེན་བརྒྱད། མཁས་པ་ཉི་ཤུ། མཐུ་བོ་ཆེ་མི་དགུ། བོན་ཆེན་བཞི་བཅུ་རྩ་གཉིས་ལ་སོགས་ཞང་བོད་ཀྱི་གྲུབ་ཆེན་བརྒྱད་ཅུས་བསྟན་པ་བསྐྱངས་ནའང་། མཁས་པ་ཉི་ཤུའི་ནང་ཚན་བླ་ཆེན་དྲན་པ་འདི་ཉིད་རྒྱ་བོད་ཀྱི་མཁས་པ་ལྔ་བརྒྱའི་ནང་ནས་ཀྱང་ཕུལ་བྱུང་དུ་གྱུར་བར་མ་ཟད། སྐབས་དེར་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་མི་སྣ་མཆོག་གྱུར་ཞིག་ཏུ་བརྩི་བཞིན་ཡོད་པ་རེད། ཁྲི་སྲོང་དང་དུས་མཉམ་པའི་སྐུ་གཤེན་དྲན་པ་ནམ་མཁའ་སོགས་ལ་འདི་ལྟར་ཐུན་མིན་གྱི་ངོ་སོ་གནང་ཡོད་དེ། དར་རྒྱས་གསལ་སྒྲོན་ལས་དེ་ཡན་ཆད་མི་རྗེ་ལྷ་ཡིས་མཛད་པས་མགོན་སྐྱབས་ཚེ། སྐུ་སྲུང་བོན་གྱིས་མཛད་པས་ཐུགས་རྗེ་ཆེ། བློན་གྲོས་ལ་མཁས་པས་རྒྱལ་གཞི་བརྟན་ཅེས་དང་། གྲུབ་པ་ཐོབ་པ་གཤེན་དགུ་ནི་འགྲོ་དོན་མཛད། མཁས་པ་ཉི་ཤུ་ནི་ཉན་བཤད་ཀྱི་རྐང་འཛུགས། མཐུ་ཆེན་མི་དགུ་ནི་བསྟན་པ་སྲུངས། བོན་ཆེན་བཞི་བཅུ་རྩ་གཉིས་ནི་ལྷ་གཤེན་གྱི་འཕྲིན་ལས་སྒྲུབས། ཞེས་དང་། དེ་དུས་གཤེན་པོ་མཐུ་རྩལ་ཅན་རྣམས་ཀྱིས་གྲུབ་པའི་རྟགས་ལ་རྒྱལ་པོ་ཡང་དགྱེས་ཏེ་རྒྱལ་གྱི་གོང་ན་གཤེན་བཙུན་པའི་གཙིགས་བྱིན་པ་ནི། སྐུ་ལ་གཙིགས་བྱིན་ཏེ། དབུ་སྐྲ་སིལ་མ་རྩེ་རྒྱལ་ལ་བཅད་ཅིང་གཏུབ་ཏུ་མེད་པ་དང་། དར་ལ་སེང་དཀར་པོའི་འགྱིང་ཐོད་ལ། བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ་དང་། གཡི་དཀར་དང་སྤྱང་དཀར་གྱི་སླག་པ་ལ། སྟག་གཟིག་གུང་གསུམ་གྱི་ཐོང་ཁ་བཏགས་པ་དང་། ཟ་འོག་གི་ལྷམ་ལ་དངུལ་དཀར་གྱི་ཆག་སྒྲོག་བཏགས་ཏེ། གདན་ཁ་ནས་ཆིབས་ལ་འབབ་འཛེགས་བྱེད་དོ།། གསུང་ལ་གཙིགས་སུ་ཕྱིན་པ་ནི། གཤེན་ངག་ཚིག་གསུམ་མ་སྨྲས་པར། རྒྱལ་བློན་སྨྲ་བརྗོད་བྱེད་པ་མེད། ནང་པར་གྲོས་ལ་གཤེགས་ཙམ་ན། རྔ་གཤང་ཐང་གསུམ་མ་བསྒྲགས་ཚེ། རྒྱལ་བློན་གྲོས་ལ་འབྱོན་དབང་མེད། གཤེན་གླུ་ཐེངས་གསུམ་མ་བླངས་པར། རྒྱལ་བློན་བྲོ་གླུ་ལེན་དབང་མེད། ཐུགས་ལ་གཙིགས་སུ་བྱིན་པ་ནི། ལྷ་རིགས་གཤེན་གྱི་གདུང་བརྒྱུད་ལ། ཁ་གཉེར་བྱས་ན་ཁ་བཀྲལ། མིག་ཟུར་བལྟས་ན་མིག་བྲུ། སྣ་གཉེར་བྱས་ན་སྣ་བཅད། སྐུ་ལ་བསྡོས་ན་སྟོང་ཐང་དགུ་བརྒྱ། ལག་དམར་དངོས་སུ་འབུལ་བ། བརྐུས་པའི་ནོར་ནི་ནོར་འགྱུར་དགུ་རུ་གཅོད། དཔྱ་ཁྲལ་རྒྱལ་པོ་དང་མཉམ་པར་བྱས་སོ།། བར་གྱི་གོང་ལ་བཙན་པོའི་གདན། གཡས་གྲལ་ལ་བོན་དང་། གཡོན་གྲལ་ལ་བློན་པོ་སྡོད་པ་དང་། རྨོངས་ཕལ་བ་ནི་འོག་ནས་བཀའ་སྡོད་དོ། །”ཅེས་གསུངས་པར་དཔྱད་ན། སྐུ་གཤེན་དྲན་པ་ནམ་མཁའ་གཙོས་རིག་འཛིན་དེ་དག་གིས་གོ་གནས་འགངས་ཆེན་ཞིག་བཟུང་ཡོད་པ་དང་། མཁས་གྲུབ་གཉིས་ལྡན་གྱི་འཇོན་ཐང་དེས་རྒྱལ་པོའི་མངའ་རིས་སུ་མི་རྗེ་ལྷས་མཛད་པས་དཔལ་ཁ་མཐོ་བ། སྐུ་སྲོག་གཤེན་གྱིས་འཚོ་བས་ཚེ་རིང་བ་དང་། ལམ་སྤྱོད་དགེ་བ་སྤྱད་པས་ཐར་ལམ་གྱི་རྒྱུད་གཙང་བ། དད་པ་ཅན་ལྟ་སྤྱོད་ཀྱིས་དྭངས་པ་འདྲེན་པར་གྱུར་བ་དང་། བོན་གཤེན་རིག་འཛིན་རྣམས་ཀྱི་ཐུགས་ཉམས་སུ་བཞེས་པའི་བསྟན་པ་རིན་པོ་ཆེ་དེ་ཉིད་རྒྱལ་པོའི་སྐུ་རྐྱེན་ལ་རག་ལས་པ་དང་། སེམས་ཅན་བདེ་སྐྱིད་ཀྱི་རྩ་བ་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས་པས་ཕྱིར་ན་དེ་གཉིས་ཟུང་དུ་འཇུག་པའི་ཐུགས་ནང་གཤིན་པོའི་བསོད་ནམས་དེས། ཁོང་རྣམ་པའི་མཛད་འཕྲིན་ལའང་སྔར་ལས་གསོན་ཉམས་ལྡན་པའི་དབུ་ཁྱུད་གནང་བ་མ་ཟད་རྒྱལ་གཤེན་བསྟན་པ་མཉམ་གནས་ཀྱིས་མངའ་འབངས་ཡོངས་ལ་དགའ་བདེ་སྐྱིད་པའི་འཛུམ་རིས་སྣུམ་པོ་ཞིག་སྣང་ཡོད་པ་ཚོར། རིག་འཛིན་ཁོང་ཉིད་ཀྱི་བསྟན་ལ་རྗེས་བཞག་གི་གསུང་རྩོམ་དང་སྙན་བརྒྱུད་སྐོར་ལ། དྲན་པ་ཕྱི་སྒྲུབ་དང་ནང་སྒྲུབ་གསང་སྒྲུབ། ཡང་གསང་ཡིད་བཞིན་ནོར་བུའི་སྒྲུབ་པ་ཆ་ལག་དང་བཅས་པ། སྒྲ་འགྲེལ། དབལ་གསས་རྩོད་ཟློག ཁྲོ་བོ་སྟོད་འགྲེལ་དང་སྨད་འགྲེལ། སེམས་ཕྱོགས་རྫོགས་ཆེན་སྐོར་ལ། དྲང་དོན་མུན་སེལ་སྒྲོན་མ་དང་། ངེས་དོན་ནམ་མཁའ་འཕྲུལ་མཛོད། རྫོགས་ཆེན་གསེར་ཞུན། གསེར་གདམས། གསེར་གྱི་ཐུར་མ། དྲན་པའི་སྙིང་ཐིག དམར་བྱང་། བཅུད་ལེན། ཚེ་སྒྲུབ། གསང་སྒྲུབ་ཀྱི་ཁྲིད། རྩ་རླུང་། སྨན་སྒྲུབ། སྦྱིན་སྲེག་ལ་སོགས་བཀའ་བརྟེན་མན་ངག་མཐའ་ཡས་པ་ད་ལྟ་བོན་གྱི་བརྟེན་འགྱུར་ཆེན་མོའི་གྲས་སུ་བཞུགས་ཡོད།།

བདུན། དུས་འགྱུར་རྐྱེན་དབང་གིས་རེབ་གོང་དུ་བྱོན་པ།
༡ རེབ་གོང་དུ་བྱོན་པའི་ལོ་རྒྱུས་རྒྱབ་ལྗོངས།
དེ་ཡང་སེམས་ཅན་གྱི་བསོད་ནམས་ཁ་བྲི་བར་བརྟེན་རྒྱལ་གཤེན་གྱི་ཐབས་ཇུས་ལའང་གོད་ཆག་འདི་ལྟར་བྱུང་བ་སྟེ། ཡང་རྩེ་ཀློང་ཆེན་ལས། བླ་ཆེན་དྲན་པ་ནམ་མཁའ་དང་། སྙ་ལི་ཤི་སྟག་རིང་བཞུགས་པའི་དུས། མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་ལ་ནུབ་ཅེས་པས། སངས་རྒྱས་ཀྱི་བསྟན་པ་ཡང་ལན་གཅིག་ནུབ་པར་ཕྱོགས་པ་ན། རེ་ཞིག་ཉི་ཟླའི་འོད་ཀྱང་འགྲིབ་པ་དང་། ཆོས་ལུགས་པའི་ནང་ཁུལ་ལའང་འགལ་འདུ་སྣ་ཚོགས་བྱུང་བའི་རྐྱེན་གྱིས་རྗེའི་ཐུགས་ཁ་བསྒྱུར་བ་དང་། བློན་རྣམས་ཕྲ་མར་མཁས་པ། འབངས་གསར་འགྲོགས་ཆེ་བ། བོན་པོ་ཁོང་ཡངས་པ་ལ་བརྟེན་ནས་བཙད་པོ་ལ་ཕྲ་མ་ཡང་མང་བཅུག་པས། གཡུང་དྲུང་གི་བོན་ཡང་ཐེངས་གཅིག་བསྣུབས་པ་རེད། དར་རྒྱས་གསལ་སྒྲོན་ལས། བློན་པོ་གཡུ་སྒྲ་ནེ་ར་བྱ་བས། རྗེ་ལགས། ཡབ་མེས་བས་ལྷག་པའི་ལས་སྟབས་གཅིག་དགོས་པས། ཡབ་ཀྱི་གཙུག་ལག་ཁང་ཐོག་གིས་བཤིག་པ་འདི་གསོ་འཚལ། དེའི་ཆ་རྐྱེན་དུ་རྒྱ་གར་དུ་ཆོས་བྱ་བ། བོན་དང་མི་འདྲ་བའི་བྱ་སླ་བ། ཁུར་ཡང་བ་ཞིག་ཡོད་པར་འདུག་པས། དེ་བོད་འདིར་གདན་དྲངས་པར་འཚལ་ཟེར་རོ།། བློན་པོ་མཆིམས་བཞེར་ན་རེ། བོན་འདི་བཀུར་བ་ཡང་ལྕི། བསླབ་ཏུ་ཡང་རྒྱ་ཆེ། བསྒྲུབ་ཏུ་ཡང་གཏིང་ཟབ། ལྷ་སྲུང་རུ་འཐུར་བས་བསྣུབས་འཚལ་ཟེར་རོ།། རྗེ་ཡང་སྔོན་གྱི་སྨོན་ལམ་གྱི་ཤུགས་དང་ཡབ་མེས་ལས་ལྷག་པར་བཞེད་ནས་འཕྲིག་པ་ཟོས་ཞེས་སོ།། ཞེས་གསུངས་པས། རྒྱལ་བློན་གྱི་བར་ལ་མི་མཐུན་པའི་རྒྱུ་རྐྱེན་ཡང་ནས་ཡང་དུ་བྱུང་བ་དང་། ཆོས་ལ་དགའ་བའི་བློན་པོ་འགས་ཨོ་རྒྱན་པདྨ་འབྱུང་གནས་གདན་དྲངས། ཁ་ཆེ་ནས་བྷོ་ཏི་ས་ཏྭ་གདན་དྲངས། རྒྱ་གར་ནས་ཨ་ཙ་ར་ཀླུའི་རྒྱལ་མཚན་དང་སྐ་བ་དཔལ་བརྩེགས། རྨ་རིན་ཆེན་མཆོག་དང་གསུམ་གདན་དྲངས་ནས་བོན་གྱི་གསས་ཁང་ལ་དཔེ་བླངས་ཏེ། དབུས་ཀྱི་བསམ་ཡས་ལྷུན་པོ་རྩེ་དང་། མཐའ་འདུལ་དང་རྒྱུ་བོན་གྱི་གཙུག་ལག་ཁང་རྣམས་བཞེངས་སུ་གསོལ། ཞེས་བསྟན་འབྱུང་དར་རྒྱས་གསལ་སྒྲོན་ལས་གསུངས་པ་དང་། སྐབས་དེར་བོན་ཆོས་གཉིས་ཀྱི་ཆོས་སྤྱོད་པ་དག་གི་ནང་ལ་འགལ་བའི་ཤུགས་རྐྱེན་སྣ་ཚོགས་ཐེབས་ནས་མཁས་པས་འགྲན་རྩོད་དང་རྫུ་འཕྲུལ་གྲུབ་རྟགས་འགྲན་པ་སོགས་བྱས་ནས་རྒྱལ་འབངས་མངའ་རིས་ཟིང་འཁྲུག་ཆེན་པོའི་གནས་སུ་གྱུར་བ་ནི་དུས་རབས་དེ་གར་དཔག་པའི་ལོ་རྒྱུས་ཟིན་ཐོ་དག་ན་ཤིན་ཏུ་གསལ་ལ། ཡང་དེ་ཉིད་ལས། “གཤེན་པོ་རྣམས་ཀྱིས་ཀྱང་དྲག་པོའི་འཕྲིན་ལས་མཛད་ན། རྒྱལ་འཁོར་རླག་ཏུ་བཏུབ་ན་ཡང་། ཐུགས་ཉིད་ཞི་བའི་ངང་དང་ལྡན་པས། མཉམ་པ་ཉིད་ཀྱི་ངང་ལ་བཞུགས། དེ་ནས་རྒྱལ་པོ་ཐུགས་འགྱོད་ན་ཡང་། བོད་ལ་ཁྲིམས་རྒྱ་ཡོད་པས། སྔ་ཚིག་ཤོར་བ་ལ་བསྒྱུར་ཐབས་མེད་དེ། ཐུགས་དགོངས་ལ་གཡུང་དྲུང་གི་བོན་འདི་ཡང་གཏན་དུ་ནུབ་པར་འཕངས་ནས། རྗེའི་ཞལ་ནས། ད་ཁྲིམས་ཀྱིས་བཅད་ཟིན་པས། བོན་པོ་རྣམས་སྐད་རིགས་མི་གཅིག་པའི་སར་གཤེགས་པར་ཞུ”ཞེས་བཀའ་བསྩལ་བ་དང་། རྒྱལ་པོའི་བཀའ་བཙན་པོའི་འོག་དྲན་པ་ནམ་མཁའ་སྒྲ་བསྒྱུར་ལོ་ཙཱ་ལ་བྱང་ཆུབ་པའི་རྐྱེན་གྱིས་བསམ་ཡས་གཙུག་ལག་དུ་བཙན་གྱིས་ནན་བན་བྱེད་དུ་བཅུག་པ་དང་། བོན་དཔེ་ཆོས་སུ་བསྒྱུར་བའི་ལས་ལ་མི་ཞུགས་ཐབས་མེད་བྱུང་། “ཁྲི་སྲོང་ལྡེ་བཙན་གྱི་བོན་དཔེ་མེད་དུ་བསྣུབས་དུས། ལ་ལ་ལྷོ་བལ་མོན་དུ་གཤེགས་པར་བགྱིས། ལ་ལ་བྱང་ཁ་མོན་དུ་གཤེགས་པར་མཛད། ལ་ལ་འགོག་པ་ལ་བཞུགས་སོ།།”ཞེས་བོན་དཔེ་རྣམས་རིག་འཛིན་ཀུན་གྱིས་གཏེར་དུ་སྦས་ཏེ་ཡུལ་ཕྱོགས་གང་སར་ཕེབས་པ་དང་། གཏེར་གྱི་རྣམ་གྲངས་ལའང་གཏེར་གྱི་ཡང་བློན་ཆེན་པོ་གཅིག རྒྱལ་པོ་བཞི། བློན་པོ་སུམ་ཅུ་རྩ་བདུན། ཡང་བློན་དགུ་བཅུ་རྩ་དྲུག་ཡོད་དོ།། དེ་ལྷག་རྣམས་ནི་གཏེར་གྱི་འབངས་སུ་ཤེས་པར་བྱའོ།། ཞེས་གཏེར་གནས་ཀྱང་བསྟན་འབྱུང་དར་རྒྱས་གསལ་སྒྲོན་དུ་སོ་སོར་གསུངས་པས་ཡིག་ཚོགས་ལ་དོགས་ནས་མ་སྤྲོས། དེ་རྗེས་རྒྱལ་པོ་ཁྲི་སྲོང་ལ་དབུ་ཡོག་བྱུང་སྟེ་ལུས་ལ་ན་ཚས་གཟེར། བོད་ལ་མི་བདེ་སྣ་ཚོགས་བྱུང་། མི་ཕྱུགས་ལ་ནད་རིམས་དང་གོད་ཁ་བྱུང་བ་དང་། གནམ་ལས་ཆར་བ་མ་བབས། སྟོང་གི་བོན་པོའི་མཐུས་དཀར་ཆུང་གི་གཙུག་ལག་ཐོག་གིས་བཤིག བསྟན་འབྱུང་དར་རྒྱས་གསལ་སྒྲོན་ལས“དུས་དེར་མོ་བཏབ་ཕྱྭ་བླན་པས། བོན་པོ་སྤྱུགས་ནས་བོན་བསྣུབས་པ་ལན། ད་བོན་པོ་གདན་དྲོངས་ལ་རྗེའི་མགུལ་ལྷ་གསོལ། དྲན་པ་ནམ་མཁའ་ནན་བན་ལས་བཏོན་ན་ཕན་ཟེར་བ་ཀུན་བྱུང་ངོ་།།”དེ་ལྟར་མཛད་ནས་རྗེ་བོའི་སྙུང་བ་དྭངས་པར་གྱུར་བ་མ་ཟད་སྣོད་བཅུད་ཀྱི་ལང་ཚོ་ཡང་སྔར་བཞིན་རྒྱས་པར་གྱུར་བ་རེད། དྲང་དོན་ལས། བདག་ནི་སྐྱེ་ཤི་མི་མངའ་སུམ་སྟོང་འགྲོ་དོན་མཛད། ། ཉི་ཟེར་རྟ་ལ་ཞོན་ནས་གླིང་བཞི་ཁྱབ་པར་འགྲོ། ། མ་ངེས་སེམས་ཅན་སྤྲུལ་ནས་མཁས་བཙུན་ཉམས་རྟོགས་ཉུལ། ལས་ཅན་འགའ་ལ་མིར་བསྟན་བྱིན་རླབས་ཕོག ། ང་ཡི་གདམས་ངག་སྤྱོད་པའི་བོན་གཤེན་རྣམས། ། འདི་དང་ཕྱི་མར་བདེ་སྐྱིད་ལྡན་པར་འོང་། ། ཞེས་གསུངས་པས། ཆགས་སྡང་དང་རུ་ཏྲའི་ཁོར་ཡུག་དེ་འདྲའི་ནང་གྲུབ་ཆེན་འདི་ཉིད་ལ་ཐུགས་རྗེ་དང་བརྩེ་བ་ཆེན་པོའི་འོག་འགྲོ་བ་ཀུན་ལ་ཉེ་རིང་དང་སྐྱོ་སུན་བྲལ་ནའང་གོང་གི་ལུང་ཚིག་ནང་བཞིན་གླིང་བཞི་དང་། སྒོས་སུ་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་པ་མ་ཟད་ཁྱད་པར་དུས་རབས་བརྒྱད་པའི་སྤྱི་ལོ༧༨༣ལོ་ཙམ་ན་གྲུབ་ཆེན་དྲན་པ་ནམ་མཁའ་ཡུལ་རེབ་གོང་དུ་བྱོན་པ་ནི། མཁས་དབང་བོན་བརྒྱ་རིན་པོ་ཆེ་མཆོག་གི་བསྟན་རྩིས་ལས། སྐབས་འདིར་སློབ་དཔོན་དྲན་པ་ནམ་མཁའ་མདོ་སྨད་རེབ་གོང་དུ་ཕེབས་ནས་གོང་མོ་གུར་ཁང་དུ་བཞུགས། ཨ་བ་ངོས་བཟང་གི་དགོན་སྡེ་བཏབ་པ་སོགས་ནི་དབུས་ནས་ནུབ་ཀྱང་སྨད་དུ་དར་བའི་སྐབས་སོ།། ཞེས་གསུངས་སོ། །

༢ ཡུལ་གང་དུ་བཞུགས་པ།

     སྐྱང་སྤྲུལ་ལུང་རྟོགས་རྒྱ་མཚོས(༡༩༢༢–༡༩༥༧)མཛད་པའི《གོང་མོ་གུར་གྱི་གནས་བསྟོད་ལྷ་མིའི་དད་འདྲེན》 ལས། “ཡུལ་རེབ་གོང་གསེར་ལྗོངས་བྱང་གི་ཕྱོགས། ། གནས་མཆོག་གྱུར་གོང་མོའི་གུར་ཁང་དེ། ། ཕྱི་གངས་དཀར་རྫ་བརྒྱུད་མ་ཆད་པ། ། གནས་ཡིད་འོང་དངུལ་མཁར་དཀར་པོའི་ཚུལ། ། ནང་མཆོད་པའི་སྤྲིན་ཚོགས་མ་ཡལ་བ། ། ལྷ་ཀླུ་དང་མི་ཡི་འདོད་ཡོན་འཚོགས། ། གསང་ཡ་ང་འདུ་འཛི་མི་འབྱུང་བ། ། གཤེན་རིག་འཛིན་མཁའ་འགྲོ་འཚོགས་པའི་གནས། ། དབྱིབས་མཁའ་འགྱིང་ཁྲོ་བོའི་ཚུལ་དུ་ཆགས། ། རྩེ་འཇའ་ཚོན་དཀྲིགས་པའི་གུར་ཁང་ན། ། དབྱིངས་ཞི་བའི་ལྷ་ཚོགས་སྤྲིན་ལྟར་གཏིབ། ། སྐེད་དུར་ཁྲོད་འཇིགས་པའི་གཞལ་ཡས་ན། ། དབལ་དབང་དྲག་ཁྲོ་ཚོགས་སྐར་ལྟར་བཀྲ། ། རྩར་འཇིགས་རུང་ཁྲག་མཚོ་འཁྲུགས་པའི་ཀློང་། ། བོན་སྐྱོང་བའི་སྲུང་མ་སེར་ལྟར་འདྲིལ། ། གཡས་རང་འཁྱིལ་ནད་སེལ་ལྷ་ཆབ་ཡོད། ། སུས་འཐུང་པས་ནད་རིགས་ཐམས་ཅད་སེལ། ། ཚེ་ཉི་ཟླ་མཉམ་པའི་དངོས་གྲུབ་འབྱུང་། ། གཡོན་བྲག་དམར་རྒྱལ་མཚན་འདྲ་བའི་ངོས། ། བགྲོད་དཀའ་བའི་བྲག་ཕུག་གཏིང་ཟབ་ལ། ། བླ་ཆེན་པོ་དྲན་པའི་བཞུགས་ཁྲི་ཡོད། ། དེའི་སྟེང་གི་བྲག་ལ་ཕྱག་རྗེས་གསལ། ། རྗེ་གྱེར་སྤུངས་ཆེན་པོའི་སྒྲུབ་གནས་ཡིན། དབུས་སྐྱེས་རི་ཞྭ་དཀར་རྩེ་རྒྱལ་འདྲར། ། ཡར་བལྟས་ཀྱི་བྲག་ལ་ཞི་བའི་འཛབ། ། སྔགས་ཨ་དཀར་གསང་བ་རང་གྲུབ་ཡོད། ། དེ་ལྟ་བུའི་གནས་རི་ཁྱད་འཕགས་འདིར། ། དུས་ཁྱད་ཅན་ཚེས་བཟང་གང་དག་ལ། ། གཤེན་རིག་འཛིན་དཔའ་བོའི་ཚོགས་གྲལ་ཡོད། །”ཞེས་པ་ལ་སོགས་དག་གསལ་ལུང་གི་གྲུབ་པའི་ཡུལ་གྲུ་ཉམས་དགའ་འདིར། རྫུ་འཕྲུལ་དང་གྲུབ་རྟགས་ལ་མངའ་བརྙེས་ཤིང་མཁྱེན་བརྩེ་ནུས་པའི་རིག་འཛིན་ཆེན་པོ་བླ་ཆེན་དྲན་པ་ནམ་མཁའ་ཉིད་གནས་འདིར་ཞབས་ཀྱིས་བཅགས་ཏེ་བྱིན་རླབས་ཀྱི་ཚན་ཁ་འབར་བར་བྱས་པ་དང་། མ་འོངས་སྐྱེ་འགྲོ་ཀུན་གྱི་དག་ཞིང་ཉག་གཅིག་ཏུ་བསྐྲུན་པ་མ་ཟད་འབྱུང་བཞིའི་ཕུང་པོ་རྩི་ཤིང་ས་རྡོ་སོགས་ལའང་དངོས་སྣང་ལྷ་སྐུ་འབྱུང་རུང་ཉིད་དུ་གནས་པར་བྱས།

༣ རེབ་གོང་ཡུལ་དུ་མཛད་པ་བསྐྱངས་ཚུལ།

      སྤྱིར་མདོ་སྨད་རེབ་གོང་ཡུལ་འདིར་བླ་ཆེན་དྲན་པ་ནམ་མཁའ་མ་བྱོན་གོང་མདོ་སྨད་ཕྱོགས་སུ་གཡུང་དྲུང་བོན་བསྟན་དར་མེད་པ་མ་ཡིན་ཀྱང་། ཁོང་ཉིད་ནས་བཟུང་ཡུལ་གྲུ་འདི་ལ་བོན་བསྟན་གྱི་རྩ་བ་རིམ་གྱིས་རྒྱས་པ་དང་། བྱང་ཨ་བ་ངོས་བཟང་དགོན་སྡེ་ཞེས་པ་བཏབ་ནས་སློབ་བརྒྱུད་མང་དུ་འཕེལ་བར་བརྟེན། ཡུལ་ལུང་འདིའི་སྙན་བཟང་ཕྱོགས་སུ་ཁྱུང་པོ་དར་ལྡིང་དགོན་པ་དང་གནམ་སྟེང་དགོན་པ། གླིང་བརྒྱ་རུ་དབལ་མོ་གནས་ཀྱི་དགོན་པ། རྒྱལ་བོ་ངོ་མོ་ན་དཀོན་མོ་ཉིན་གྱི་དགོན་པ། སྤྱི་ཚང་མཁར་ཞོལ་ན་སྤྱི་མགོན་དང་རི་བོ་བྱ་ཁྱུང་གི་མདུན་ན་དགོན་ཁུལ་སོགས་མང་དུ་མཆེད་པ། དེ་རྣམས་བསྟན་པ་སྔ་དར་གྱི་སྐབས་ཡིན་ལ། དེ་ནས་མི་ལོ་ལྔ་བཅུ་ལྔ་བརྒྱད་མཚམས་སུ་དབུས་གཙང་ཕྱོགས་ནས་རྒྱལ་པོ་གླང་དར་གྱིས་བསྟན་པ་བསྣུབས་སྐབས་ད་ལྟའི་ཁྱུང་པོའི་ཡུལ་དེ་ནས་གྲུབ་ཐོབ་རྣམ་གསུམ་བྲོས་བྱོལ་གྱི་ཚུལ་དུ་རེབ་གོང་ཡུལ་འདིར་བྱོན་པ་དང་། རེབ་གོང་སྟོད་ནས་ཀླུ་བདུད་བཙན་གསུམ་གནས་པའི་བཙན་སྡོང་རྩད་ནས་བཅད་དེ་ཕུར་སྐུ་སོགས་བཞེངས་ཏེ་བརྒྱུད་འཛིན་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་འབྱོན་པའི་རྟེན་འབྲེལ་བྱུང་། རེབ་གོང་སྟོད་སྨད་བར་གསུམ་དུ་བསྟན་པ་འཕེལ་བཞིན་སྐུ་མཆེད་གསུམ་གནས་འདིར་བཞུགས་ཏེ་ངོ་སྤྱི་ཁྱུང་གསུམ་གྱི་སྒྲུབ་སྡེ་ཆགས། དེ་ནས་བཟུང་སྲིད་ཇུས་འགྱུར་ལྡོག་གང་མང་བྱུང་ནའང་རྒྱལ་བསྟན་ཉིན་བྱེད་གཞོན་ནུ་སྐྱེ་འགྲོ་ཀུན་གྱི་མཁའ་ལ་རྟག་ཏུ་རྒྱུ་བ་དང་། འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་གཡུང་དྲུང་བོན་བསྟན་ཉམས་པ་མེད་པར་ཡུལ་ལུང་འདི་གར་གནས་བཞིན་པ་འདི་ནི་བླ་ཆེན་དྲན་པ་ནམ་མཁའི་ཐུགས་བསྐྱེད་ཟབ་མོའི་ནུས་མཐུ་ཁོ་ན་རུ་འཁུམས་སོ། །

བརྒྱད། གྲུབ་གནས་ཀྱི་ད་ལྟའི་གནས་བབས།

       དཔྱད་པ་དང་བཅས་པའི་གྲུབ་ཆེན་དྲན་པ་ནམ་མཁའ་འདི་ཉིད་ཀྱི་བརྒྱུད་རིམ་དང་རེབ་གོང་གྲུབ་གནས་བརྒྱད་ཀྱི་ཡ་གྱལ་དུ་བགྲང་བའི་བྱང་ཕྱོགས་གོང་མོ་གུར་ཁང་སོགས་ལ་གནས་མཇལ་ལ་འགྲོ་མཁན་སྔ་མོའི་དུས་ནས་གོམས་སྲོལ་ཡག་མོ་ཞིག་ཆགས་ཡོད། སྤྱིར་གྲུབ་གནས་ཀྱི་གྲུབ་ཐོབ་དག་ཆོས་ལུགས་བན་བོན་སྔགས་གསུམ་དུ་འཐུས་པར་བརྟེན། སྐྱ་སེར་ཕོ་མོ་རྒན་གཞོན་སུ་ཡིན་ཀྱང་རེབ་གོང་ཡུལ་གྱི་མཐོ་སྐོར་དུ་གནས་པའི་གྲུབ་པ་ཐོབ་པའི་གནས་བརྒྱད་ལ་མི་དད་མཁན་དང་མ་མཇལ་བ་ཕལ་ཆེར་མེད་ན་ཡང་བྱ་བའི་དགོས་དབང་གིས་མཇལ་ཡུལ་དུ་མ་གྱུར་བ་མང་དག་མཆིས་སྲིད། སྤྱིར་གནས་མཇལ་དུ་འགྲོ་བའི་དུས་ཚོད་ལ་གཏན་འཁེལ་ངེས་ཅན་ཞིག་ཡོད་ནའང་། གནམ་གཤིས་ཀྱི་དྲོ་གྲང་སྙོམས་པ་སྟོན་མཇུག་དང་སོས་ཀར་འགྲོ་བ་མང་ཞིང་ལས་ཀའི་གོ་རིམ་ངེས་ཅན་ཞིག་གི་བར་གསེང་བེད་སྤྱད་དེ་གྲོགས་འགའ་དང་ཡང་ན་རང་ཉིད་གཅིག་པུ་འགྲོ་བཞིན་ཡོད། བསྐོར་འགོ་འཛིན་དུས་རང་ཉིད་ཀྱི་ཡུལ་ཕྱོགས་སུ་གནས་པའི་གྲུབ་གནས་དང་ཡང་ན་གང་ལ་མོས་ཕྱོགས་འགྲོ་བའི་ལམ་སྲོལ་ཞིག་སྔ་མོའི་དུས་ནས་རྒྱུན་འབྱམས་སུ་ཆགས། ད་ལྟའི་དུས་ན་འཚོ་བའི་དཔལ་འབྱོར་གོང་འཕེལ་སོང་བ་དང་བསྟུན་ནས་འཕྲུལ་རྟ་དང་རླངས་འཁོར་དུ་བསྡད་ནས་གནས་སྐོར་བ་འགའ་སྣང་མོད། འོན་ཀྱང་སྔ་མོའི་དུས་བཞིན་ད་ལྟ་རྐང་ཐང་ལ་བསྐྱོད་པའི་དད་ལྡན་བརྩོན་སེམས་ཅན་རེ་འགའ་ལས་མང་བོ་མ་མཆིས། བགྲོད་པའི་སྔ་ཉིན་ནས་ལམ་ཆས་གང་ལེགས་ཤིག་བྱས་ཏེ་སྔ་དྲོའི་ཉི་ཤར་གྱི་དུས་ན་དམིགས་ཡུལ་གྱི་ལམ་ཕྲན་གང་མང་བརྒྱུད་ནས་ཡུལ་ཕྱོགས་དང་གྲོང་སྡེ་མང་པོ་ཞིག་ལ་ཞོར་དུ་ལྟད་མོ་ཡང་སྣ་ཚོགས་མཐོང་ཐུབ། གྲུབ་གནས་གང་ལ་ཐོན་ན་གྲུབ་པ་ཐོབ་མཁན་དེ་ཉིད་དངོས་བཞུགས་ཀྱི་འདུན་པ་དྲག་པོས་གནས་ཁང་ངམ་བྲག་ཕུག་ངོ་མཚར་ཅན་དེ་ཉིད་ལ། རང་ལ་གང་འབྱོར་གྱི་མར་མེ་དང་སྤོས་སྣ་འབྲུ་མཆོད་ལ་སོགས་བཤམས་ཏེ་ཚོགས་བསགས་མཆོད་འབུལ་བྱེད་པ་དང་། ཕྱག་བརྒྱ་གྲངས་ལས་བརྒལ་བ་ཁོམ་སྐབས་དང་བསྟུན་ནས་རང་ཉིད་ཀྱིས་འཚལ་ཏེ་སྡིག་པ་སྔར་བྱས་ལ་འགྱོད་སེམས་དང་། ཕྱིན་ཆད་མི་བགྱི་སྙམ་པའི་བཤགས་སྡོམ་བྱེད་པ་ཡིན། སྔ་དྲོའི་ཆ་ལ་གྲུབ་གནས་དེ་གར་ཐོན་ཚེ་ལྷ་བསང་གཏོང་བའི་ལུགས་སྲོལ་ཡོད་ལ། དེའི་རྒྱུ་ཆ་ནི་ལྷ་ཤིང་ཤུག་པ་དང་རྩམ་པ་ཤེལ་ཚིག་དཀར་གསུམ་སོགས་ཀྱིས་འབུལ་དགོས། ཕྱི་དྲོའི་དུས་ལ་ཐོན་ཚེ་མེ་ཐོག་ལ་རྩམ་པ་བླུགས་ནས་དཀར་གསུར་བཏང་ནས་སྨོན་ལམ་རྒྱས་བསྡུས་ཅི་ལྕོགས་མཛད་བཞིན། གནས་ཞག་ལ་འདུག་ཐུབ་ན་དེའི་ཉིན་གང་བོའི་དཀའ་ངལ་ཡོད་ཚད་མི་ཚེ་འདིའི་རླབས་ཆེན་གྱི་ལས་རིགས་ཤིག་ཏུ་བརྩི་བཞིན་འདུག གལ་ཏེ་གྲུབ་གནས་གང་ལ་འབྱོར་ཚེ་འཁོར་ཡུག་དང་མཐུན་རྐྱེན་མི་འདྲ་བའི་དབང་གིས་འབུད་ཤིང་དང་སྡོད་ཤག་བཅས་ཀྱི་དཀའ་ཁག་ཀྱང་འཕྲད་སྲིད། ལན་རེར་ཐང་སྟོང་དང་གད་སྐྱིབས་སུ་མཚན་གང་བོར་འགྱིག་ཤོག་གོན་ནས་མཚན་ཕུད་པ་ཡང་ཡོད། འོན་ཀྱང་ལུས་ཀྱི་ཚ་གྲང་དང་ངག་གི་བཀྲེས་སྐོམ་སེམས་ལ་སྡུག་བསྔལ་ཅི་བྱུང་ཡང་དེ་ལ་སུན་སྣང་དང་སྐྱོ་བ་མེད་པ་ནི་གནས་བསྐོར་བ་སྤྱིའི་ལྡོག་མེད་ཀྱི་དམ་བཅའ་ཁྱད་པར་ཅན་གྱི་སྤྱོད་ཡུལ་དུ་མངོན་འདུག དེར་མ་ཟད་སྔོན་གྱི་གྲུབ་པ་ཐོབ་པའི་གཤེགས་ཤུལ་འདི་དག་ན་བྱ་བཏང་རི་ཁྲོད་པ་དང་བསྙེན་སྒྲུབ་སྒོམ་ཆེན་པ་གྲངས་མེད་ཀྱིས་འདོད་ཆུང་ཆོག་ཤེས་ལ་བརྟེན་ནས་ལོ་ཟླའི་འཁོར་ལོར་འགྲོགས་ཏེ་ཕྱི་མའི་ཐར་ལམ་དམ་པ་ཞིག་གི་ལམ་སྣེ་ཟིན་པ་ཡིན་ཞེས་དགའ་བཞིན་སྤྲོ་བཞིན་བཞུགས་པ་དང་། བྱང་ཕྱོགས་གུང་མོ་གུར་ཁང་འདི་ལྟ་བུར་མཚོན་ན་སྤྱི་ཚོགས་རྙིང་བའི་ནང་ལ་བོན་ཁྱིམ་དུ་མའི་མཚམས་ཁང་དང་མཆོད་ཁང་ཡོད་པ་དང་། རིག་གསར་སྐབས་ཉམས་དམས་སུ་སོང་ནའང་ལོ་རབས་བརྒྱད་ཅུའི་ནང་ནས་བཟུང་བོན་སྡེ་སོ་སོས་གནས་གཞི་ཉམས་གསོ་མཛད་དེ་ད་ལྟའི་དུས་ན་མཚམས་ཁང་འགའ་དང་བླ་ཆེན་དྲན་པ་ནམ་མཁའི་མཆོད་ཁང་སྤུས་ཚད་ལྡན་པ་བཅས་བཞེངས་གྲུབ་པས་བོན་གྱི་བླ་སྔགས་སྐྱ་གསུམ་རྒྱུན་བཞུགས་མཛད་ནས་ཐོས་བསམ་སྒོམ་པའི་ལས་ལ་གཞོལ་བ་དང་། གྲུབ་གནས་འདི་གཙོས་པའི་རེབ་གོང་གྲུབ་གནས་བརྒྱད་དང་བོད་གངས་ཅན་པའི་ཡུལ་ལྗོངས་དག་ན་གནའ་ནས་ད་བར་སྒོམ་ཆེན་གངས་ཀྱི་སེང་གེ་ལྟ་བུ་གྲངས་མེད་བྱོན་ནས་ཡབ་མེས་དག་གི་རིག་གཞུང་གསེར་གྱི་ལྷུན་པོ་ལ་འོད་སྣང་སྦྱིན་པར་མ་ཟད། ཐོས་དོན་རང་རྒྱུད་ལ་སྦྱར་ཏེ་ཚེ་ལུས་གཅིག་ལ་གདོད་མའི་རྒྱལ་ས་ཆེན་པོར་དབང་བསྒྱུར་པའི་མཁས་གྲུབ་འདི་དག་གི་བཀའ་དྲིན་རྨད་དུ་བྱུང་བའི་མཛད་རྗེས་ལས་འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ན། འགྲན་ཟླ་དང་བྲལ་བའི་ཆོས་རིག་ཕུན་སུམ་ཚོགས་པ་འདིས་ང་ཚོ་རྗེས་རབས་པ་དག་གི་དགའ་ཚལ་ལ་སྔར་ལས་གཟི་དཔལ་ལྡན་པར་གྱུར་པ་དང་། ལོ་རྒྱུས་ཀྱི་མི་སྣ་འདི་ཉིད་ཀྱིས་མཚོན་པའི་གནའ་བོའི་ཞང་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་གི་ལས་དོན་གཉེར་བའི་མི་སྣ་དག་ལའང་དཔྱད་གཞིའི་ཡིག་ཆར་ཅུང་ཕན་པའི་འདུན་པ་དང་བཅས་དཔྱད་གཞིའི་ཡིག་ཆ་ཁུངས་དག་འགའ་ལ་གཞི་བཅོལ་ནས་སྔ་རབས་བོད་མིའི་སྤྱི་ཚོགས་དང་འབྲེལ་ཏེ་ཞང་བོད་ཀྱི་ཡུལ་གྲུ་འདིར་བྱས་རྗེས་བླ་མེད་གནང་བའི་མི་སྣ་མཚམས་སྦྱོར་པའི་ལས་འདི་རེ་ཞིག་རྫོགས་སོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།