སྟོན་པ་གཤེན་རབ་མི་བོའི་མཛད་པ་བཅུ་གཉིས་ཀྱི་སྐོར།

རྣམ་འདྲེན་བརྒྱད་པ་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོའི་མཛད་པ་བཅུ་གཉིས་ཀྱི་སྐོར།

སེང་སྤྲུལ་རིག་འཛིན་ཉི་མས་བསྒྲིགས།

B-19w    དེ་ཡང་བདག་ཅག་གི་མགོན་པོ་རྣམ་འདྲེན་བརྒྱད་པ་བདུད་བཞི་མ་ལུས་པ་བཅོམ་མཛད། རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་དེ་ཉིད་ཀྱིས་དང་པོ་བྱང་ཆུ་མཆོག་ཏུ་ཐུགས་བསྐྱེད་ཅིང་བར་དུ་བསྐལ་པ་གྲངས་མེད་གསུམ་གྱི་རིང་ལ་སྒྲིབ་གཉིས་སྦྱོང་ཞིང་ཚོགས་གཉིས་རྫོགས་པར་བསགས། མཐར་སྟག་གཟིག་འོལ་མོ་ལུང་རིང་དུ་མངོན་པར་སངས་རྒྱས་ནས་མཛད་པ་ཆེན་པོ་བཅུ་གཉིས་དང༌། དྲུག་ཅུ་རྩ་བཞི། མཛད་ཕྲན་བརྒྱ་དང་རྩ་བརྒྱད་སོགས་ཀྱིས་ཕྲིན་ལས་མཐར་ཕྱིན་ནོ།། དེ་ཡང་སྟོན་པ་གཤེན་རབ་གནས་ངེས་པ་མེད་པ་རི་རྒྱལ་ལྷུན་པོ་དང་ཞང་བོད་སྟག་གཟིགས་སོགས་ལ་བྱོན་ནས་འགྲོ་དོན་མཛད། སྟོན་པ་མ་ངེས་པ་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱར་སྤྲུལ་ནས་འགྲོ་དོན་མཛད། བཀའ་མ་ངེས་པ་དྲང་དོན་དང་ངེས་དོན་ཐེག་པ་ཆེ་ཆུང་གི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས། འཁོར་མ་ངེས་པ་སོ་སྐྱེས་དང་འཕགས་པ་སོགས་བརྗོད་ལས་འདས་སོ། དུས་མ་ངེས་པ་དུས་གསུམ་ལ་སོགས་ལ་བཞུགས་ནས་འགྲོ་དོན་མཛད་དོ། སྟོན་པ་གཤེན་རབ་སྤྲུལ་སྐུའི་རྣམ་པར་མཛད་ནས་མདོ་སྡེའི་བོན་རྣམས་གསུང༌། ལོངས་སྐུའི་རྣམ་པར་མཛད་ནས་གསང་སྔགས་དང་རྫོགས་ཆེན་གྱི་བཀའ་འཁོར་བསྐོར་བ་མཛད་དོ། སྟོན་པ་གཤེན་རབ་མི་བོའི་མཛད་པ་རྒྱས་པ་དྲི་མེད་གཟི་བརྗིད་གླེགས་བམ་བཅུ་གཉིས་ཅན་དང་མདོ་གཟེར་མིག་སོགས་ལས་གསལ་ལོ། འདིར་བདག་ཅག་གི་སྟོན་པ་མཆོག་གི་སྤྲུལ་སྐུས་སྟག་གཟིག་འོལ་མོ་ལུང་རིང་དུ་གདུལ་བྱ་ཐུན་མོང་གི་ངོར་མཛད་པ་མཐའ་དག་བསྡུ་ན་མཛད་པ་བཅུ་གཉིས་སུ་འདུ། སྟོན་པ་ཉིད་སངས་རྒྱས་ནས་སླར་འཇིག་རྟེན་དུ་གཟུགས་ཀྱི་སྐུས་འགྲོ་དོན་མཛད་པ་ལ་གཤེན་ལོ་གཅིག་ནས་དྲུག་ཅུའི་བར་གྱི་མཛད་པ་དྲུག་ཅུ་ཐམ་པ་དང༌། དེའང་མཛད་པ་བཅུ་གཉིས་སུ་བསྡུས་ཏེ་བཤད་ཚུལ་གཉིས་སུ་ཡོད་པ་ལས། འདིར་མཛད་པ་བཅུ་གཉིས་ཀྱིས་བསྟན་པ་ལའང་སྔ་རབས་ཀྱི་མཁས་པ་དག་གི་བཤད་ཚུལ་ཅུང་མི་འདྲ་ཡང༌། འདིར་སློབ་དཔོན་དྲན་པས། སྐྱེས་བཞེས་བསྟན་སྤེལ་འགྲོ་གཉིས་འདུལ།། ཁབ་བཞེས་སྲས་སྤྲུལ་འགྲོ་དོན་མཛད།། བདུད་བཏུལ་བསྟན་པ་རྗེས་སུ་བཞག། ཁྱིམ་སྤངས་འཁོར་སྤངས་མྱ་ངན་འདས།། ཞེས་གསུངས་པ་ལྟར་མདོར་བསྡུས་ཏེ་ས་བཅད་ཙམ་ཞིག་བཀོད་པ་ཡིན་ཞིང༌། དེ་ལའང་གཙོ་ཆེ་བ་མཛད་པ་བཅུ་གཉིས་ཀྱི་ཁོངས་སུ་མཛད་པ་ཕྲ་མོ་རྣམས་ཤུགས་ལས་བསྟན་པའོ།། རྒྱས་པར་བཤད་པ་ལ་བཅུ་གཉིས་ལས།

1     དང་པོ་སྐྱེ་བ་བཞེས་པའི་ཚུལ་ནི། ཉི་སྒྲོན་ལས། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས།། སུམ་ཅུ་རྩ་གསུམ་ལྷའི་གནས་སུ།། གཅུང་ཤེས་པ་དག་ལ་དབུ་རྒྱན་བསྐོན།། གཅུང་ཁྱོད་ད་ལྟ་ང་ཡི་ཚབ།། ལྷ་རྣམས་འདྲེན་པའི་སྟོན་པར་མཛོད།། ང་ནི་གཏོ་རྒྱལ་བསྟན་རྟིང་ལ།། སྟོང་གསུམ་མི་མཇེད་འཛམ་གླིང་དུ།། བསྟན་པ་རྣམ་གསུམ་སྤེལ་དུ་འགྲོ།། སྐུ་གསུང་ཐུགས་ཀྱི་བསྟན་རྫོགས་ནས།། ཤེས་པ་ཡེ་གནས་སྲས་བུ་ཆུང༌།། ཚེ་ལོ་བཅུ་པའི་འདྲེན་སྟོན་འགྱུར།། ཅེས་བརྗོད་རང་གི་ལུས་པོ་ཡང༌།། རི་རབ་ཁ་ལ་བཞག་ནས་ནི།། བསམ་བཞིན་སྐྱེ་བའི་འཆི་འཕོ་མཛད།། ཞེས་དང༌། ཞི་བ་ཡོངས་རྫོགས་ལས། ཡེ་ཤེས་གཙུག་ཕུད་ས་བཅུ་མ་ནོན་པས། སྒྲིབ་པའི་ཆ་ལ་འདྲེས་དོགས་ཀྱི་བག་ཚ་དང་ཉམ་ང་བྱུང་སྟེ་ཁྲི་རྒྱལ་ཁུག་པ་གདུང་སོབ་ཏུ་བཞག་ནས་སླར་འོག་མིན་དུ་གཤེགས་ཏེ། དེ་དུས་ཚེ་ལོ་ཁྲི་བ་ལགས་ཏེ། ཞེས་པས། ཡེ་གཤེན་གཙུག་ཕུད་ཁྲི་བའི་དུས་སུ་བྱོན་པས་འཕགས་ལམ་གྱི་ས་དགུ་ལས་མ་ནོན་ལ། དེས་སྒྲིབ་པ་མཐའ་དག་སྤངས་པའི་བླ་མེད་ཀྱི་ས་ནོན་ནས་བརྒྱ་བའི་སྟོན་པར་བྱོན་པ་སྟེ། དེ་ནི་ཁྱེའུ་གསལ་བའམ་འཆི་མེད་གཙུག་ཕུད་ཅེས་བྱ་སྟེ། བསྟན་པ་ཤན་འབྱེད་ལས། ཁྱེའུ་གསལ་བ་འཆི་མེད་གཙུག་ཕུད་ལ།། ཡེ་ཤེས་ལྷ་ཡི་ཏིང་འཛིན་བོན་བསྟན་པས།། ཤེས་བྱའི་སྒྲིབ་བྱང་ཐོགས་མེད་སྤྲུལ་སྐུར་གྱུར།། ཞེས་སོ།། དེའང་དག་པའི་འཁོར་གཡུང་དྲུང་སེམས་དཔའ་རྣམས་ལ་ལོངས་སྐུ་དང༌། མ་དག་པའི་སོ་སྐྱེ་རྣམས་ལ་སྤྲུལ་སྐུར་སྣང་ནས་འགྲོ་དོན་མཛད་པ་སྟེ། མདོ་ལས། བོན་གྱི་སྐུ་ལས་རྫོགས་པའི་སྐུ་བསྐྱེད་ནས།། འདུལ་བའི་སེམས་ཅན་ཤེས་བྱའི་སྒྲིབ་པ་སྦྱོངས།། ཞེས་སོ།། ལྷ་རྣམས་ཀྱི་སྣང་ངོར་དེ་ཉིད་ཀྱི་ཡེ་ཤེས་ལྷ་ལས་འགྲོ་བ་འདུལ་བའི་ལུང་ཐོབ་ནས་ལྷའི་གནས་ནས་འཕོ་བའི་ཚུལ་མཛད་དེ་མིའི་ཡུལ་དུ་བྱོན་ཁར་ལྷ་དང་སྲིད་པ་གཉིས་ཀྱི་སྤྲུལ་པའི་སྟོངས་དང་བཅས་ཏེ་བྱོན་པས། བར་ལྷ་འོད་གསལ་གྱི་གནས་སུ་གཡུང་དྲུང་སེམས་དཔའ་རྣམས་ཤེས་བྱའི་སྒྲིབ་པ་སྦྱངས་ནས་ཐར་པ་ཆེན་པོའི་ས་ཐོབ་མཛད། ལམ་དུ་གཡེན་ཁམས་སུམ་ཅུ་རྩ་གསུམ་ལ་གཡེན་འདུལ་གྱི་བོན་པོ་རེ་རེ་བསྐོས། སུམ་ཅུ་རྩ་གསུམ་གྱི་གནས་སུ་ཁམས་གསུམ་གྱི་ལྷའི་རིགས་འཚོགས་པ་རྣམས་ལ་ལས་རྒྱུ་འབྲས་ཀྱི་བོན་བསྟན། དེར་ལྷ་ལས་བབ་པའི་མཆོད་རྟེན་ཡང་བཞེངས་སོ།། དེ་ནས་ལྷའི་བུ་རྨ་ལོ་དང་བ་དང་གཡུ་ལོ་གཙུག་ཕུད་དང་བཅས་ཏེ་རི་རབ་ཀྱི་ཁ་ཁྱེར་ལ་བྱོན་ནས་ལྷ་མཐུ་རྩལ་ཅན་རྣམས་དམ་ལ་བཏགས། རི་རབ་ཀྱི་རྩེ་མོ་ནས་གཟིགས་ཚད་དང་དགོངས་ཚད་བཅུའམ་ལྔ་ལྔ་ཐུགས་ལ་བཀྲམ་སྟེ་གཟིགས་ཚད་ལྔ་ནི། གདུལ་ཞིང་མི་མཇེད་འཇིག་རྟེན། གདུལ་བྱ་མི། གླིང་འཛམ་གླིང་པ། འཁོར་འཛམ་གླིང་སོག་ཁའི་མི། རིགས་རྒྱལ་རིགས་དམུ་ལ་གཟིགས་པ་ལྔའོ།། དགོངས་ཚད་ལྔ་ནི། ཡུལ་འོལ་མོའི་གླིང༌། མཁར་བར་པོ་སོ་བརྒྱད། ནོར་རིན་པོ་ཆེའི་གཏེར། ཡབ་རྒྱལ་བོན་ཐོད་དཀར། ཡུམ་རྒྱལ་བཞད་མ་ལྔ་ལ་དགོངས་སོ།། དེ་ནས་ལྷའི་བུ་གཉིས་གཡུང་དྲུང་དགུ་བརྩེགས་རིའི་ནགས་ཚལ་དུ་སྦས་ཚུལ་མཛད་ནས་རིག་པའི་ཁྱེའུ་གསལ་བ་ཉིད་ཡི་གེ་ཨ་མ་དཀར་དམར་གཉིས་སུ་བསྡུས་ཏེ་ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་ཐུགས་རྗེའི་བྱམས་མའི་སྤྲུལ་བ་རྒྱལ་བཞེད་མ་གཉིས་ཀྱི་སྤྱི་བོར་བབ་སྟེ། ཟླ་དགུ་ངོ་བཅུར་ཡུམ་གྱི་ལྷུམས་སུ་བཞུགས་ཚུལ་བསྟན་ནས། བལྟམས་པའི་སྔ་ལྟས་སུ་གཡུང་དྲུང་དགུ་བརྩེགས་ཀྱི་ནགས་ཚལ་དུ་མུ་ལེ་དྲུམ་ཤིང་གི་སྡོང་པོ་ལ་ཡལ་ག་བརྒྱད་དུ་གྱེས་པ། ཡན་ལག་སྟོང་ཡོད་པ། ལོ་མ་འབུམ་ཕྲག་ཡོད་པ། འབྲས་བུ་རིན་པོ་ཆེ་རུ་འདུག་པ། ཤུན་པ་དར་ཟབ་ཏུ་འདུག་པ། ཁུ་བ་བདུད་རྩིར་འཛག་པ། ལོ་མ་དགོས་འདོད་འབྱུང་བ་ཞིག་སྐྱེས་སོ།། དེ་ནི་ཡན་ལག་བརྒྱད་ལྡན་གྱི་སྡོང་བོ་ཞེས་བྱའོ།། ཞེས་དྲི་མེད་ལས་གསུངས་ཤིང༌། མདོ་འདུས་ལས། མཁར་སྒོ་གཡས་སུ་ཨུ་དུམ་ཝ་ར་འཁྲུངས།། མཁར་སྒོ་གཡོན་དུ་འཛམ་བུ་ཤིང་ཡང་སྐྱེས།། ཞེས་སོ།། གཞན་ཡང་གླིང་ཐམས་ཅད་དུ་ངོ་མཚར་བའི་མཚན་མ་འབུམ་ཕྲག་སྙེད་ཀྱིས་གང་ཞིང་བལྟམས་པའི་ཚེ་ཡུམ་ལ་གནོད་པ་མེད་པར་མཆན་ཁུང་གཡས་ནས་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བའི་ལོ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ་མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་པ་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས། མཚན་དཔེའི་དཀྱིལ་འཁོར་གསལ་མ་ཐག་ཚངས་པ་དང་བརྒྱ་བྱིན་སོགས་ཀྱིས་ཕྱག་གིས་དར་དཀར་གྱི་སྟེང་དུ་སྐུ་བླངས་ཤིང༌། ལྷ་མོ་དང་ཀླུ་མོ་རྣམས་ཀྱིས་སྐུ་ཁྲུས་གསོལ། ཕྱོགས་བཞིར་ཞབས་ཀྱིས་གོམ་པ་བདུན་བདུན་བོར་བའི་རྗེས་ལ་མེ་ཏོག་པདྨ་རེ་རེ་ལམ་ལམ་བརྡོལ་ཞིང༌། རིགས་དྲུག་གི་སེམས་ཅན་ཐམས་ཅད་དབུགས་དབྱུང་བའི་གསུང་ལྷང་ལྷང་ཐེངས་གསུམ་དུ་བསྒྲགས་སོ།། དེའི་ཚེ་མཚན་མཁན་བྲམ་ཟེས་རྒྱལ་བའི་མཚན་དཔེ་སོགས་ཡོན་ཏན་བརྒྱ་དང་རྩ་བརྒྱད་རྣམས་ཞིབ་ཏུ་བརྟགས་ཤིང་དཔྱད་ནས་མཚན་ཡང་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་ པར་རྒྱལ་བར་མཚན་གསོལ་བས་འཇིག་རྟེན་ཁམས་གཡོ་འགུལ་དང་བཅས་ཏེ་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་བསྟན་པ་ལ་གནས་པའི་སེམས་ཅན་སྔོན་དུ་ཚོགས་བསགས་ཤིང་སྒྲིབ་པ་སྦྱང་པ་རྣམས་དུས་དེར་སྟོན་པའི་རྐྱེན་དང་འཕྲད་མ་ཐག་སྲིད་པའི་འཆིང་བ་མཐའ་དག་ ལས་གྲོལ་ཏེ་མངོན་སུམ་དུ་སངས་རྒྱས་ཏེ་སོང༌། དེ་ནས་དགུང་ཞག་གཉིས་ལོན་ནས་འཇིག་རྟེན་གྱི་ཁམས་སུ་ངོ་མཚར་གྱི་མཚན་མ་བཟང་པོ་དང་གཡོ་འགུལ་གྱི་ཆོ་འཕྲུལ་དང་བཅས་བརྒྱ་བའི་སྟོན་པ་ཡིན་པའི་རྟགས་སུ་འདས་པའི་སངས་རྒྱས་གཏོ་རྒྱལ་ཡེ་མཁྱེན་གྱི་བསྟན་པ་རྫོགས་ཏེ་སྐུ་གཟུགས་རྣམས་ནི་བྱ་འཕུར་བ་བཞིན་དུ་སོང༌། སྐུ་གདུང་ཐམས་ཅད་ནི་དར་བརྐྱང་པ་བཞིན་དུ་སོང༌། གསུང་རབ་རྣམས་ནི་དུང་ཕྱིས་པ་བཞིན་དུ་སོང་ངོ༌།། དེའི་ཚེ་གཤེན་རབ་ཀྱི་མེས་པོ་དམུ་རྒྱལ་ཐེམ་སྐས་དང༌། ཕྱི་མོ་ཕྱྭ་ཟ་དང་འབྲང་མ་གཉིས་སྔར་བཞིན་དུ་སངས་རྒྱས། དགུང་ཞག་གསུམ་ལོན་པའི་དུས་སུ་སྔར་བཞིན་ངོ་མཚར་གྱི་ལྟས་དང་བཅས་གཤེན་རབ་ཉིད་ཀྱི་ཡབ་ཡུམ་དང་ལྟས་མཁན་ལ་སོགས་འོལ་མོའི་གླིང་གི་གདུལ་བྱ་སྦྱངས་པའི་འཕྲོ་ཅན་མཐའ་དག་རྣམ་མཁྱེན་གྱི་ས་ལ་རེག་པར་མཛད་དོ།།

2     གཉིས་པ་བསྟན་པ་སྤེལ་བ་ནི། རྒྱལ་བུ་རྒྱལ་སར་མ་ཕྱུང་གི་བར་དུ་ནགས་ཚལ་དབེན་པའི་གནས་སུ་གབ་ཅིང་སྦས་པའི་ཚུལ་དུ་བཞུགས་ཤིང་སྲིད་པའི་རྒྱུད་དང་ལས་འབྲས་རྣམས་གསུངས། རྒྱལ་སར་ཕྱུང་སྟེ་དགུང་ལོ་གཅིག་ནས་བཅུའི་བར་དུ་ཐེག་དགུའི་བོན་རྣམས་གསུང་ནས་ཐེག་དགུའི་གཤེན་པོ་རྣམས་ལ་གཉེར་གཏད། སྐད་རིགས་སུམ་བརྒྱ་དྲུག་ཅུའི་སྐད་བསྒྱུར་བའི་གཡུང་དྲུང་སེམས་དཔའ་སུམ་བརྒྱ་དྲུག་ཅུས་གཡུང་དྲུང་གི་བོན་ཁམས་གསུམ་རིགས་དྲུག་གི་གནས་སུ་དར་བར་མཛད་ཅིང་རིགས་པའི་གནས་ལྔའི་བོན་རྣམས་གསུངས། སྤྱིར་སྟོན་པའི་ཐུགས་ཀ་ནས་འོད་ཟེར་བྱེ་བ་སྟོང་ཕྲག་དྲུག་ཅུ་སྤྲོས་པ་ལས་འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་སྟོན་པའི་སྐུ་བྱེ་བ་ཕྲག་བརྒྱ་དང༌། རིགས་དྲུག་ལ་འདྲེན་པའི་གཤེན་དྲུག་ལ་སོགས་སྤྲུལ་ནས་སེམས་ཅན་གྱི་དོན་མཛད། སྒོས་སུ་སྟོན་པའི་བསྟན་པ་བརྟན་པར་བྱེད་པ་ས་བདག བསྟན་པ་སྤེལ་བའི་ཞིང་གི་མཆོག་གྱུར་ལྷ་ཀླུ་མི་གསུམ་ཡིན་པས་ན། དང་པོ་ས་བདག་གི་ཞིང་ཁམས་སུ་བསྟན་པ་སྤེལ་ཚུལ་ནི། དགུང་ལོ་བཅུ་གཉིས་པར་སའི་ལྷ་མོ་བརྟན་མ་ལ་ས་བདག་གི་ཁྱེའུ་དང་བུ་མོ་སྐུ་མདོག་གསེར་ལྟ་བུ་གསེར་གྱི་རྒྱན་ཁོ་ནས་བརྒྱན་པ་སྟོང་གིས་བསྐོར་ནས་འོལ་མོའི་གླིང་དུ་ལྷགས་ཏེ་སྟོན་པས་བདག་གི་ཡུལ་དུ་སྤྱན་དྲངས་པས་གཡུང་དྲུང་སེམས་དཔའ་ཁྲི་དྲུག་སྟོང་དང་ཆས་ཏེ་བྱོན་ནས་ས་བདག་རྣམས་ལ་བོན་གྱི་འཁོར་ལོ་བསྐོར། གསས་ཁང་བ་རབ་ཡོངས་འདུལ་བཞེངས། དབང་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་དུས་འཁོར་གྱི་རྒྱུད་ལེའུ་སྟོང་ཕྲག་བརྒྱ་བ་དང་བཅས་པ་གཏན་ལ་ཕབ་ནས་ས་བདག་གི་བོན་པོ་གསེར་ཐུབ་འོད་སྲུང་ལ་གཉེར་དུ་གཏད། ས་བདག་གི་གདུལ་བྱ་ཚད་མེད་པ་སངས་རྒྱས་ཏེ་སོང༌།།

      ལྷ་ཀླུ་མི་གསུམ་ལས། སྟེང་ལྷའི་ཡུལ་དུ་བསྟན་པ་སྤེལ་ཚུལ་ནི། ལོ་མཛད་བཅུ་གཉིས་རྫོགས་ནས་སྲས་སྤྲུལ་པའི་མཛད་པའི་སྐབས་ཤིག་ཏུ་ནམ་མཁའ་ལ་སྤྲིན་མང་པོ་གཏིབས་པའི་ནང་ནས་དུང་གི་ཁྱེའུ་རབ་ཏུ་མཛེས་པ་ཞིག་ལ་ལྷའི་སྲས་ལྕམ་དྲལ་སྟོང་རྩ་བརྒྱད་ཀྱིས་བསྐོར་བ། སྤྲིན་དཀར་གྱི་གདན་ལ་འཇའ་ཚོན་གྱི་གུར་ནང་དུ་འདུག་པ་ཞིག་སྟོན་པའི་སྤྱན་སྔར་བྱུང་ནས་སྟོན་པ་སྟེང་ལྷ་ཡུལ་དུ་གཤེགས་པར་ཞུས་པས་བྱོན་པར་ཞལ་གྱིས་བཞེས་ཏེ་གཡུང་དྲུང་སེམས་དཔའ་ཁྲི་དྲུག་སྟོང་ལྔ་སྟོང་ལྔ་བརྒྱ། སུམ་བརྒྱ་དང་དྲུག་ཅུ་བཅས་པ་གཤེན་གྱི་རྟ་བདུན་ལ་ཆིབས་ཀྱི་ཁ་ལོ་བསྒྱུར་ནས་གཞའ་ཚོན་གྱི་ལམ་ལ་རྫུ་འཕྲུལ་གྱི་གོམ་པས་བསྐྱོད་དེ་སུམ་ཅུ་རྩ་གསུམ་གྱི་གནས་སུ་ཕེབས། ཁམས་གསུམ་གྱི་ལྷའི་རིགས་རྣམས་ལ་བོན་གྱི་འཁོར་ལོ་བསྐོར། ཤིང་རྟའི་ཚལ་གྱི་དབུས་དཀྱིལ་དུ་གསས་ཁང་གཡུང་དྲུང་ལྷ་རྩེ་བཞེངས་ནས། ཀུན་དབྱིངས་རྒྱལ་བའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་མངའ་དབུལ་མཛད། མདོ་སྡེ་དམ་པ་ཏོག་ཆེན་གཏན་ལ་ཕབ་སྟེ་ལྷའི་བུ་དམ་པ་ཏོག་དཀར་ལ་གཉེར་གཏད་ཅིང༌། ལྷ་ཁམས་སྟོང་པ་ཙམ་གྱི་གདུལ་བྱ་རྣམས་སངས་རྒྱས་ཏེ་སོང༌།།

    འོག་ཀླུ་ཡི་ཡུལ་དུ་བསྟན་པ་སྤེལ་ཚུལ་ནི། སྟོན་པ་དགེ་རྒྱས་ཡོན་ཏན་གྱི་གླིང་ན་བཞུགས་པའི་དུས་སུ་ཀླུའི་ཁྱེའུ་མཇུག་མ་སྦྲུལ་དུ་འདུག་པ་ཞིག་ཀླུ་ཤིང་པདྨའི་གདན་ལ་ཀླུའི་ཁྱེའུ་དང་བུ་མོ་མང་པོས་བཏེགས་ནས་སྟོན་པའི་དྲུང་དུ་འཁོད་དེ་སྟོན་པ་ལ་འོག་ཀླུའི་ཡུལ་དུ་གཤེགས་པར་ཞུས་བཞིན་དུ་བྱོན་ནས་ཀླུ་རྣམས་ལ་བོན་གྱིས་འཁོར་ལོ་བསྐོར། གསས་ཁང་གེ་སར་འབུམ་གླིང་བཞེངས་ནས་རྣམ་དག་པདྨ་ཡུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་རབ་ཏུ་གནས་པར་མཛད། མདོ་འབུམ་གཟུངས་གསུམ་དང༌། ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏན་ལ་ཕབ་སྟེ་ཀླུ་ཁམས་སྟོང་པ་ཙམ་གྱི་སེམས་ཅན་རྣམས་བྱང་ཆུབ་ལ་རེག་པར་མཛད་དོ།།

   བར་མིའི་ཡུལ་དུ་བསྟན་པ་སྤེལ་ཚུལ་ནི། ཤར་ལུས་འཕགས་པོ་སོགས་གླིང་བཞི་ལ་སྟོན་པའི་ཕྱག་ཞབས་བཞིའི་འོད་ཟེར་ལས་སྤྲུལ་པའི་སངས་རྒྱས་རེ་རེ་སྣང་བར་མཛད་དེ་ལས་ཅན་རྣམས་སྐད་ཅིག་དེ་ཉིད་ལས་གྲོལ་བར་མཛད། རྗེས་སུ་ལུས་པ་རྣམས་ལ་བསྟན་པ་སྣ་རེ་སྐྱོབ་པའི་ལྷ་རེ། འདྲེན་པའི་གཤེན་རེ། སྲུང་བའི་སྡོམ་པ་རེ་བཞག་ཅིང༌། གླིང་གསུམ་ནས་འཕོས་དུས་སུ་འཛམ་བུའི་གླིང་དུ་སྐྱེ་བའི་སྨོན་ལམ་བཏབ་བཞིན་དེར་སྐྱེས་ནས་ཐར་པ་ཐོབ་པར་མཛད། སྒོས་འཛམ་བུ་གླིང་ལ་རྒྱ་དཀར་ནག་མེ་ཉག་བལ་པོ་ཨོ་རྒྱན་ཟ་ཧོར་ཁ་ཆེ་ཐོད་གར་ལི་ཡུལ་ཕྲོམ་སྟག་གཟིག་སུམ་པ་ཞང་ཞུང་བོད་ལ་སོགས་སུ་སྟོན་པའི་སྤྲུལ་པས་སྐུ་རེ་རེ་སྣང་བར་མཛད་ཅིང་བསྟན་པ་ཆ་རེ་འདྲེན་པའི་གཤེན་རེ་ལ་གཉེར་གཏད་ནས་བསྟན་པ་སྤེལ། འོལ་མོའི་གླིང་དུ་ལྷ་ཀླུ་མི་གསུམ་གྱི་སློབ་མ་བྱེ་མའི་ལ་ཙམ་ལ་བསྒྲགས་པ་གསུམ་གྱི་དཔེའུ་ཙེ་དང་སྒོ་བཞི་མཛོད་དང་ལྔའི་བོན་འཁོར་བསྐོར་རོ།།

    34    གསུམ་པ་དང་བཞི་པ་འགྲོ་གཉིས་འདུལ་བ་ནི། སྐྱོབ་སྟོན་གྱིས། ཞེ་སྡང་ཅན་གཏོ་བུ་དང་འདོད་ཆགས་ཅན་བཙུན་མོ་བཏུལ་བར་གསུངས་པར་མཛད་པ་གཉིས་འདུ་ཞིང༌། དྲི་མེད་ལས། ང་རྒྱལ་ཅན་ཁྲི་ཤིང་དབང་རྒྱལ། ཕྲག་དོག་ཅན་ཧ་ལ་ར་ཙ་དང་གུ་ཝེར་ར་ཙ་བཏུལ་བར་གསུངས་པ་རྣམས་ཡིན་ཏེ། དེ་དག་དུག་ལྔ་ཁ་ཚང་གི་གདུལ་བྱ་ཡིན་ཀྱང་རང་རང་ལ་དུག་དེ་དག་ཤས་ཆེ་བའི་དབང་གིས་བཞག་པའོ།། དེས་ན་དང་པོ་གཏོ་བུ་དོད་དེ་དེ་སྟོན་པས་བཏུལ་བས་མ་འཐུལ་ཏེ་ངན་འགྲོར་སོང་བ་ལ་སྟོན་པས་ལྷ་གཤེན་བརྒྱའི་མཚན་ནས་བརྗོད་ཅིང་རིགས་དྲུག་གི་གནས་ནས་འདྲེན་པའི་ཆོ་ག་མཛད་པས་རིགས་དྲུག་ཏུ་བརྒྱུད་པའི་སྐྱེ་བ་དྲུག་གི་མཐར་འོལ་མོའི་གླིང་གི་ཤམ་པོ་ལྷ་རྩེའི་སྒོ་དྲུང་དུ་མེ་ཏོག་གི་ཁ་ལ་བརྫུས་ནས་སྐྱེས་ཏེ་བྱུང་བ་ཐར་པའི་འབྲས་བུ་ཆེན་པོ་ཐོབ་པར་གྱུར་ཏོ།།

  གཉིས་པ་ནི། ཧོས་དང་བ་ཡིད་རིང་གི་བཙུན་མོ་འགུ་ལིང་མས་སློབ་དཔོན་གཙུག་གཤེན་རྒྱལ་བ་ལ་འདོད་ཆགས་སྐྱེས་པ་ལ་སློབ་དཔོན་གྱིས་བཙུན་མོ་ལ་འདོད་ཆགས་ཀྱི་ལས་མ་སྤྱད་པས་བཙུན་མོ་ཁོང་ཁྲོས་ཏེ་སྐུར་བ་ཆེན་པོ་བཏབ་པའི་རྣམ་སྨིན་ནད་ངན་མཛེས་ཟིན་ནས་སྡུག་བསྔལ་བ་ལ། སྟོན་པས་ལྷ་མོ་སུམ་བརྒྱའི་མཚན་བསྒྲགས་ནས་བཙུན་མོ་ཕྱག་འཚལ་དུ་བཅུག་པས་ནད་ངན་དང་ལས་སྒྲིབ་བྱང་ནས་ཐར་པའི་འབྲས་བུ་ཐོབ་བོ།།

  གསུམ་པ་ནི། རྒྱལ་པོ་ཁྲི་ཤིང་དབང་རྒྱལ་ངན་འགྲོར་བརྒྱུད་པ་ལ་བདེ་གཤེགས་ཀུན་རིགས་སྒྲོན་མའི་ཆོ་གའི་ཞལ་ཕྱེས་ཏེ་སངས་རྒྱས་ཀྱི་ས་ལ་བཀོད་དོ།།

  བཞི་པ་ནི། རྒྱལ་པོ་ཧ་ལ་ར་ཙ་དང་གུ་ཝེར་ར་ཙ་གནས་གཡུལ་འཐབ་པའི་ཕན་ཚུན་དམག་མི་སྟོང་ཕྲག་དགུ་བསད་པས་གསོན་བཞིན་དུ་དམྱལ་བའི་སྡུག་བསྔལ་མཐོང་ནས་འགྱོད་པ་སྐྱེས་ཏེ་སྟོན་པ་ལ་བཤགས་པའི་ཐབས་ཞུས་པ་ལ་ཀུན་བཟང་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་པའི་ཐུགས་རྗེས་ལས་སྒྲིབ་བྱང་ནས་ཚེ་འདས་རྣམས་དང་ཞིང་ཁམས་ཀྱི་མི་ཚོགས་བསགས་སྒྲིབ་པ་བྱང་བ་རྣམས་སངས་རྒྱས་སོ།།

5    ལྔ་པ་ཁབ་བཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་བཅུའི་སྤྲུལ་པ་ཧོས་བཟའ་ལྷ་བཟའ་ཀླུ་བཟའ་ཀོང་བཟའ་རྒྱ་བཟའ་ཕྱ་བཟའ་གསས་བཟའ་བྲམ་ཟེ་བཟའ་སོགས་དགྱེས་སྡེ་ཚུལ་དང༌། རྒྱལ་རྗེའུ་བྲམ་ཟེ་དམངས་རིགས་ཀྱི་བུ་མོ་ལྔ་བཅུ་ལྔ་བཅུ་རྒྱལ་མོ་དང་བློན་མོ་དང་ཁྲུས་མཛད་དང་བྲན་མོ་ཚུལ་དང༌། ཤག་རིགས་ཧོས་རིགས་དབོ་རིགས་རྒྱ་རིགས་གཏོ་དཔྱད་གཉན་རིགས་ཀྱི་བུ་མོ་སུམ་ཅུ་སུམ་ཅུ་མཛའ་མོ་དང་སྲིད་འཛིན་དང་སྐུ་སྲུང་དང་རྩིས་མཁན་དང་མགྲོན་མོའི་ཚུལ་དུ་བཞེས་པར་མཛད་དེ། དེ་དག་ཡུམ་ཆེན་མོ་སུམ་བརྒྱ་དྲུག་ཅུའི་སྤྲུལ་པ་ངོ་མཚར་གྱི་ཡོན་ཏན་དུ་མས་བརྒྱན་པ་ཤ་སྟག་སྟེ་སྲེད་ལེན་གྱི་དྲི་མ་རིང་ནས་སྤངས་ཀྱང་འཁོར་བའི་ཕོ་མོའི་སྲེད་ལེན་གྱི་འབྲེལ་བ་གཅོད་པའི་ཕྱིར་དུ་ཐབས་མཁས་ཀྱི་མཛད་པའི་ཆར་བྱུང་བའོ།།

6     དྲུག་པ་སྲས་སྤྲུལ་པ་ནི། ཐབས་དང་ཤེས་རབ་རོལ་པའི་ཚུལ་ལས་དབྱིངས་ཀྱི་བདེ་གཤེགས་ཀྱི་སྤྲུལ་པ་ཉེ་སྲས་བརྒྱད་དུ་འཁྲུངས་ཏེ། གང་ཞེ་ན། ཧོས་བཟའ་རྒྱལ་མེད་ལ་སྲས་གཏོ་བུ་འབུམ་སངས་དང༌། དཔྱད་བུ་ཁྲི་ཤེས་གཉིས་འཁྲུངས། དཔོ་བཟའ་ཐང་མོ་ལ་སྲས་ལུང་འདྲེན་གསལ་བ་དང༌། རྒྱུད་འདྲེན་སྒྲོན་མ་གཉིས་འཁྲུངས། གསས་བཟའ་ངང་རིང་ལ་སྲས་འོལ་དྲུག་ཐང་པོ་འཁྲུངས། ཕྱག་བཟའ་གུང་དྲུག་ལ་རྒྱལ་བའི་གདུང་སོབ་མུ་ཆོ་ལྡེམ་དྲུག་འཁྲུངས། ཀོང་བཟའ་ཁྲི་ལྕམ་ལ་དམུ་རྒྱལ་གྱི་གདུང་རྒྱུད་འཛིན་པའི་རྒྱལ་སྲས་གཡུང་དྲུང་དབང་ལྡན་འཁྲུངས། རྒྱ་བཟའ་འཕྲུལ་བསྒྱུར་ལ་རྒྱལ་སྲས་འཕྲུལ་བུ་ཆུང་འཁྲུངས་སོ། དེ་དག་སངས་རྒྱས་ཉིད་ལ་དང་པོ་བཀའི་གླེང་སློང་གི་ཞུ་བ་པོ་དང༌། བར་དུ་བསྟན་པའི་གཉེར་འཛིན་ཞིང༌། ཐ་མར་བཀའི་བསྡུ་བ་པོར་མཛད་པ་དང༌། སྟོན་པའི་བསྟན་པ་མ་རྫོགས་ཀྱི་བར་དུ་ཐུགས་རྗེས་སྤྲུལ་པ་མ་འགགས་པར་སྟོན་ཅིང་སེམས་ཅན་གྱི་དོན་མཛད་པའོ།།

7     བདུན་པ་འགྲོ་དོན་མཛད་པ་ནི། དཔོ་རྒྱལ་འབར་བའི་སྒྲོན་མ་ཅན་གྱི་ཞིང་ཁམས་སུ་མོ་བ་བོན་པོ་སོགས་སྡིག་ཅན་མི་དགུ་བྱ་བ་བྱུང་བའི་རྐྱེན་གྱིས་དབོ་རྒྱལ་དང་ཡུལ་ཁམས་ཀྱི་མི་མང་པོ་སྡིག་པ་ལ་འབགས་ཤིང༌། སྡིག་ཅན་མི་དགུ་ངན་སོང་གི་གནས་སུ་ལྟུང་སྟེ། དཔོ་རྒྱལ་གྱིས་སྟོན་པའི་སྒྲོན་མ་སྤྱན་དྲངས་ནས་ཡུལ་ཁམས་ཀྱི་སྡིག་པ་སྦྱོང་ཞིང་ཚེ་ འདས་རྣམས་ཐར་པར་དྲོང་བར་མཛད་པའི་དུས་སུ་སྟོན་པ་ཉིད་ནམ་མཁའ་ལ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་སྤྲུལ་ནས་བཞུགས་པའི་སྤྱི་བོ་ནས་ཡར་དཔག་ཚད་རེ་རེའི་བར་བཅད་པར་ལྷ་མོ་ལྷ་ཆེན་སྲིད་པ་གསུམ་ཡས་མར་སྐུ་བཞི་ཝལ་གྱིས་བྱུང་ངོ༌། དེའི་ཚེ་གཤེན་རབ་ཉིད་ཀྱིས་ཕྱོགས་བཅུའི་བདེ་བར་གཤེགས་པ་སྟོང་གི་མཚན་ནས་བརྗོད་པ་དང༌། གཡུང་ དྲུང་སེམས་དཔའ་རྣམས་དང་རྒྱལ་པོ་ལ་སོགས་ཡུལ་ཁམས་ཀྱི་མི་རྣམས་ཀྱིས་ལྷ་ཕྱག་འཚལ་ཞིང་སྐོར་བ་དང་ཡར་མཆོད་མར་སྦྱིན་གྱི་ཆོ་ག་བྱས་པས་ལྷ་མོ་ལྷ་ཆེན་སྲིད་པ་གཤེན་རབ་བཞིའི་མཚན་ཉེར་ལྔ་རྫོགས་པའི་མཚམས་སུ་འཇིག་རྟེན་གྱི་ཁམས་གཡོ་བ་དང༌། གཡོ་བ་ཆེན་པོ་དང༌། རབ་ཏུ་གཡོ་བ་ཆེན་པོ་དང་གསུམ། དེ་བཞིན་དུ་འགུལ་བ་གསུམ། འུར་བ་གསུམ། ཐུག་པ་གསུམ། ཆེམ་པ་གསུམ་སྟེ་ཆོ་འཕྲུལ་གྱི་ལྟས་ཆེན་པོ་བཅོ་ལྔ། ནམ་མཁའ་ལ་གསལ་བའི་འོད་ཤར་བ། ས་གཞི་ལ་མཛེས་པའི་མེ་ཏོག་སྐྱེས་པ། བར་སྣང་ལ་སྙན་པའི་སྒྲ་གྲགས་པ་སྟེ་ངོ་མཚར་གྱི་ལྟས་ཆེན་པོ་གསུམ་སྟེ། འཚང་རྒྱ་བའི་སྔ་ལྟས་བཅོ་བརྒྱད་ཀྱིས་འཇིག་རྟེན་གཏམས་ནས་མི་མཇེད་འཇིག་རྟེན་ཤར་ཕྱོགས་ན་གནས་པའི་སེམས་ཅན་ལ་སོགས་ཕྱོགས་རེ་རེ་སྟེ། ཕྱོགས་བཅུའི་སེམས་ཅན་ལས་འཕྲོ་བཟང་བ་ཀུན་ཕུང་པོ་རྡུལ་ཕྲ་རག་ཏུ་ལྷག་ནས་སངས་རྒྱས་ཏེ་མི་མཇེད་འཇིག་རྟེན་སྟོང་པ་ཙམ་གྱིས་སེམས་ཅན་ཕྱིར་མི་ལྡོག་པའི་ས་ལ་བཀོད་དོ།།

8      བརྒྱད་པ་བདུད་བཏུལ་བ་ལ་གཉིས། བདུད་ཀྱི་ཆོ་འཕྲུལ་སྟོན་པའི་རྒྱུ་མཚན། ཆོ་འཕྲུལ་ཇི་ལྟར་སྟོན་པའོ།།

     དང་པོ་ནི། སྔོན་ནས་སྨོན་ལམ་ལོག་པར་བཏབ་པའི་རྒྱུས། ད་ལྟའི་གཤེན་དང་བདུད་གཉིས་སྤྱོད་པ་དཀར་ནག་སོ་སོར་གྱུར་པས་གཤེན་ལ་དོས་འཛུགས་པ་སྟེ། མདོ་ལས། སྟོན་པ་གཤེན་རབ་མི་བོ་ལ།། བདུད་རྗེ་ཁྱབ་པ་ལག་རིང་གིས།། ཆོ་འཕྲུལ་སྣ་དགུ་སྟོན་པ་ཡང༌།། དོན་ཆེད་ཅི་ཡི་ཕྱིར་ན་སྟོན།། སྔོན་གྱི་དམོད་པ་བོར་བ་ཡིས།། ད་ལྟའི་སྤྱོད་པ་སོ་སོར་སྟོན།། ཞེས་སོ།། ཁྱད་པར་དུ་ཡུལ་ཁྲི་ཏང་འབྱམས་པར་རྒྱལ་པོ་དཔོའི་ཞིང་ཁམས་སུ་བདེ་གཤེགས་སྟོང་གི་མཚན་བསྒྲགས་པའི་ཡོན་ཏན་གྱིས་ཕྱོགས་བཅུའི་སེམས་ཅན་སྟོང་གསུམ་འཇིག་རྟེན་སྟོང་བ་ཙམ་སངས་རྒྱས་ཏེ་སོང་བས་བདུད་མ་དགའ་ནས་གཤེན་ལ་ཆོ་འཕྲུལ་སྟོན་པ་ནི། དེ་ཉིད་ལས། བདེ་བར་གཤེགས་པ་སྟོང་གི་སྐུ་སྤྲུལ་གྱི་མཚན་བརྗོད་པས། དེའི་བྱིན་རླབས་དང་ཡོན་ཏན་གྱིས་སྟོང་གསུམ་གྱི་སེམས་ཅན་འཇིག་རྟེན་ཁམས་སྟོངས་པ་ཙམ་ཞིག་སངས་རྒྱས་ཏེ་སོང༌། ཞེས་དང༌། སྔོན་གྱི་དམོད་པའི་དབང་གིས་བདུད་རྒྱ་ལག་ཐོད་རྗེའི་བུ་བདུད་རྗེའི་ཁྱབ་པ་ལག་རིང་བྱ་བ་དེ་ཤིན་ཏུ་ཡང་མ་དགའ་བའི་སེམས་སྐྱེས་ནས་རབ་ཏུ་མ་དགའ་བས་གདུངས་ཏེ་ངུས་སོ།། ཞེས་དང༌། ཞིང་ཁམས་སྟོངས་པར་བྱེད་པའི་བགེགས། གཤེན་རབ་མི་བོ་རྫུན་པོ་ཆེས་ཞེས་སོ། །

    གཉིས་པ་ཆོ་འཕྲུལ་ཇི་ལྟར་སྟོན་པ་ལ་གསུམ། དང་པོ་གཤེན་རབ་ཉིད་ལ་ཆོ་འཕྲུལ་སྟོན་ཚུལ་ནི། སྟོན་པ་མཁར་བར་པོ་སོ་བརྒྱད་དུ་བཞུགས་དུས་བདུད་ཁྱབ་པས་གཤེན་རབ་ཀྱི་ཡི་དམ་ལྷ་གཤེན་ལྷ་འོད་དཀར།༡ སློབ་དཔོན་འབུམ་ཁྲི་གློག་གི་ལྕེ་ཅན།༢ ཡབ་རྒྱལ་བོན་ཐོད་དཀར།༣ ཡུམ་རྒྱལ་བཞད་མ་དང་༤བཞི་རིམ་བཞིན་བརྫུས་ཏེ་གཤེན་རབ་མྱ་ངན་འདའ་ཞིག་ཅེས་ལུང་བསྟན་པ་དང༌། སྟོན་པ་གསས་ཁང་ཤམ་པོ་ལྷ་རྩེར་བཞུགས་དུས་སུ་བདུད་ཀྱིས་སྐྱེས་བུ་རྟ་གོ་མཚོན་དང་ནོར་ཟས་ལྡན་པ་བརྒྱ་བརྒྱ།༥ ན་ཆུང་གསེར་གཡུའི་རྒྱན་བཏགས་པ་བྲོ་འཁྲབ་ཅིང་གླུ་ལེན་པ་བརྒྱ།༦ སྤུན་ཟླ་སྲིད་པའི་ཁྱེའུ་ཆུང་ལ་འཁོར་མི་དཀར་བརྒྱས་བསྐོར་པ།༧ དེ་རྣམས་སུ་བརྫུས་ཏེ་བསླུ་ཚིག་མང་པོ་སྨྲས་ནས་བསླུ་བར་བརྩམ་ཡང་བསླུར་མ་བཏུབ་སྟེ་སླར་ཆོ་འཕྲུལ་སྣ་བདུན་རྡུགས་པའི་རྗེས་སུ་དཔོ་བཟའ་ཐང་མོའི་བུ་རུ་བརྫུས་ཏེ་སྐྱེས་པའི་མིང་གཤེན་ཆུང་གོ་བོར་གྲགས་པ་དེས་ལོག་པའི་བོན་གྱིས་སེམས་ཅན་ཁ་ཅིག་ལོག་པར་ཁྲིད། གཤེན་རབ་སྐུ་ལའང་གསེར་གྱི་ཟངས་གྲི་བརྒྱབ་པས་མ་ཟུག་པར་གཡུ་ཡི་གཡུང་དྲུང་དུ་སོང༌། ཟངས་གྲི་ཉིད་ཀྱང་མེ་ཏོག་དཀར་ལམ་གྱིས་སོང་བས་བདུད་ཀྱང་ཁ་སྐྱེངས་ནས་ཤི་བར་གྱུར་ཏོ།། དེ་ནས་མདོ་ལས། ཞི་བས་བསླུ་བ་སྣ་བརྒྱད་རྡུགས།། སྣ་དགུའི་ཐ་མ་དྲག་པོ་ཡིན།། དྲག་པོའི་ལས་ཞིག་བྱ་དགོས་སོ།། ཞེས་པས་བདུད་ཀྱི་དམག་སྤྲིན་ནག་གི་དཔུང་ཙམ་ཕྱོགས་ཐམས་ཅད་ནས་གཤེན་རབ་ཀྱི་སྟེང་དུ་མདའ་མཚོན་ཆར་བཞིན་ཕབ་ནས་བྱུང་བ་ལ། སྟོན་པ་ཐུགས་ཞི་བའི་ངང་ལས་སྐུ་འབར་བའི་ཁྲོ་བོར་སྤྲུལ་ཏེ་སླར་བདུད་དམག་མང་པོ་འཁོར་དུ་བསྡུས། མཚོན་ཆ་ཐམས་ཅད་ཀྱང་མེ་ཏོག་གི་ཆར་དུ་གྱུར་ཏེ་ཆོ་འཕྲུལ་སྣ་དགུ་རྡུགས་སོ།།

   གཉིས་པ་གཤེན་རབ་ཀྱི་འཁོར་ལ་ཆོ་འཕྲུལ་སྟོན་ཚུལ་ནི། གཤེན་རབ་ཀྱི་སྲས་གཏོ་བུ་འབུམ་སངས། དཔྱད་བུ་ཁྲི་ཤེས། ལུང་འདྲེན་གསལ་བ། རྒྱུད་འདྲེན་སྒྲོན་མ། གཤེན་ རབ་ཀྱི་བཙུན་མོ་ཧོས་ཟ་དཔོ་ཟ་གཉིས་ཏེ་དེ་རྣམས་ལ་བདུད་ཀྱིས་བསླུ་བ་དང་ཆོ་འཕྲུལ་སྣ་ཚོགས་བསྟན་ཀྱང་བསླུར་མ་བཏུབ་ཅིང་ཆོ་འཕྲུལ་གྱིས་མ་ཚུགས། སྲས་མོ་གཤེན་ཟ་ནེའུ་ཆུང་མ་མེ་ཏོག་གླིང་ནས་བདུད་ཀྱིས་བསླུས་ཏེ་བདུད་ཡུལ་དུ་ཕྱིན་ནས་བདུད་ཁྱབ་པའི་རོགས་སུ་སོང་སྟེ་བདུད་བུ་སྟག་བུ་ཐུང་དང་གཟིག་བུ་ཐུང་གཉིས་སྐྱེས་པ་ལོ་གསུམ་ནས་ནེའུ་ཆུང་བུ་དང་བཅས་པ་གཤེན་ཡུལ་དུ་གཤེན་རབ་ཀྱིས་སླར་དྲངས་ཏེ་བུ་གཉིས་ཀ་ཡང་དགེ་བ་ལ་སྤྱོད་པར་གྱུར་ཏོ།།

   གསུམ་པ་གཤེན་གྱི་ནོར་དང་ཡུལ་ལ་ཆོ་འཕྲུལ་བསྟན་ཚུལ་ནི། བདུད་ཕྲུག་ཤོར་བ་རྐྱ་བདུན་བྱ་བ་གཤེན་ཡུལ་དུ་རྟ་བརྐུ་བཏང་བས་ཆིབས་པ་འབྲུག་རྟ་སོགས་རྟ་བདུན་བརྐུས་ཏེ་ཀོང་པོར་དེད་ནས་ཀོང་མཁར་འོག་ཁང་ནང་དུ་བཅུག་སྟེ་རྗེས་སུ་ཁ་བ་འདོམ་དགུ་ཕབ། དེར་གཤེན་རབ་ཀྱིས་མཁྱེན་ནས་རྟ་ལ་ཆགས་པས་མ་ཡིན་ཀྱང་བོད་སྲིན་པོའི་རིགས་དབང་དུ་བསྡུ་བ་དང༌། བདུད་རིགས་འཁོར་དུ་བཙུད་པར་དགོངས་ནས་རྟའི་རྗེས་སུ་སྟོན་པ་མཚན་ལྡན་ཁྱེའུ་བཞིས་བསྐོར་ནས་བྱོན། ཐུགས་རྗེ་ཉི་མའི་སྙིང་པོ་དགུ་ཕྲུགས་བཟླས་ཏེ་བདུད་ཀྱི་ཁ་བ་བཞུས་པའི་རྗེས་ཉི་མའི་ཟེར་བརྐྱངས་པར་ཞུགས་ནས་བྱོན་པས་བདུད་ཀྱིས་ཆུའི་འཇིགས་པས་དོ་བསྡོ་བའི་ཚེ་སྟོན་པ་གཙོ་འཁོར་ལྔས་རྒྱ་མཚོའི་དཀྱིལ་དུ་པདྨའི་སྡོང་པོར་སྤྲུལ་ཏེ་བྱོན་པས་མ་ཚུགས་སོ།། ད་ལྟར་ཡང་ཟ་ཧོར་དང་སྟག་གཟིག་གི་ས་མཚམས་སུ་རྒྱ་མཚོའི་དཀྱིལ་དུ་པདྨའི་སྡོང་པོ་ངོ་མཚར་གྱི་རྟགས་སུ་ཡོད་དོ།། དེར་སྟོན་པས་ཟ་ཧོར། སྤུ་གུར། ཁ་ཆེ་བྲུ་ཤའི་བོན་པོ་རྣམས་ལ་གསང་སྔགས་ཀྱི་ལུང་ཕོག  ཡང་མར་བྱོན་པ་ལ་བདུད་ཀྱིས་རི་ལུང་མེས་བསྲེགས་ཀྱང་སྟོན་པ་གཙོ་འཁོར་ལྔས་མེ་འོབས་ཀྱི་དཀྱིལ་ན་བྲག་རི་སྤྲུལ་པའི་སྟེང་དུ་བཞུགས་ནས་མ་ཚུགས་སོ།། ད་ལྟར་ཡང་སྟག་གཟིག་དང་ཞང་ཞུང་གི་ས་མཚམས་སུ་མེ་བྲག་ལ་མེ་ལྷའི་དཀྱིལ་འཁོར་གསལ་བ་ངོ་མཚར་གྱི་རྟགས་སུ་ཡོད་དོ།། དེར་ཞང་ཞུང་གི་བོན་པོ་རྣམས་ལ་ཛྭ་དང་སྔགས་ཀྱི་ལུང་ཕོག  དེ་ནས་ཡང་མར་བྱོན་པ་ལ་རླུང་གི་འཇིགས་པས་བྱེ་འཚུབས་གཏིབས་ཀྱང༌། སྟོན་པ་གཙོ་འཁོར་ལྔ་གཡུང་དྲུང་གི་གདན་ལ་བཞུགས་ཏེ་མ་ཚུགས་སོ།། བོད་དང་ཞང་ཞུང་གི་ས་མཚམས་སུ་མྱ་ངན་གྱི་བྱེ་གསེབ་ན་བྲག་གཡུང་དྲུང་རང་བྱུང་གི་སྟེང་དུ་སྟོན་པའི་ཞབས་རྗེས་ལམ་མེ་བ་ངོ་མཚར་གྱི་རྟགས་སུ་ཡོད་དོ།། དེ་ནས་སྟོན་པ་བོད་ཀྱི་ཆུ་བོ་བཞི་འདུས་མགོར་བྱོན་ཏེ་བོད་ཀྱི་ལྷ་འདྲེ་རྣམས་དབང་དུ་བསྡུས་ཏེ་བཀའ་ལ་ཉན་པའི་ཆད་མདོ་ཕུལ། དེའི་ཚེ་བོད་ཀྱི་རི་ཀུན་གྱི་རྩེ་མོ་ཡང་ཡར་ལ་འདུད་པར་གྱུར་ཏོ།། བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་དང་འདྲེ་བཀར་བ། ཡུགས་ཕུད་པའི་ལུང་ཕོག་གོ། འོ་ན་སྟོན་པ་བོད་ཡུལ་དུ་མ་བྱོན་གོང་དུ་བོན་ཡོད་དམ་ཞེ་ན། མཛད་བསྟོད་ལས། སུམ་ཅུའི་མཚན་བཟང་བརྒྱད་ཅུའི་དཔེ་བྱད་ལྡན།། འོད་ཟེར་མཐའ་ཡས་མངའ་བའི་ཞལ་བསྟན་ནས།། གདུལ་བྱ་དང་པོའི་འཁོར་ལ་དཀྲི་དྲང་གིས།། བསྟན་པ་སྤེལ་བར་མཛད་ལ་ཕྱག་འཚལ་ལོ།། ཞེས་པ་ལྟར་མཛད་པ་གཉིས་པ་བསྟན་སྤེལ་གྱི་དུས་ནས་སྤྱིར་སྟོང་གསུམ་དང་སྒོས་འཛམ་གླིང་བྱེ་བ་ཕྲག་བརྒྱ་དང་ཁྱད་པར་དུ་རྒྱ་དཀར་ནག་ཁྲོམ་སྟག་གཟིག་ཞང་ཞུང་བོད་སོགས་གདུལ་བྱ་ཞིང་དག་པ་རྣམས་སུ་སྟོན་པའི་ཐུགས་རྗེའི་འོད་ཟེར་ལས་སྤྲུལ་པའི་སངས་རྒྱས་དང་འདྲེན་པའི་གཤེན་དང་རང་རང་གི་ལས་མཐུན་གྱི་སྣོད་དང་མཚུངས་པའི་བོན་སྡེ་རེ་ཡོད་ཀྱང་བསྟན་པ་ཡོངས་རྫོགས་མེད་པས། སྟོན་པའི་བཀའ་དང་རྗེས་སུ་བྱུང་བའི་བསྒྲགས་པ་གསུམ་གྱི་བཀའ་རྣམས་འོལ་མོའི་གླིང་ནས་སོ་སོའི་ཡུལ་དུ་དར་བར་སངས་རྒྱས་ཉིད་ཀྱིས་ལུང་བསྟན་པ་བཞིན་ནོ།། དེ་ཡང་འོལ་སྐོལ་བོད་ཀྱི་རྒྱལ་ཁབ་འདི་ཡང༌། ཤེལ་བྲག་རིའི་གཏེར་བོན་ལས་བྱུང་བ་ལྟར་དང་པོ་གནོད་སྦྱིན་ནམ་བདུད་ཀྱིས་དབང་བྱས། དེ་ནས་སྲིན་པོས་དབང་བྱས། དེ་ནས་ཀླུས་དབང་བྱས། དེ་ནས་མ་སངས་གཉན་གྱིས་དབང་བྱས། དེ་ནས་བྱེད་སྐྱེས་བུ་དྲུག་གི་དབང་བྱས། དེ་ནས་རྒྱལ་སིལ་མ་བཅུ་གཉིས་ཀྱིས་དབང་བགྱིས་པར་བཤད་པས། སྟོན་པ་བོད་དུ་བྱོན་དུས་སུ་མིའི་འགྲོ་བ་ཆགས་ཟིན་པ་གོར་མ་ཆག་གོ། དེ་ནས་བདུད་ཀྱིས་རྟའི་རྗེས་ཆུ་བོའི་གཞུང་ལ་བསྐུངས་པ་ལ་སྟོན་པ་རྩང་པོ་ལ་གཡུང་དྲུང་གི་གདན་བཏིང་ནས་གཤེགས་པས་ཀླུ་རྣམས་ཀྱིས་སྟོན་པའི་ཞབས་ནས་འདེགས་ཤིང་གུས་པ་ཕུལ། སྟོན་པ་ཀོང་པོ་རོང་ནག་ཏུ་གཤེགས་པ་ལ། བདུད་ཀྱིས་བདུད་རི་ནག་པོས་ལམ་བཅད་པར་སྟོན་པས་མཐེའུ་ཆུང་གཡོན་པས་བླངས་ཏེ་སྒང་ཀ་སུམ་མདོར་བཞག མདུང་རྩེ་འདྲ་བའི་སྤྲུལ་པའི་རི་ཞིག་སྤྲུལ་ནས་ལྷ་རི་གྱང་ཐོའི་ཟུར་ལ་བཞག་པའི་མཚན་ཡང་བོན་རི་ཆེན་པོར་བཏགས་ཏེ་ད་ལྟ་ཀོང་བོན་རིར་གྲགས་པ་དེའོ།། ཡང་མར་བྱོན་པ་ལ་བདུད་མོའི་རིགས་བུད་མེད་གཞོན་མཛེས་མང་པོས་གསོལ་ཟས་ལ་དུག་སྦྱར་ནས་དྲངས་པ་གསོལ་བས་སྟོན་པའི་སྐུ་ལ་མེ་ཏོག་མང་པོ་བར་ལམ་ལམ་སྐྱེས། ཐལ་མོ་བརྡབས་པས་བདུད་མོ་རྣམས་མི་སྡུག་པའི་རྒན་མོ་སེ་མོ་བརྒྱ་རུ་སོང༌། དེའི་ཚེ་ཁྱབ་པ་ལ་སོགས་བདུད་མོའི་རིགས་རྣམས་དད་པ་སྐྱེས་ནས་བསྐྱབས་པས་ལྷའི་བུ་མོ་བརྒྱར་ཚེ་འཕོས་ནས་གཤེན་རབ་ཀྱི་འཁོར་དུ་སྐྱེས་སོ།། ད་ལྟ་ཡང་ཡུལ་དེ་ལ་སེ་མོ་བོན་ཐང་དུ་གྲགས་སོ། དེ་ནས་ཡང་རྟའི་རྗེས་སུ་བྱོན་པ་ལ། བདུད་དམག་དབུས་དང་དྭགས་པོ་གེ་སར་ཀོང་པོའི་དམག་རྣམས་གཡས་གཡོན་ནས་བསྐོར་ཏེ་མཚོན་ཆ་སྣ་ཚོགས་ཆར་དུ་ཕབ་ནས་འཕངས་པས་སྟོན་པའི་སྐུ་ལ་ཕོག་པ་ལྟ་ཅི་དྲུང་དུ་ཉེ་བ་ཡང་མ་ནུས་སོ།། དེར་བདུད་དམག་རྣམས་ཐང་ཆད་ནས་གཡུང་ཏིང་གིས་སོང་བའི་ཚེ་སྟོན་པའི་ཞལ་ནས་ངས་འཐབ་ཟླ་བྱེད་ན་ཁྱེད་རྣམས་ཡུད་ལ་གསོད་པར་ངེས། ངེས་སམ་མ་ངེས་ང་ལ་འབེན་ཞིང་ཚུགས་གསུང་པས། བདུད་ཀྱིས་ལྕགས་ཕུབ་དགུ་བརྩེགས་པ་ལ་སྟོན་པས་ལྕགས་ཀྱི་མདའ་གཞུ་བཀུག་སྟེ་ཞབས་གཡས་གྱད་ཀྱི་ཕ་བོང་ལ་གཏད་ནས་ཕྱག་གཡས་པས་མདའ་མ་འཕངས་པ་གཡོན་གྱིས་འཕངས་པས་ལྕགས་ཕུབ་དགུ་ཀ་ཐལ་བྱུང་དུ་ཕུབ་ནས་ཕ་རིའི་བྲག་ལ་ཟུག་པ་ཀོང་རྗེའི་སྲས་མོ་ཀོང་བཟའ་ཁྲི་ལྕམ་གྱིས་དར་དཀར་ལྕིབས་ཀྱིས་ཕྱུང་ནས་སྟོན་པ་ལ་ཕུལ་ལོ།། མདའ་ཕྱུང་ཤུལ་དུ་ཆུ་མིག་བརྡོལ་ཏེ་ལ་དོར་བྲག་འཕྲང་ལ་མདའ་དྲང་ཆུ་མིག་ཅེས་གྲགས་པ་དང༌། གྱད་ཀྱི་ཕ་བོང་ལ་སྟོན་པའི་ཞབས་རྗེས་ལམ་མེ་བ་ངོ་མཚར་བའི་རྟགས་སུ་ཡོད་དོ།། དེའི་ཚེ་ཁྱབ་པའི་ཕ་རྒྱ་ལག་ཐོད་རྗེ་ལ་སོགས་བདུད་དམག་སྟོང་ཕྲག་དད་པ་སྐྱེས་ནས་བསྐྱབས་པས་ལྷའི་ཁྱེའུ་སྟོང་དུ་ཚེ་འཕོས་ནས་གཤེན་རབ་ཀྱི་འཁོར་དུ་གྱུར་ཏོ།། ཁྱབ་པས་ཕ་མ་སོགས་བདུད་དམག་མང་པོ་སླར་སྟོན་པའི་འཁོར་དུ་ཤོར་བས་མྱང་ངན་གྱིས་གདུངས་ཏེ་ངུ་སྒྲ་དྲག་པོ་ཕྱུང་པ་ལ། སྟོན་པས་ཚེམས་མཆེ་བ་གཡས་གཡོན་ལ་དུང་འཕར་ཆེན་གཞན་ལ་འཕར་ཆུང་དུ་སྤྲུལ་ནས་སྒྲ་ཕྱུང་བས་བདུད་ཀྱི་མྱ་ངན་གྱི་ངུ་སྒྲ་ཆད་དོ།། དེར་ཀོང་རྗེ་ལ་ཡང་དད་པ་སྐྱེས་ནས་ཀོང་བཟའ་ཁྲི་ལྕམ་ཁབ་ཏུ་ཕུལ་ཏེ་ཀུན་བཀའ་འབངས་སུ་ཕུལ་བར་བྱས་སོ།། ཡུལ་དེ་ལ་རྒྱལ་གྱི་གོང་ན་གཤེན་གཉན་པར་གཏེག་པས་རྒྱལ་ཁྲི་གཉན་སྟེང་དུ་བཏགས་སོ།། དམུ་ཁྲབ་ཤོལ་མོ་དང་བསེ་ཕུབ་གླིང་ཆེན་དང་ལྕགས་ཀྱི་མདའ་གཞུ་དང་དུང་འཕར་ཆེན་འཕར་ཆུང་རྣམས་ནི་བོན་རིའི་ཐུགས་ཁའི་གོང་དུ་སྦས་ཏེ་བཀྲ་ཤིས་ཀྱི་རྟགས་སུ་བཞག་ནས་ཞལ་ནས་སྨོན་ལམ་གསུངས་པ། མ་ནོར་ངེས་པའི་ལུང་བསྟན་དུ།། སྔ་མའི་སྦྱང་འཕྲོ་མེད་པ་ཡི།། མཐའ་འཁོབ་མི་ཡིས་ལུང་མི་གོ། དེ་ཕྱིར་ངེས་ལུང་མ་བསྟན་ཏོ།། ནམ་ཞིག་ཁ་བ་ཅན་ལྗོངས་སུ།། ཐེག་པ་རིམ་དགུའི་བོན་དར་ནས།། གཡུང་དྲུང་བོན་ལ་སྤྱོད་པར་ཤོག། ཅེས་སོ།། ཀོང་བཙུན་ལྷ་མོས་གཡུ་ཤུག་དྲུང་གཅིག་ཕུལ་བས་སྐུ་ཤུག་ལྡེམ་དྲུག་ཏུ་མངའ་གསོལ་ནས་བོན་མི་འགྱུར་བའི་བཀའ་རྟགས་སུ་བཞག་སྟེ་ཀོང་བཙུན་ལྷ་མོ་བསྟན་པའི་སྲུང་མར་བསྐོས་སོ།། དེ་ནས་སྟོན་པ་གཙོ་འཁོར་ལྔ། ཀོང་རྗེ་སོགས་འཁོར་དུ་འདུས་པའི་བདུད་དམག་བྱེ་བ་དུང་ཕྱུར་དང༌། ཁྱབ་པའང་བུ་འདོད་པས་སྟོན་པའི་རྗེས་སུ་འབྲངས་པ་བཅས་སྟོན་པའི་བྱིན་གྱིས་བརླབས་པས་སྐད་ཅིག་མ་བདུན་གྱི་ཡུན་ལ་འོལ་མོའི་གླིང་དུ་ཕྱིན་ཏོ།། དེར་ཁྱབ་པའི་ཕ་མ་གཉིས་དང་ཀོང་རྗེ་སོགས་སེམས་་ཅན་མང་པོ་སངས་རྒྱས་པར་གྱུར་ཏོ།། ཁྱབ་པ་ཉིད་དད་པ་མ་སྐྱེས་ཀྱང་ཉིན་མོར་གཤེན་འཁོར་རྣམས་དང་མཐུན་པར་དགེ་སྤྱོད་ཀྱི་ཚུལ་བཟུང་རང་གི་བུ་གཉིས་དང་ཆུང་མ་བཅས་ལ་བསླུ་ཚིག་མང་དུ་བསྙད་ཀྱང་ཉན་དུ་མ་འདོད་པར་དེར་སྟོན་པ་ལོངས་སྤྱོད་རྒྱན་ཟས་དང་ཕྲལ་བར་དྲན་ནས་རིན་པོ་ཆེའི་གཏེར་མཛོད་ལ་ཁ་བ་ཕབ་པས་ཀྱང་ཉེ་མ་ནུས། པདྨའི་སྡོང་པོ་བཅད་པས་ཀྱང་མ་ཆོད། སྨན་དང་འབྲུའི་ནགས་ཚལ་ལ་དུག་སད་བཏང་བས་ཀྱང་མེ་ཏོག་གི་མདངས་ཡང་མ་ཉམས། དེར་སྟོན་པ་ཕྱའི་ཡུལ་དུ་གཤེགས་པའི་ཤུལ་དུ་བདུད་ཀྱིས་གཤེན་རབ་ཀྱི་བཙུན་མོ་དཔོ་བཟའ་ཀོང་བཟའ་གཉིས་བསླུས་ཏེ་དཔེ་སྒྲོམ་ཡང་ཆུང་ཞུགས་ལ་བཞེན་པའི་དཔེ་བུམ་ཚིག་འཕྲོ་ལ་དཔའ་བོ་འབྲུ་ལྔ་མ་ཚིག་པར་སྣང་བ་ལ་བརྟེན་སྟོན་པའི་བྱིན་རླབས་ཀྱིས་འཕྲུལ་ཡིག་སུམ་ཅུ་རྩ་བརྒྱད་དུ་འཕེལ་ལོ།། ཁྱབ་པ་བདུད་ཡུལ་བྲོས་ཏེ་ལྕགས་མཁར་སྒོ་བརྒྱའི་ནང་དུ་ཕྱིན་ནས་བདུད་ཀྱི་རྒྱལ་པོ་ང་མིན་འཆོས་པོ། འཁོར་བ་གཏིང་ནག། རམ་པ་དུག་འགྱེད། འགྲན་ཏེ་ཡ་བོ་དང་བཞི་ལ་ལོག་པའི་ཆོས་ལྟ་ལོག་སུམ་བརྒྱ་དྲུག་ཅུ། ངན་ཐབས་སུམ་བརྒྱ་དྲུག་ཅུ། རྐྱེན་ཉི་ཁྲི་ཆིག་སྟོང་གི་ཐབས། ལོག་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་གྲངས་མེད་པར་གཏན་ལ་ཕབ་ནས་བཤད་ཅིང་གནས་སོ།། དེ་ལྟར་བདུད་ཀྱིས་ལྷ་དང་སློབ་དཔོན་ཡབ་ཡུམ་དུ་སྤྲུལ་པ་སྟོན་པས་མཁྱེན་ནས་ཐབས་མཁས་ཀྱིས་བཟློག་སྟེ་ལྷའི་བུའི་བདུད་ཐུལ། ཚོང་དཔོན་དམག་དཔོན་ལྷ་མོ་ཀླུ་མོར་བརྫུས་ནས་བསླུས་པས་ཀྱང་མ་བསླུས་ཤིང༌། བདུད་དམག་དུང་ཕྱུར་འཁོར་དུ་བཙུད་དེ་ཉོན་མོངས་པའི་བདུད་ཐུལ། བདུད་ཀྱི་རྣོ་མཚོན་མེ་ཏོག་ཏུ་བསྒྱུར། མེ་ཆུ་རླུང་གི་འཇིག་པས་ཀྱང་རྡུགས་ཏེ་འཆི་བདག་གི་བདུད་ཐུལ། བདུད་མོའི་དུག་ཏ་ལ་བདུད་རྩིར་བསྒྱུར་ནས་གསོལ། སྐུ་ལས་འོད་འབར་ཞིང་མེ་ཏོག་འབུམ་ཕྲག་སྐྱེས་པས་ཕུང་པོའི་བདུད་ཐུལ་ཏེ་བདུད་བཞི་ཐུལ་བའི་རྟགས་སོ།།

9     དགུ་པ་བསྟན་པ་བཞག་པ་ནི། སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་པར་བྱ་བའི་ཕྱིར། སྤྱིར་ནི་འཇིག་རྟེན་གྱི་ཁམས་འཛམ་གླིང་བྱེ་བ་ཕྲག་བརྒྱ་ལྷ་ཀླུ་མི་གསུམ་གྱི་ཞིང་དང༌། འཛམ་གླིང་ལའང་ཡུལ་ཆེན་བཅོ་བརྒྱད། ཡུལ་གྱི་སྙིང་པོ་དྲུག་ལ་སོགས་དང༌། སྒོས་ནི་འོལ་མོའི་གླིང་གི་ཡུལ་སྡེ་རྣམས་དང༌། རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུ། བསྟན་འཛིན་གྱི་རྒྱལ་པོ་སྡེ་དྲུག་རྣམས་ལ་བསྟན་པ་བཞག་གོ། དེའི་ནང་ཚན་གར་ཆེན་ཤག་གི་རྒྱལ་སར་སྟོན་པས་བདེ་བར་གཤེགས་པའི་ཐུགས་རྟེན་མཆོད་རྟེན་སུམ་བརྒྱ་དྲུག་ཅུ་དང༌། གཉན་རིགས་ཀྱི་རྒྱལ་པོ་གཞོན་ནུ་བློ་གྲོས་ཅན་གྱི་རྒྱལ་སར་ཕྱ་སྲིད་སྐོས་གསུམ་གྱི་བཟོ་སྣ་སྟོང་དང་རྩ་གཅིག་གིས་སྤྲས་པའི་གསས་ཁང་བཀྲ་ཤིས་དཔལ་འབར་དུ་བདེ་གཤེགས་ཀྱི་སྐུ་རྟེན་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་འཁོར་ཡུམ་ཆེན་བཅུ་དྲུག་སྒོ་མ་བཞི་བྱམས་སྲས་སངས་རྒྱས་ཁྲི་དང་བདུན་སྟོང་གི་སྐུ་རེ་རེ་བཞིན་དུ་རྒྱན་དྲུག་དང་ལྡན་པར་བཞེངས་ཏེ་མངའ་དབུལ་རབ་ཏུ་གནས་པར་མཛད་དོ།། ཁྱད་པར་དུ་རྒོད་རྗེ་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་མུ་ཁྱུད་བརྡལ་པའི་རྒྱ་མཚོར་གསས་ཁང་དཀར་ནག་བཀྲ་གསལ་བཞེངས་པར་ཐབས་ཀྱི་མཆོག་དང་ཤེས་རབ་ཕུལ་གཉིས་ཀྱིས་སྐུ་རྟེན། མཚན་བརྗོད་པའི་བདེར་གཤེགས་སྟོང་གི་ཞལ་སྐྱིན་དང༌། གསུང་རྟེན་སྒོ་བཞི་མཛོད་ལྔའི་བོན་བྱེ་བ་བདུན་འབུམ་དྲུག་ཁྲི་དང༌། ཐུགས་རྟེན་མཆོད་རྟེན་སྟོང་དང་རྩ་བརྒྱད་བཞེངས་ནས་མངའ་གསོལ་རབ་གནས་མཛད་དེ་བསྟན་པ་བཞག་གོ།

10       བཅུ་པ་ཁྱིམ་སྤངས་པ་ནི། རྒྱུད་ཉི་སྒྲོན་ལས། མི་ལོ་སུམ་སྟོང་ཆིག་བརྒྱ་ལ།། གཤེན་ལོ་སུམ་ཅུ་སོ་གཅིག་ནི།། འཁོར་བའི་སྡུག་བསྔལ་བསྒྲལ་བའི་ཕྱིར།། ཁྱིམ་སྤངས་རབ་ཏུ་བྱུང་བའི་དུས།། ཞེས་པས་གཤེན་རབ་དགུང་ལོ་སོ་གཅིག་ལ་འཕྲིན་ལས་དམ་པ་ཁྱིམ་སྤངས་རབ་ཏུ་བྱུང་བའི་ཚུལ་མཛད་པ་དྲི་མེད་སོགས་ལས་ཀྱང་གསུངས་སོ།། དེའང་རབ་ཏུ་བྱུང་བའི་རྐྱེན་ནི་འཁོར་བའི་ཆུ་བོ་བཞི་ལ་གཟིགས་ཚུལ་གྱིས་ངེས་འབྱུང་གི་ཚུལ་ཁྲིམས་བསྲུང་པར་དགོངས་པ་སྟེ། མདོ་འདུས་ལས། སྟོན་པ་དགུང་ལོ་སོ་གཅིག་ན།། ཁྱིམ་སྤངས་རབ་ཏུ་བྱུང་བ་སྟེ།། ཁྲི་སྨོན་རྒྱལ་བཞད་སྒོ་བཞིར་བྱོན།། སྐྱེ་རྒ་ན་འཆི་བཞི་ལ་གཟིགས།། ཆུ་བོ་བཞི་ལ་བརྒལ་བའི་ཕྱིར།། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས།། རྒྱལ་སྲིད་མ་ལུས་གཏན་སྤངས་ནས།། ཁྱིམ་སྤངས་རབ་ཏུ་བྱུང་བར་དགོངས།། ཞེས་སོ།། དེ་ནས་རྒྱལ་མཁར་སྒོ་དྲུང་དུ་བཀོད་སའི་ཐང་ལ་བྱོན་ནས་འཁོར་བའི་སྡུག་བསྔལ་དང་མི་རྟག་པའི་བོན་གསུངས་ཏེ། རིན་པོ་ཆེའི་སྐུ་རྒྱན་དང་དར་ཟབ་ཀྱི་ན་བཟའ་རྣམས་ཕུད་ནས་ཕྱོགས་བཅུར་གཏོར། རང་བྱུང་མཆོད་རྟེན་བཞིའི་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བསིལ་བས་ཡེ་ཤེས་ ལྷའི་ཐུགས་རྗེས་གོས་དྲུག་རྫས་ལྔ་རྣམས་ཡས་མར་བབ་པ་བླངས་ནས་སྐུ་ལ་གསོལ་ཞིང་ཕྱག་གིས་བཞེས། དེའི་ཚེ་འཁོར་རྣམས་ཀྱིས་ཡུལ་མཁར་བཙུན་མོ་སྲས་ལོངས་སྤྱོད་འཁོར་དགོངས་དྲོ་ཁྲི་སྟན་ཤ་སྒོག་བཙོང་ཆང་རྣམས་རིམ་གྱིས་ཕུལ་ནས་བཞེས་པར་ཞུས་ཀྱང་མ་གནང་བར་ཕྱོགས་བཞིར་འཕུར་ཚུལ་བསྟན། སྐུ་ལུས་ལན་དྲུག་སྤྲུགས་པས་མཁའ་ལྡིང་ཤང་ཤང་དེའི་སྤྲུལ་ཏེ་འཁོར་གྱིས་བཟུང་བས་མ་ཐུབ་པར་བར་སྣང་སྟོང་པར་འཕུར་ནས་སྔར་འདས་པའི་སྟོན་པའི་སློབ་མ་དྲང་སྲོང་ལེགས་ལྡན་རྒྱལ་བའི་དྲུང་དུ་རབ་བྱུང་གི་བསྙེན་པ་ཡེ་ནས་རྫོགས་ཀྱང་དག་པ་དྲང་སྲོང་གི་ཕྱི་ཚུལ་ནང་ཁྲིམས་ནོད་ཚུལ་བསྟན། མཚན་ཡང་ཁྲི་གཙུག་རྒྱལ་བ་ཞེས་གསོལ། དེ་ནས་ཡས་མར་རིམ་གྱིས་བྱོན་ནས་བྱ་སྤྲེའུ་མི་གསུམ་གྱི་དཀའ་ཐུབ་ལོ་གསུམ་མཛད་ཅིང་ཉིན་མཚན་དུས་དྲུག་གི་དགེ་སྤྱོད་ཆག་མེད་མཛད། ཐུགས་རྒྱུད་ལ་དུག་ལྔ་གཏན་ནས་མེད་ཀྱང་བཅོམ་པའི་ཚུལ་མཛད་པས། དེའི་དུས་སུ་བདུད་ཁྱབ་པ་དང་བདུད་དམག་འབུམ་སྡེ་མང་པོས་གཤེན་རབ་ལ་བལྟ་ཉུལ་བྱས་པ་ལ་ཤིན་ཏུ་དད་པའི་སེམས་སྐྱེས་ནས་སྟོན་པའི་དྲུང་དུ་ལྷགས་ཏེ་ཕྱག་དང་བསྐོར་བ་བྱས་ནས་འཁོར་གྱི་ཐོག་མར་གྱུར་ཏོ།། སྟོན་པས་ལྷ་ཡི་བུའི་བདུད་སོགས་བཞི་དང༌། ཉོན་མོངས་དུག་ལྔའི་དགྲ་བཅོམ་པའི་ཡོན་ཏན་དེས་སྒྱུ་མ་གཟུགས་བརྙན་གྱི་བདུད་ཁྱབ་པ་རང་ཞི་ལ་སོང་སྟེ། མདོ་ལས། ཁྱབ་པ་ཉོན་མོངས་སྒྱུ་མ་གཟུགས་བརྙན་བདུད།། བདུད་བཞི་ཆོམ་པས་ཁྱབ་པ་རང་ཞིར་སོང༌།། ཞེས་སོ། དེ་ནས་གཤེན་རབ་ཀྱི་འཁོར་རྣམས་ཀྱང་འོལ་མོ་ལུང་རིང་ནས་སྟོན་པའི་དྲུང་དུ་འཁོད། གཤེན་འཁོར་དང་བདུད་སྲིན་ཐམས་ཅད་སྡེ་རིས་གཉིས་སུ་ཕྱེས་ནས་རབ་ཏུ་བྱུང་སྟེ་ཕོ་གླིང་མོ་གླིང་གཉིས་སུ་བཟུང་བའི་བར་དུ་གདན་སེང་གེའི་ཁྲི་ལ་བཞུགས་ནས་བོན་ཕྱི་ནང་གསང་གསུམ་གྱི་འཁོར་ལོ་བསྐོར་རོ།།

11     བཅུ་གཅིག་པ་འཁོར་སྤངས་དགོན་པ་མཛད་པ་ནི། འཁོར་རྣམས་ལ་དཔེར་བསྟན་ཕྱིར་གཡེང་བའི་འཁོར་སྤངས་ནས་ནགས་ཚལ་དགོན་པར་གཤེགས་ཏེ་མི་གཡོ་བསམ་གཏན་གླིང་དུ་བཞུགས། འདུས་པའི་འཁོར་རྣམས་སྡེ་བཞི་ཡ་བརྒྱད་དུ་ཕྱེས་ཏེ་ལྟ་སྤྱོད་ཟུང་དུ་འབྲེལ་པའི་བོན་སྒོ་ཟབ་མོ་བསྟན་ཅིང་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྦྱངས་ནས་ཐར་པ་ཆེན་པོ་འཐོབ་པར་མཛད་དོ།།

12    བཅུ་གཉིས་པ། མྱ་ངན་ལས་འདས་ཚུལ་བསྟན་པ་ནི། མདོ་ལས། རྟག་ཏུ་རེ་རྣམས་སུན་ཕྱུང་ཕྱིར།། ལན་གཅིག་མྱ་ངན་འདས་ཚུལ་བསྟན།། ཞེས་དང༌། མདོ་འདུས་ལས། འཛམ་བུའི་གླིང་དུ་མཛད་པ་རྫོགས།། རྟག་འཛིན་ཅན་གྱི་རིགས་རྣམས་ལ།། འཁོར་བ་མི་རྟག་ཚུལ་བསྟན་ཕྱིར།། བདག་ནི་ཡོངས་སུ་མྱ་ངན་འདའ།། ཞེས་པ་ལྟར། སྟོན་པ་མྱ་ངན་ལས་འདའ་མི་འདའ་རང་དབང་ཆེ་ནའང་སེམས་ཅན་རྣམས་ལ་དཔེར་བསྟན་པའི་ཕྱིར། སྐུ་ལ་སྙུན་བཞེས་ཚུལ་དང་མྱ་ངན་འདའ་ཚུལ་བསྟན་པ་སྟེ། དེ་དུས་ཁྲི་སྨོན་རྒྱལ་བཞེད་ཡང་ཕུག་དགོན་པར་ན་ནམ་གདན་ལ་བཞུགས་ནས་ཕྱོགས་མེད་བདུད་རྩིའི་གདམ་ངག་འདའ་ཁའི་ཞལ་ཆེམས་གྱིས་འཁོར་རྣམས་གདུལ་བའི་མྱ་ངན་སངས། སྲོད་ལ་བདུད་འཁོར་ལྷག་མ་དུང་ཕྱུར་བཏུལ། ཐོ་རངས་སྐྱ་རེངས་རྩེ་ལ་མྱ་ངན་ལས་འདས་ཏེ་ནམ་ལངས་པའི་ཉི་ཤར་ལ་ཡི་གེ་ཨ་དཀར་པོ་གཅིག་ཉི་མའི་འོད་བཞིན་དུ་སྟོང་གསུམ་ལ་ཁྱབ། སྐུ་གདུང་ཞུགས་ལ་བཞེན་པའི་གདུང་ཤ་རཱི་རམ་ཆེ་བ་བྱ་སྒོང༌། འབྲིང་བ་ལྕོ་གའི་སྒོ་ང༌། ཆུང་བ་སྲན་འབྲུ་ཉུངས་འབྲུ་ཙམ་སྟོང་རྩ་བརྒྱད་དེ་གྲོང་ཁྱེར་ཡངས་པ་ཅན་གྱི་ཁལ་གཅིག་དང་བྲེ་ལྔ། འཕྲུལ་ཡིག་བཞི་བཅུ། ཞི་རྒྱས་དབང་དྲག་གི་སྐུ་གཟུགས་འབུམ་ཕྲག་རྣམས་བྱོན་པ་རྣམས་ལྷ་ཀླུ་མི་གསུམ་གྱིས་སོ་སོའི་ཡུལ་དུ་དྲངས་ཏེ་མཆོད་རྟེན་ཉིས་བརྒྱ་བཅུ་གཉིས་བཞེངས་པའི་མང་དུ་བཞུགས་སུ་གསོལ་ནས་མཆོད་རྟེན་དུ་བྱས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།