རྒན་གྱའི་བྲག་དཀར།

རྒན་གྱའི་བྲག་དཀར།

རྩོམ་པ་པོ། རང་གྲོལ་རྩལ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས

༄༅།། རྒན་གྱའི་བྲག་དཀར་གྱི་དཀར་ཆག་གསང་བ་མཁའ་འགྲོའི་ལུང་བསྟན་བཞུགས་སོཿ

༄༅ ༔ ༔ ཡེ་གཞི་སྤྲོས་མེད་བོན་སྐུའི་ནམ་མཁའ་ལ༔ རང་བཞིན་མ་འགག་རྫོགས་སྐུའི་འོད་ཟེར་གསལ༔ སྣ་ཚོགས་མ་ངེས་སྤྲུལ་སྐུས་འགྲོ་བ་འདྲེན༔ སྐུ་གསུམ་རྒྱལ་བའི་ཚོགས་ལ་ཕྱག་འཚལ་ལོ༔ དུས་ཀྱི་མཐའ་མའི་ཞིག་སྤྲང་ནམ་མིང་བདག ༔ ནུབ་གཅིག་ཉལ་བའི་འོད་གསལ་སྣང་ཆ་ནི༔ བདག་གི་མདུན་དུ་མཁའ་འགྲོ་དཀར་མོ་ཞིག ༔ཐལ་ལེར་འབྱོན་ནས་བདག་ལ་འདི་སྐད་གསུངས༔ ལྔ་བརྒྱའི་འདུལ་དཔོན་རིག་འཛིན་ཐུགས་ཀྱི་སྲས༔ སྐལ་ལྡན་རྣལ་འབྱོར་ཨེ་མ་ཚུར་གསོན་དང་༔ ཁོ་མོ་བདག་ནི་ཅོ་བཟའི་གསུང་ལས་སྤྲུལ༔ ཨ་མདོ་ཡུལ་དུ་ཞིག་མོ་འོད་འབར་ཞེས༔ རོ་སྙོམ་སྤྱོད་པ་སྤྲང་པོའི་ཚུལ་དུ་སྐྱོང་༔ འདི་ནས་བྱང་ཤར་མ་རྒྱུད་མཁའ་འགྲོའི་གནས༔

བྲག་དཀར་རིན་ཆེན་སྤུངས་པའི་རི་ཡི་མགུལ༔ རིག་འཛིན་མཁའ་འགྲོའི་ཚོགས་ཀྱི་མདུན་གྲལ་དུ༔ ཁྱེད་ཉིད་བསུ་བར་ཁོ་མོ་འདི་རུ་ཡོང་༔ ཞེས་གསུང་མཁའ་འགྲོའི་ཕྱག་གིས་བརྡ་མཛད་དེ༔ བྱང་ཤར་ཕྱོགས་སུ་ཐལ་ལེར་འཕུར་ནས་སོང་༔ བདག་ཀྱང་མཁའ་འགྲོའི་རྗེས་སུ་བསྙེག་འདོད་པས༔ འདི་ཡིན་མེད་པར་སྐད་ཅིག་མཁའ་ལ་བཀྱག༔ ཡུད་ཙམ་ཞིག་ནས་རེབ་གོང་ཤར་ཕྱོགས་ཀྱི༔ རྒན་གྱའི་བྲག་དཀར་མདུན་དུ་བསླེབས་ཙམ་ན༔ སྐད་ཅིག་གནས་འགྱུར་གཞལ་ཡས་ཕོ་བྲང་ཆེ༔ གྲུ་བཞི་སྒོ་བཞི་གཡུ་ཡི་ཁ་བད་ཅན༔ བྱུ་རུའི་ཟར་ཚགས་ཕྱོགས་བཞིར་ཆུ་སྲིན་མགོ༔ དེའི་སྟེང་བུམ་པ་བྲེ་འཁོར་བྱ་གྲི་ཅན༔ ངོ་མཚར་བསམ་ལས་འདས་པ་གཅིག་ཏུ་གྱུར༔ ནང་དུ་བལྟས་པས་རིག་འཛིན་མཁའ་འགྲོའི་ཚོགས༔ གྲངས་ལས་འདས་པར་ཨང་ར་སྒོམ་ཐག་གསོལ༔ ཌ་སིལ་དཀྲོལ་ཞིང་ཉམས་ཀྱི་མགུར་དབྱངས་གསུང་༔ དེ་ཡི་མཐའ་ལ་ཕྱག་རྒྱའི་མཁའ་འགྲོ་རྣམས༔ གཅེར་མོ་རུས་རྒྱན་བྲོ་རྡུང་གླུ་དབྱངས་ལེན༔ བདག་ཀྱང་སྤྲོ་དགའི་སྣང་བ་དང་བཅས་ཏེ༔གཞལ་ཡས་ཤར་སྒོ་བརྒྱུད་ནས་ཡར་སོང་བས༔ ཚོགས་གྲལ་དབུས་ནས་མཁའ་འགྲོ་སེར་མོ་ཞིག༔ དལ་གྱིས་བཞེངས་ནས་བདག་ལ་འདི་སྐད་གསུང་༔

ཀྱེ་ཧོ་རིགས་དང་ལྡན་པའི་སྐལ་ལྡན་བུ༔ འདིར་ཚོགས་བྲུ་ཤའི་རིག་འཛིན་མཁའ་འགྲོ་སྟེ༔ ང་ནི་བྲུ་ཤ་མཁའ་འགྲོ་མདངས་ལེན་མ༔ གསང་མཚན་གཡུང་དྲུང་དཔལ་གྱི་དབང་མོ་ཞེས༔ དོ་མོད་རྣལ་འབྱོར་ཁྱེད་དང་འཕྲད་པ་ནི༔སྔོན་ཚེ་ཞང་ཞུང་ཁ་ཡུག་སྐྱེད་ཚལ་དུ༔ རིག་འཛིན་མཁའ་འགྲོས་ཚོགས་འཁོར་བསྐོར་བའི་དུས༔ དམ་ཚིག་གདན་གཅིག་འབྲེལ་བའི་གཡུང་དྲུང་མཆེད༔ དོ་མོད་གནས་འདིར་ཚོགས་ཀྱི་མགྲོན་དུ་བོས༔ དབུས་ཀྱི་ཚོགས་དཔོན་བྲུ་ཤའི་རིག་འཛིན་ཆེ༔ གཡུང་དྲུང་བློ་གསལ་མགར་བ་པྲ་ཏི་ཤོ༔ ཚོགས་འཁོར་བསྐོར་ཞིང་དངོས་གྲུབ་ཁྱེད་ལ་སྦྱིན༔ གསུང་ནས་ཐོད་ཞལ་བདུད་རྩིས་བཀང་བ་བཏེགས༔ བདག་གི་གནས་གསུམ་བཞག་ནས་དབང་ཡང་མཛད༔ བདུད་རྩི་ལྕེ་རུ་བླུགས་ནས་འདི་སྐད་གསུང་༔ རིག་འཛིན་བུ་ཁྱོད་སྣོད་ལྡན་སྐལ་བ་ཅན༔ འཁོར་འདས་སྣང་ཆ་བྱང་ཆུབ་སེམས་ཀྱི་འཁྲུལ༔ ཟག་བྲལ་གཤིས་ལུགས་ཡུམ་ཆེན་མཁའ་ཡི་དབྱིངས༔ མྱོང་གྲོལ་བདུད་རྩི་བདེ་ཆེན་ཡེ་ཤེས་མཆོག༔ འདི་མྱོང་སྐལ་ལྡན་རང་རིག་གདེང་ཐོབ་འགྱུར༔ ཅེས་གསུང་གླེགས་བམ་སྔོན་པོ་ཧཱུྃ༔གི་རིས༔ བདག་གི་ལག་ཏུ་གཏད་ནས་འདི་སྐད་གསུང་༔ སྐལ་ལྡན་ལས་དག་ས་ཐོབ་རིག་པ་འཛིན༔ཁྱོད་ཉིད་ཁོ་མོའི་གསུང་ལ་རྩེ་གཅིག་ཉོན༔

སྔོན་ཚེ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི༔ རྩ་གསུམ་གནས་ནས་མ་རྒྱུད་བོན་སྐལ་བླངས༔ རྒྱལ་མཁར་གནས་སུ་སྒོམ་ཡུན་ལྔ་བཅུ་གསུམ༔ སྒོམ་པའི་རྟགས་སུ་རྒྱལ་ཁམས་འོད་དུ་གྱུར༔ རྒྱུད་ཀྱི་རྒྱལ་པོ་གཞི་ལམ་འབྲས་གསུམ་གསུངས༔ གསང་སྔགས་ཉིང་ཁུ་མ་རྒྱུད་གསང་བའི་བོན༔ སུམ་བརྒྱ་དྲུག་ཅུ་དཀྱིལ་འཁོར་རྫོགས་པའི་ལྷ༔ མཁའ་ལ་ཆུ་ཟླའི་སྣང་གཟུགས་ལྟ་བུར་ཤར༔ བྱིན་རླབས་འོད་ཟེར་ལྷོ་རྒྱལ་གླིང་ཀུན་ཁྱབ༔ གསང་བའི་གནས་མཆོག་རྒན་གྱའི་བྲག་དཀར་འདི༔ ཕྱི་ལྟར་རི་བོ་རིན་ཆེན་འབར་བ་ལ༔ནང་དུ་མཁའ་འགྲོའི་ཚོགས་ར་ངོ་མཚར་ཅན༔ དུར་ཁྲོད་འཇིགས་པའི་བཀོད་པ་ཁྱད་འཕགས་ལ༔ སུམ་བརྒྱ་དྲུག་ཅུའི་ལྷ་ཚོགས་རང་བྱོན་དང་༔ མཁའ་འགྲོ་ཡུམ་གྱི་གསང་མཚལ་བདུད་རྩི་འབབ༔ ཁ་ལ་རག་ཙམ་རིག་པའི་ཡེ་ཤེས་གསལ༔ དྲེགས་འདུལ་དབལ་བོན་བརྒྱད་ཀྱི་ཞབས་རྗེས་དང་༔ འབྲུག་ཁྱུང་སེང་གེ་རང་བྱོན་འབུར་དོད་ཡོད༔ དབུས་སུ་གསང་མཆོག་ཡབ་ཡུམ་འཁྲིལ་སྦྱོར་ཚུལ༔ རིན་ཆེན་མུ་མེན་ལས་གྲུབ་འདོམ་གང་ཚད༔ དུས་བཟང་རྣམས་སུ་སྦྱོར་མཚམས་བྱང་སེམས་འབབ༔ གསོལ་བཏབ་སྨོན་ལམ་དབང་བཞི་རྒྱུད་ལ་སྨིན༔ སྒོ་ཡི་གཡས་མདུན་མ་རྒྱུད་གསང་འཛབ་དང་༔ མཁའ་འགྲོའི་ཐུགས་འཛབ་ཀི་ཡིག་རང་བྱོན་ཡོད༔ སྟག་གཡག་སེང་གསུམ་གཟུགས་བརྙན་འབུར་དོད་དང་༔ ཨ་ཨཱོྃ་ཧཱུྃ༔དང་དུར་ཁྲོད་བམ་ཚོགས་བཅས༔ ངོ་མཚར་ཡ་མཚན་ས་ལེར་གསལ་བ་ཡོད༔ ནང་ལྟར་ཚོགས་ཁང་རྒྱ་ཆེན་ཡངས་པ་ལ༔ རྒྱ་གར་རྒྱ་ནག་བྲུ་ཤའི་རིག་འཛིན་ཚོགས༔ དུས་བཟང་ཀུན་དུ་རེས་ཀྱི་ཚོགས་འཁོར་བསྐོར༔ དེ་ཡི་ཤར་ཕྱོགས་ངོ་མཚར་ནེའུ་ཐང་ལ༔ འཕྲུལ་ཡིག་སུམ་ཅུ་དབྱངས་བཞི་གསལ་བ་ལ༔ རྩེ་ཞིག་སྟོང་ཉིད་བྱ་འཕུར་ཆེན་པོ་ཡི༔ གྲུབ་པའི་འདུས་སྡེ་བརྒྱ་ཡི་གྲངས་ལྡན་ཡོད༔མི་རབས་ཉེར་གཅིག་བསྟན་པ་རྒྱས་པར་འབྱུང་༔ ག་ལྗང་གཡུ་ཡི་དུང་དཀར་གཡས་འཁྱིལ་དང་༔ ཀུན་བཟང་སྐུ་གཟུགས་ཤེལ་དཀར་མཐོང་གྲོལ་སོགས༔ མཇལ་དང་རེག་ཚད་གྲོལ་བའི་རྟེན་མཆོག་ཡོད༔ སྒྲུབ་སྡེའི་དབུས་སུ་ཕ་བོང་གཡུ་ཡི་མདོག༔ གཤེན་ལྷའི་ཐུགས་འཛབ་ཨ་དཀར་གསལ་བ་ཡོད༔

མཚན་ཡང་རྩེ་དབུས་ཨ་དཀར་འོད་འབར་གྲགས༔ དེ་འོག་སྔགས་གཤེན་བླ་རབས་བཅོ་བརྒྱད་དུ༔ སྔགས་སྡེ་ཆེན་པོ་སུམ་བརྒྱའི་གྲངས་ལྡན་འཕེལ༔ འདི་ནས་མ་འོངས་ལྔ་བཅུ་གསུམ་གྱི་དུས༔ ལྕེ་ཚའི་རྣམ་རོལ་འོད་ཀྱི་མཚན་གསོལ་བ༔ དེ་དུས་འདུས་སྡེ་སུམ་བརྒྱའི་གྲངས་སུ་འབྱུང་༔ འདི་ལྟར་དཀར་ཆག་དོན་འདུས་ཟབ་མོའི་ལུང་༔ དུས་བབས་སྐལ་ལྡན་ཐུགས་གསང་མཛོད་ནས་ཁྲོལ༔ འཕྲིན་ལས་འགྲོ་དོན་རྒྱས་པ་ཌཱཀྐིའི་རྒྱ༔ ཞེས་གསུང་ཚོགས་ཞིང་ཌཱཀྐི་རང་ཡལ་ངང་༔ བདག་ཀྱང་རང་མལ་ལུས་སེམས་བདེ་བར་གནས༔ འདི་ལྟར་དཀར་ཆག་དོན་འདུས་ངེས་པའི་ལུང་༔ རྒྱལ་བསྟན་རྒྱས་སྤེལ་འཕྲིན་ལས་ཡོངས་ཁྱབ་ནས༔ དོན་གཉིས་གེགས་མེད་འགྲུབ་པའི་རྒྱུར་གྱུར་ཅིག༔

ཅེས་རྒན་གྱའི་བྲག་དཀར་གསང་གནས་ཀྱི་དཀར་ཆག་འདི་ཡང་དད་ལྡན་འགའི་དངོས་གྲུབ་ཀྱི་རྟེན་དུ་རང་གྲོལ་རྩལ་གྱིས་དག་པའི་ཉམས་སྣང་ཇི་བཞིན་ཕབས་པའོ། །དགེའོ། །བཀྲ་ཤིས།

རྒན་གྱའི་བྲག་དཀར་གསང་གནས་ཀྱི་དཀར་ཆག་འདི་༼ལུང་རིགས་རྒྱ་མཚོའི་འཕྲིན་སྟེགས༽ལས་བཤུས་པའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།