འཕན་ཆུ་བབ་བཟོ་སྟོད་པའི་བྱུང་བ་ མདོ་ཙམ་བརྗོད་པ།

རྩོམ་པ་པོ། འཕན་འོ་མཚོ།  རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

དེ་ཡང་བོད་མདོ་དབུས་ཁམས་གསུམ་གྱི་ནང་ཚན་མདོ་ཁམས་ས་ཡི་ཐིག་ལེ་ཤར་ཕྱོགས་རྒྱ་སྟོང་ཁུན་ཙི་ན་དང་ཉེ་བའི་ཡུལ་གྲུ་རོང་འཕན་ཆུ་ཤོག་བདུན་དུ་གྲགས་པ་ལས་འཕན་ཆུ་བབ་བཟོ་སྟོད་པའི་ཤོག་ཀ་འདི་ནི། དེང་གི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཁོངས་སུ་གཏོགས། རྫོང་ནས་ཤར་དུ་སྤྱི་ལེ་བརྒྱད་ཅུ་ཙམ་གྱི་ནགས་ཀློང་སྟུག་པོའི་ཁྲོད་ཀྱི་ནེའུ་གསེང་སྔོན་མོའི་ཚལ་དེར་ཡུལ་ཚོའི་སྲིད་གཞུང་གི་ལྟེ་བ་ཆགས་ཡོད། མཚོ་ངོས་ལས་འཕགས་ཚད་སྨི་༣༠༤༦ཡིན། ཡུལ་ཚོ་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་སྨི་གྲུ་བཞི་མ་ཁྲི་༦·༧༣ཙམ་ཟིན་ཡོད། སྤྱི་ལོ༢༠༡༠ལོར་ཞིབ་དཔྱོད་བྱས་པ་ལྟར་ན་ཡུལ་ཚོ་འདིར་མི་གྲངས་༣༤༡༡དང་དུད་ཁྱིམ་༧༥༡ཙམ་ཡོད་པ་རེད། ( སྐབས་དེར་ས་ཁྱོན་དང་མི་གྲངས་དུད་ཁྱིམ་སོགས་ཀྱི་གྲངས་ཚོད་ལ་བབ་བཟོ་སྟོད་སྨད་ཉིས་ཀ་འདུས་ཡོད)མང་ཚོགས་ཀྱིས་དད་མོས་གནང་ཡུལ་གྱི་ཆོས་ལུགས་ནི་གདོད་མའི་བོད་ཀྱི་རང་ལུགས་ཞྭ་དཀར་གཡུང་དྲུང་བོན་ལུགས་ཡིན། དེང་སང་ལྟར་ན་ཡུལ་འདིར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མདའ་ཆེན་དགོན་དང་ཉམས་དགའི་དབེན་གནས་དཀར་མོ་རི་ཁྲོད། གསར་དུ་བཏབ་པའི་འདོད་དགུ་གཡུང་དྲུང་ཇོ་མོ་དགོན་བཅས་ཡོད། དེ་མིན་སྐྱང་འོག་མ་ཚང་དང་ཤེལ་ཕུག་བླ་བྲང་སོགས་ནང་ཆེན་དང་བླ་བྲང་རེ་ཟུང་ཡང་ཡོད།
རོང་འབྲོག་ཉིས་འཛོམས་བབ་བཟོའི་ཡུལ་ལྗོངས་ཀྱི་ཕྱིའི་རྣམ་པ་ནི། ལུང་རྒྱུད་ཀྱི་མགོ་ཁུངས་ལྷོ་ཤར་དུ་ཕྱོགས་ཡོད་ལ་ལུང་ཁོག་གི་མདོ་བྱང་དུ་གཏད་ཡོད། རོང་ཕྱོགས་སུ་སྟོད་ན་གངས་རི་དང་བྲག་རི་རྫ་རི་སོགས་ཚར་དངར་བརྗིད་ཆགས་ཀྱི་རི་བོ་དགུང་དུ་བསྙེགས་ལ། བར་ན་ནགས་རི་དང་སྤང་རི་ཀུན་ལ་གཡུ་ཤུག་དང་གསོམ་སྡོང་སྦྱར་སྡོང་། སྟག་པ་སྟག་མ། སུར་དཀར་སུར་ནག ལྕང་མ་གླང་མ་ལ་སོགས་ལྗོན་ཤིང་རྐང་འཐུང་གི་རིགས་མི་འདྲ་བའི་ཕྲ་རགས་གྲངས་ལས་འདས་པ་ཚང་ཚིང་དུ་འཁྲིགས་ཡོད། དེར་སྟག་གཟིག་དོམ་དྲེད། འཕར་སྤྱང་ཝ་སྲམ། ཤ་བ་གླ་བ་རྒོ་བ་སོགས་རྒྱལ་ཁབ་རིམ་པས་སྲུང་སྐྱོབ་གནང་བའི་རི་སྐྱེས་རི་དྭགས་དང་རྒོད་དང་ཁྲ་གླག ཁུ་བྱུག་འཇོལ་མོ་སོགས་འདབ་ཆགས་བྱ་རིགས་སོགས་གྲངས་ཀྱིས་མི་ལོངས། བབ་བཟོའི་ནགས་ཚལ་ནི་རྔ་ཁུལ་གྱིས་སྲུང་སྐྱོབ་གནང་བའི་གདོད་མའི་ནགས་ཚལ་གཅིག་པུ་ཡིན་ལ། རྒྱལ་ཡོངས་ཀྱི་ནགས་ཚལ་ཆེས་ཆེ་བའི་ཡུལ་ཚོ་ལྔ་ཡི་ཡ་གྱལ་ཡང་ཡིན། ཞིང་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༡༦༧·༠༣ཟིན་ཡོད། དེར་ནས་དང་གྲོ་སྲན། ཡུང་མ་དང་ཞོག་ཁོག་ཚོད་མ་སོགས་ཕུན་སུམ་ཚོགས་པའི་འབྲས་བཟང་གཡུར་དུ་ཟ། འབྲོག་ཕྱོགས་སུ་རི་སྒང་དམའ་ལ་རྩྭ་ཐང་ཡངས། དེའི་ཀླུང་ཤོད་དང་རི་ལུང་ཡོངས་སུ་རྟ་ནོར་ལུག་གསུམ་སོགས་སྐར་ཚོགས་ས་ལ་བཀྲམས་པ་ལྟར་འཚོ་སྐྱོང་གནང་ཡོད། དེ་མིན་དབྱར་རྩྭ་དགུན་འབུ་དང་ཨ་བྷི་ཥ། ལྕུམ་དང་ཤོ་མང་སོགས་རྩ་ཆེན་སྨན་རྩྭའི་རིགས། སེར་ཆེན་གངས་རྒྱན། ཨུ་དཔལ་སྤང་རྒྱན་སོགས་དྲི་བསུང་མེ་ཏོག་གིས་རི་ལུང་ཐང་གསུམ་ཀུན་ནས་བརྒྱན་ཡོད།
ལྷུང་ལྷུང་དུ་འབབ་པའི་རོང་ཕྱོགས་ཀྱི་འཕན་ཆུ་སྔོན་མོ་འབྲུག་དཀར་གཙང་བོ་བརྒྱུད་དེ་འབྲི་ཆུར་འབབ་ཅིང་། དལ་འཁྱུག་ཏུ་རྒྱུ་བའི་འབྲོག་ཕྱོགས་ཀྱི་རེ་ཆུ་ཁམ་པ་དམེ་ཆུ་དང་འདྲེས་ཏེ་རྨ་ཆུར་འབབ་པའི་བཞུར་རྒྱུན་གཉིས་ཀྱི་མགོ་ཁོངས་སུ་གཞིས་ཆགས་ཡོད། ཤར་མཐའ་མི་ཡུལ་གྱི་དག་ཞིང་ཞེས་མིང་དུ་གྲགས་པའི་གཟི་ཚ་སྡེ་དགུ་དང་ཀླུ་སྔོན་གསེར་མཚོ་དག་དང་རི་རྒྱུད་གཅིག་གི་མདུན་རྒྱབ་ཡིན། ཤར་ལྷོར་ཟུང་ཆུའི་ཤར་དུང་རི་དང་གནས་ཆེན་བྱ་དུར་མཁའ་ཡག་མཁའ་ལུང་སོགས་དང་ཉེ་ཞིང་། ལྷོ་ནུབ་དམུ་དགེ་དང་ཁྱུང་ཆུ། ནུབ་བྱང་ཆོས་རྗེ་ནང་བ་དང་གླིང་གི་ལྕང་སྡོང་ཁ། དཔལ་སྐྱིད་དང་རྒྱ་རྗེ་ཡུལ་ཚོ་བཅས་ལ་འདབས་འབྲེལ་ནས་ཡོད།
ཤར་བ་སོགས་ཉེ་འཁོར་གྱི་ཡུལ་མི་ཚོས་འཕན་ཆུ་བབ་བཟོ་ལ་འཕན་ཆུ་བོག་ཟོ་ཞེས་འབོད། འཕན་ཆུ་ཞེས་པ་ནི་ཡུལ་དེའི་ལྷོ་ནས་བྱང་དུ་འབབ་པའི་འཕན་ཆུའི་བཞུར་རྒྱུན་གྱི་ངོགས་སུ་གཞིས་ཆགས་པས་ཆུ་བོའི་མིང་ཡུལ་ལ་བཏགས་པ་ཙམ་དུ་སྣང་། སྤྱིར་འཕན་ཟེར་བའི་ཐ་སྙད་འདི་འཕན་དར་དང་འཕན་ལྕེ་ཀ་འཕན་སོགས་དར་ཆའི་རིགས་དང་། ཕྱུག་པོ་དང་ཆེན་པོ་ཡངས་བ་སོགས་ལ་འཇུག་པ། དེ་མིན་འཕན་ཡུལ་དང་འཕན་མྱི་ཞེས་དབུས་གཙང་ཕྱོགས་ཀྱི་ཡུལ་དང་རུས་རིགས་གང་ལ་འཇུག་པའང་ཡོད། བོད་བཙན་པོའི་སྐབས་སུ་བློན་ཆེན་འཕན་བློ་གྲོས་སོགས་ཀྱིས་ཐང་དང་ཐེངས་འགའ་འཐབ་སྟེ་མཐའ་མཚམས་ཀྱི་བོད་ལུང་དྲུག་དག་ལ་མངའ་བསྒྱུར་མཛད་བས། དེ་དག་དང་འབྲེལ་བ་ཡོད་མེད་ཁ་ཚོན་གཅོད་དཀའ་མོད། ཡོན་རྒྱལ་རབས་元朝ཀྱི་བར་སྐབས་ཞིག་ལ་དེང་སང་ཨ་ཞ་སྡེ་བའི་འདབས་དེར“འཕན་ཀྲུའུ” 潘州ཞེས་རྒྱ་རིགས་ཀྱིས་སྲིད་འཛིན་བཙུགས་པས་མཁར་ཤུལ་སོགས་ད་ལྟའང་མཇལ་དུ་ཡོད། སྐབས་དེ་དུས་ཤིག་ནས་འཕན་ཞེས་པའི་སྒྲ་འདི་ཡུལ་མིང་ལ་བཏགས་པར་གསལ། འགྲིམ་འགྲུལ་སོགས་ཀྱི་རྐྱེན་གྱིས་ཕྱིས་སུ་“འཕན་ཀྲུའུ”ཡི་སྲིད་འཛིན་ལས་ཁུངས་ཟུང་ཆུ་མཁར་གྱི་“ཟུང་ཀྲུའུ”松州ལ་གནས་སྤོས་ནས་སྲིད་འཛིན་ལས་ཁུངས་དེ་གཉིས་གཞི་གཅིག་ཏུ་བཟུང་སྟེ“ཟུང་འཕན”松潘ཞེས་ཐུན་མོང་གི་མིང་དུ་ཆགས་པ་རེད།
ཡང་དེང་དུས་ཀུན་གྱིས་འབྲི་བཞིན་པའི་བབ་བཟོ་ཞེས་པ་འདི་ལ་ཡུལ་མི་རང་གིས་འབོད་པའི་སྒྲ་གདངས་ལྟར་ན་བོའུ་སོ་ཞེས་སྒྲ་ཐོན་པ་ལས་མདོ་སྨད་ཆོས་འབྱུང་ནང་བཀོད་པའི་པཱོ་བཟོ་དང་ཉེ་འཁོར་མིས་འབོད་པའི་བོག་ཟོ་སོགས་ཀྱི་སྒྲ་ཟུར་དང་ཅུང་མི་འདྲ་བ་རེད། ཡུལ་ཚོ་འདིར་བབ་བཟོ་ཚོ་བ་ཟེར་བའི་ཁྱིམ་རྒྱུད་བཅུ་གྲངས་ཤིག་ཡོད་པ་ལ་བསམས་ན། བབ་བཟོ་ཞེས་པའི་གནའ་བོད་མི་རིགས་ཀྱི་རུས་རྒྱུད་ཅིག་གི་མིང་དེ་ཕར་ཡུལ་ལ་ཟུར་ཆག་པ་ཡིན་ཡང་སྲིད། ཡང་ཡུལ་འདིའི་རྒན་རབས་པའི་ངག་རྒྱུན་ལྟར་ན། བོའུ་འམ་མེ་མདའ་ཁོག་ལྟར་དྲང་བའི་ལུང་བའི་ཕུའམ་སོ་རུ་གཞིས་ཆགས་པས་བོའུ་སོ་ཞེས་ཐོབ་པར་བཞེད། ཐོག་མའི་རུ་སྡེ་ཆགས་པའི་ས་དབྱིབས་ལ་བརྟེན་ནས་མིང་དེ་ཐོགས་པ་དང་། རིམ་གྱིས་ཡུལ་མིང་ཚོ་མིང་ལ་ཆགས་པར་འདྲ། དེ་ཡང་གང་ལགས་ཤེ་ན་ཡུལ་འདིར་གཞིས་ཆགས་ཀྱི་ཐོག་མ་དེ་དབུས་ཕྱོགས་ནས་ཡོང་བའི་རྩི་ནག་བུ་རྒྱུད་ཟེར་བའི་ཁྱིམ་རྒྱུད་རེ་གཉིས་(ལ་ལས་ཁྱོ་ཤུག་ཟུང་ཡང་བཞེད)ལས་གྲོལ་བར་བཤད། རྩི་ནག་ཟེར་བ་དེ་རུས་རྒྱུད་ཅིག་ལ་གོ་དགོས་སྙམ། མདོ་སྨད་ཞིག་པོ་བཅོ་བརྒྱད་ཀྱི་རུས་རྒྱུད་ནང་ནས་རྩི་ཞིག་དང་ནག་ཞིག་ཟེར་བའི་རུས་རིགས་དེ་དག་ལས་མཆེད་པར་ངེས། ཁྱིམ་ཚང་དེ་སྦྲ་དགེ་ཕུའི་རྡོ་ཆགས་རིང་མོ་ཟེར་བའི་ལུང་བའི་ཕུག་ཅིག་ལ་གཞིས་ཆགས་པའི་ངག་རྒྱུན་གྱི་ཚུལ་ལ་དཔྱོད་ན་བོའུ་སོ་ཞེས་འབོད་པ་ལའང་རྒྱུ་མཚན་དང་དགོས་པ་ལོས་ཡོད་སྙམ། དེ་ལྟར་རུས་མིང་ཡུལ་ལ་ཆགས་པ་དང་ཡུལ་མིང་ཚོ་མིང་ལ་ཐོབ་པ་གང་ཡིན་གསལ་ཁ་འབྱེད་པར་དཀའ་བས་རེ་ཞིག་དཔྱོད་པའི་ཚུལ་དུ་གཏང་སྙོམས་སུ་བཞག་ཡོད།
བབ་བཟོ་ཡུལ་འདིར་གནའ་སྔ་མོ་ཞིག་ནས་བོད་མིའི་འགྲོ་བ་ཡོད་ཚུལ་ནི། གྲི་གུམ་བཙན་པོས་བོན་སྣུབ་པའི་སྐབས་དེར། བོད་དབུས་གཙང་གི་ས་ཁུལ་ནས་བོན་བསྣུབས་ཏེ་བོན་གཤེན་རྣམས་མཐར་གནས་སྤྱུགས་བཏང་བའི་ཚེ། གཤེན་གྱིམ་བུ་ལན་ཚ་སོགས་གྲུབ་ཆེན་རེ་འགའ་མདོ་སྨད་འཕན་ཆུའི་སྣང་རྩེ་བྲག་དཀར་སོགས་སུ་བྱོན་ནས་བོན་གཏེར་སྦས་པའི་རྣམ་པ་《 མཛོད་དགེའི་བོན་དགོན་སྤྱིའི་བྱུང་བ》དང་《 ལོ་རྒྱུས་རིག་པའི་ལྡེ་མིག》སོགས་ལས་གསལ། ཡང་གཞུང་དེ་དག་ལས། “མཁན་ཆེན་ཉི་མའི་བསྟན་རྩིས་ལྟར་ན་ད་ལྟའི་རབ་གནས་བཅུ་བདུན་པའི་ས་སྟག་ལོ་སྟེ་སྤྱི་ལོ( ༡༩༩༨)ལོའི་ཡན་ལ་མི་ལོ་ཉིས་སྟོང་དྲུག་བརྒྱ་དོན་དགུ” ཞེས་གསུངས་པ་ལྟར་དང་། དུས་དེ་ཙམ་ན་ཡུལ་འདིར་བོན་ཉམས་སུ་ལེན་པའི་བོན་གཤེན་སྔགས་འཆང་རེ་འགའ་དང་བོན་ལ་མོས་འདུན་བྱེད་པའི་མི་སེར་ཡང་རེ་ཟུང་ཡོད་ཅེས་བཤད་པ་ལ་གཞིགས་ན། གནའ་སྔ་མོ་བོད་བཙན་པོའི་རྒྱལ་ཁབ་མ་ཚུགས་གོང་ནས་ས་གནས་འདིར་བོད་མིའི་ཚོ་བ་ཞིག་ཆགས་ཡོད་པར་གཏན་ཁེལ་བྱས་ཡོད།
ཕྱིས་སུ་སྦྲ་དགེ་ཕུའི་རྩི་ནག་བུ་རྒྱུད་ཀྱི་ཁྱིམ་རྒྱུད་ཚོ་བ་དེ་ཇེ་ཆེར་སོང་སྟེ་ཁྱིམ་ཚང་བརྒྱད་ཅུར་ལོངས་རབ་བཤད། དུས་དེ་ཙམ་ཞིག་ནས་ཚོ་བ་དེའི་མིང་ལ་སྟག་སྡེ་ཞེས་པ་དང་དགོན་སྟག་སྣང་ཟེར་བའི་དགོན་པ་ཞིག་ཀྱང་ཡོད་པར་བཤད། ལུང་བ་དེར་ས་ཁོག་ཆུང་ཞིང་ཁོར་ཡུག་དོག་པས་རེ་ཞིག་ནས་སྟག་སྡེ་ཁ་འཐོར་དུ་འགྲོ་དགོས་བྱུང་། མི་རེ་གཉིས་དང་དུད་ཁྱིམ་རེ་འགའ་ཁྱུ་བྱས་ཏེ་རང་མོས་རང་འདོད་ཀྱིས་ས་གཤིས་ལེགས་ས་དང་ས་རྟགས་འཛོམས་སར་གནས་གཞིས་གསར་དུ་སྤོས། རེ་འགའ་ཉེ་འཁོར་གྱི་འ་ཞ་སྡེ་བ་དང་འབྲུ་སྡེ་སོགས་གཞན་ཚོ་བ་དག་ལ་འདྲེས་པར་སྣང་།
ཡང་ཡུལ་འདི་རྒྱ་དང་ཁ་ཐག་ཤིན་ཏུ་ཉེ་བས་དུས་རབས་བདུན་པའི་ཡས་མས་སུ་རྒྱ་བོད་ལན་འགའ་དམག་འཁྲུག་བྱུང་བའི་སྐབས་དེར་རྒྱ་ཡིས་རེ་ཞིག་བདག་བཟུང་བྱས་ཡོད་པར་གསལ་ལ།《 ཐང་ཡིག་གསར་མ》ལས་“ སོ་ཁ་སྲུང་ཞིང་བྱ་ར་བྱས། ས་རྒོད་བསློགས་ཏེ་སོ་ནམ་བྱས་པས་བོད་དམག་གི་ཇུས་ལ་ཕམ་ཉེས་ཅུང་ཟད་བྱུང” ཞེས་བསྟན་པའི་ཡུལ་དེ་འདི་ཕྱོགས་ལ་ཟེར་བ་ཡིན་སྙམ། བབ་བཟོ་སྟོད་པའི་རོང་ཕྱོགས་ཀྱི་ས་གཤིས་བདེ་ས་དང་རི་འདབས་ཡངས་ས་ཀུན་ལ་དེང་སང་མཐོང་རྒྱུ་འདུག་པའི་ཐེམ་ཞིང་མང་ཞིང་གྲོང་ཤུལ་སོགས་རེ་གཉིས་ཡོད། གོང་སྨྲས་ལྟར་ཡོན་རྒྱལ་རབས་དུས་སྐབས་སུ་དེང་གི་ཆོས་རྗེ་འ་ཞའི་སྡེ་འདབས་སུ“ འཕན་ཀྲུའུ”ཞེས་སྲིད་འཛིན་རྟེན་གནས་བཙུགས་པ་དང་། རྒྱ་དུར་ཁ་དང་རྒྱ་དུར་ཐང་ཞེས་ས་གཤིས་བཟང་སར་རྒྱ་ཡིས་དུར་ས་བཏབ་པས་ས་མིང་དུ་ཆགས་པ་དང་། རེ་གསར་རྒྱ་དྲག་དང་ལྕང་ཅོག་རྒྱ་རུབ་(ཕྲུག)སོགས་དཔེའི་སྒོ་ནས་བཏགས་པ། པཱ་ཅང་八轿 སྡོང་རྩ་ལྟ་བུ་རྒྱ་སྐད་ཀྱི་སྒྲ་ཟུར་ཆགས་པའི་སྒོ་ནས་བཏགས་པ་སོགས་ཐ་སྙད་མང་། དེ་མིན་རྒྱ་མིས་བརྐོས་པའི་འོབས་ཆེན་པོ་ཞིག་ཡོད་པ་དེ་ལ་རྒྱ་འོབས་དང་རྒྱ་མིས་བཅད་པའི་རི་མགོ་སོགས་ད་ལྟའང་མཐོང་དུ་ཡོད།
གནའ་མི་ཚོའི་ངག་རྒྱུན་ལ་“ ཕྱི་སྡེ་བ་དང་ནང་ཚོ་བ” ཞེས་པ་ལྟར་ན་ཡུལ་འདིར་ཕྱི་དགྲ་ལ་འཐབ་ན་ལྕགས་རི་ལྟར་དམ་པའི་སྡེ་བའི་ནང་མཐུན་སྒྲིལ་གྱི་ཨ་ལོང་ཞོ་ལྟར་ཆགས་པའི་ཚོ་བའམ་ཁྱིམ་རྒྱུད་འགའ་རེ་ཡོད་དེ། དཔེར་ན་འ་ཞ་ཚོ་བ་དང་ན་བབ་ཚོ་བ། ཉག་ཉི་ཚོ་བ་དང་ཞང་རུས་ཚོ་བ། དཔལ་རྩེ་ཚོ་བ་དང་རྔོག་རབ་ཚོ་བ། སྒ་སྐོར་ཚོ་བ་དང་ཐང་སྐོར་ཚོ་བ། སྐྱང་སྐོར་ཚོ་བ་དང་སྐྱང་ཚ་ཚོ་བ། འབྲུ་སྡེ་ཚོ་བ་དང་ཅོག་ཚང་ཚོ་བ་བཅས་རེ་འགའ་ཡོད། དེ་ཡང་ཚོ་བའི་མིང་འདི་དག་ཕལ་ཆེར་གནའ་བོའི་བོད་མི་རིགས་ཀྱི་རུས་རྒྱུད་ཚོ་བ་ཁག་ཅིག་ལས་མཆེད་པར་ཡིན་སྲིད་སྙམ།
དེ་དག་ལས་ཅོག་ཚང་ཟེར་བའི་ཁྱིམ་རྒྱུད་དེ་ལས་བབ་བཟོ་འགོ་བ་ཞེས་པའི་ཡུལ་འདིའི་དཔོན་པོ་འགའ་མི་རབས་དུ་མར་རིམ་གྱིས་བྱུང་བར་གྲགས།
དེ་མིན་མདོ་སྨད་འཕགས་པ་གསུམ་གྱི་ཡ་གྱལ་རིག་འཛིན་སྐྱང་འཕགས་ཆེན་པོ་མུ་ལ་དྲུང་མུ་ཡབ་སྲས་དང་གཉུག་མའི་རྣལ་འབྱོར་བ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། ཉག་སྒོམ་རིན་ཆེན་ལྷུན་གྲུབ། ནན་བབ་རྟོགས་ལྡན་བསོད་རྣམས་བསྟན་འཛིན། སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ། སྐལ་བཟང་ལུང་རྟོགས་རྒྱ་མཚོ། རྫ་ཆུ་གཡུང་དྲུང་ཉི་མ། ཨ་ཁུ་ཚུལ་ཁྲིམས་རྣམ་དག་སོགས་མཁས་གྲུབ་ཉིས་ལྡན་གྱི་སྐྱེས་བུ་དམ་པ་འགའ་ཡང་བྱོན་མྱོང་།
དུས་འགྱུར་མ་ཡོང་སྔོན་དེར་ཡུལ་ཚོ་འདིའི་ཁྲིམས་ལུགས་སྒྲིག་གཞི་ལྟར་གནད་དོན་ཆེ་ཆུང་ཀུན་ཐག་གཅོད་བྱེད་མཁན་ནི་བབ་བཟོའི་འགོ་བ་དང་ཕའུ་ཐོའུ་排头མྱི་རབ་མྱི་མཁན། ངེས་མྱི་ཁྲལ་པ་སྤྱི་པ་སོགས་ཡིན། དེ་ཡང་ཀུན་གྱིས་དྲང་བདེན་དང་གནས་ལུགས་ཀྱི་སྒོ་ནས་ཡུལ་ཁྲིམས་ལྟར་ལག་བསྟར་གནང་བས། ཡུལ་འདིའི་སྐྱ་སེར་ཡོངས་ཀྱིས་དོན་མེད་སར་མནའ་སྐྱེལ་བ་དང་རྐུ་ཇག་བྱེད་པའི་ལུགས་སྲོལ་ངན་པ་གཏན་ནས་མེད་པར་བཤད། དེང་སང་ཡང་གང་ཡིན་སར་མནའ་འདོར་བའི་སྲོལ་མེད།
སྤེ་རྩེ་ཚང་དང་ལྡོང་དྲུག་ཚང་། ཉག་ཉི་ཚང་དང་རྨ་ཡུལ་ཚང་། ཞིང་འཁྱིལ་ཚང་དང་ཁ་སྨད་ཚང་། སྦྲ་དགེ་ཚང་དང་ཁ་སྐོར་ཚང་། རྡུད་པོ་ཚང་དང་རྫ་ཆུ་ཚང་། མཁའ་ཡག་ཚང་དང་མགར་བ་ཚང་། སེར་པོ་ཚང་དང་གཙང་མ་ཚང་། གཡེར་ཤིང་ཚང་དང་སྤེ་ཕྲུག་ཚང་སོགས་ཁྱིམ་ཚང་གི་མིང་རུས་མིང་ལ་ཆགས་པའི་ཕྱུག་པོའི་ཁྱིམ་རྒྱུད་ཀྱང་ཁ་ཤས་ཡོད།
གནའ་བབ་བཟོ་སྟོད་པའི་ཤོག་ཀ་འདིར་ཤོག་ཆུང་གསུམ་དང་རུ་སྡེ་བཅོ་ལྔར་བགྲངས་སྲོལ་ཡོད། ཤོག་ཆུང་གསུམ་ནི་ཆུ་ཚལ་ཤོག ཤར་མི་ཁག ལུང་ཞིང་པ་བཅས་ཡིན་ལ། ཆུ་ཚལ་ཤོག་ལ་གྭ་ཙི་སྡེ་བ། རྔོག་རབ་( ངང་རབ)སྡེ་བ། འཁྲུངས་ས་སྡེ་བ་བཅས་དང་གསུམ། ཤར་མི་ཁག་ལ་ཉག་ཉི་སྡེ་བ། འོ་མཚོ་ཐང་( འོ་ཟི་ཐང)སྡེ་བ། སྦྲ་དགེ་སྡེ་བ། ཁ་སྨད་སྡེ་བ། ཞིང་འཁྱིལ་སྡེ་བ་བཅས་ལྔ། ལུང་ཞིང་པ་ལ། གཡེར་ཤིང་སྡེ་བ། ལུང་ཞིང་སྡེ་བ། ཁང་རི་སྒང་སྡེ་བ། ཟམ་ཁ་སྡེ་བ། ནེའུ་གསེང་སྡེ་བ་གོང་འོག་གཉིས་ཏེ་བདུན་བཅས་ཁྱོན་སྡེ་བ་བཅོ་ལྔའོ།།
དེང་སང་ལྟར་ན་རུ་ཆེན་དང་པོར་གྭ་ཙི། རྔོག་རབ། མུ་ཏིག་གྲོང་གསར་བཅས་གྲོང་སྡེ་གསུམ། རུ་ཆེན་གཉིས་པར་སྦྲ་དགེ། འོ་མཚོ་ཐང་། རྨ་ཡུལ་ཐང་།(རྨེའུ་ཐང)( ཉག་ཉི་སྡེ་བ་རྨ་ཡུལ་ཐང་ལ་གནས་སྤོས་ཡོད)ཁ་སྨད། ཞབས་འཁྱིལ། འཁྲུངས་ས་བཅས་དྲུག རུ་ཆེན་གསུམ་པར་ཟམ་ཁ། རྩྭ་ས་གཞུང་། ནེའུ་གསེང་། ( ཁང་རི་སྒང་། ལུང་ཞིང་པ། གཡེར་ཤིང་སྡེ་བ་དེ་དག་དེང་སང་ཟམ་ཁ་དང་ནེའུ་གསེང་། རྩྭ་ས་གཞུང་བཅས་སུ་གནས་སྤོས་ཟིན།)མདའ་ཆེན་བཅས་སྡེ་བ་བཞི་ཡོད་དོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།