བསྟན་པ་དང་ཡི་གེའི་བྱུང་ཁུངས་མདོར་བསྡུས།།

བསྟན་པ་དང་ཡི་གེའི་བྱུང་ཁུངས་མདོར་བསྡུས།།
སྦ་སར་པཎྚི་ཏ་ཀུན་བཟང་རྒྱལ་མཚན།

༄༅། ། ཡེ་དབང་སྲིད་པའི་རྒྱལ་པོ་རིགས་ལྔ༼གཙོ་བོ་སྲིད་པ་སངས་པོ་འབུམ་ཁྲི།ཡེ་མཁྱེན་སྒྲ་བླའི་རྒྱལ་པོ།ཡེ་དབལ་མཐུ་སྟོབས་རྒྱལ་པོ།ཡེ་རྗེ་སྨན་ལྷའི་རྒྱལ་པོ།ཡེ་དབང་ས་ལྷའི་རྒྱལ་པོ་དང་སྟེ་འདི་ལྔ་ནི་རིག་པའི་གནས་ལྔའི་བདག་ཉིད་ཀྱི་ལྷ་ལྔའོ༽ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།ཤེས་དང་ཤེས་བྱ་ཆེན་པོའི་སྣང་བ་དུས་རྣམ་ཀུན་ཏུ་ཉམས་པ་མེད་པའི་དགེ་ལེགས་ཤིས་པ་སྩོལ།། ༼མཐའ་དག་གཟུགས་ཅན༽ཚོགས་གཉིས་སྨོན་ལམ་འཛིན་མ་ལས་འཁྲུངས་ཤིང་། །སྤངས་རྟོགས་ཡོན་ཏན་ཡལ་འདབ་ཡོངས་སུ་རྫོགས། །མཁྱེན་བརྩེའི་གྲིབ་བསིལ་སྲིད་ཞིའི་དབྱིངས་ཀུན་ཁྱབ། །རྣམ་མཁྱེན་དཔག་བསམ་ལྗོན་པར་ཕྱག་འཚལ་ལོ། །༼དོན་བསྐོར༽ཐབས་མཆོག་སངས་པོ་ཁྲི་ཞི་ནམ་ཏིང་དང་། །ཀུ་བྱི་མང་ཀེ་སྲིད་པའི་དཀའ་ཐུབ༼ལྷ་རྒོད་ཐོག་པ།ཕྱ་སྲས་ཀེང་ཙེ།འཇམ་པའི་དབྱངས༽སོགས། །ངོ་བོ་གཅིག་ལས་ཆུ་ཟླའི་གར་བཞིན་དུ། །སྟོན་མཛད་སྨྲ་སེང་མཁྱེན་པའི་གཏེར་གྱིས་སྐྱོངས། །༼བྱ་བའི་རང་བཞིན༽གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན། །འཛམ་གླིང་ཐ་གྲུ་ཀུན་ཏུ་སྤེལ་མཛད་པའི། །གདུང་སོབ་སྟོན་པ་འཛམ་གླིང་རྒྱན་དྲུག་སོགས། །ཁོར་ལོ་གསུམ་གྱི་༼ཀློག་པ་ཐོས་བསམ་གྱི་འཁོར་ལོ།བསྒྲུབ་པ་ནན་ཏན་གྱི་འཁོར་ལོ།བྱ་ལས་ཀྱི་འཁོར་ལོ༽བདག་ཉིད་ཆེ་རྣམས་བསྟོད། །༼རྨད་བྱུང་གི་ཉམས༽སྒྲ་སྐད་ཀུན་ལ་མཁས་པ་ཕུལ་དུ་ཕྱིན། །བརྡ་སྤྲོད་གཞུང་བརྒྱའི་སྲོལ་འབྱེད་ཤིང་རྟ་ཆེ། །མཁས་བཞི་དྲན་པ་ལོ་པཎ་གཤེན་བརྒྱད་སོགས། །ཞང་བོད་སྐད་གཉིས་སྨྲ་རྣམས་ཕྱག་གི་ཡུལ། ། ༼བྱ་བ་ཐོག་གསལ༽ཕྱི་དར་བསྟན་ལ་ལམ་འདིའི་གསལ་བྱེད་ལ། །བཀའ་དྲིན་ཟླ་མེད་ཀུན་གྲོལ་གྲགས་པ་དང་། །མཁས་གྲུབ་བསོད་བསྟན་ཤཱི་ལ་དྷྭ་ཛ༼སྒ་སྟོན་ཚུལ་རྒྱན། གཤེན་ཉི་མ།ཉི་མ་བསྟན་འཛིན།བསོད་བསྟན༽སོགས། །སྨྲ་བའི་དབང་ཕྱུག་རྣམས་ལ་གུས་པས་འདུད། །༼བྱ་བའི་རང་བཞིན༽གསུང་རབ་དགོངས་དོན་གངས་ཅན་བོད་སྐད་དུ། །བརྡ་སྤྲོད་ལེགས་བཤད་ཉི་ཤུ་བདུན་པ་ལས། །ལེའུ་དང་པོའི་མིང་གཞིའི་བྱེ་བྲག་རྣམས། །ཅུང་ཟད་རྒྱས་པར་ཕྱེས་ཏེ་འཆད་ལ་སྤྲོ།།
དེ་ཡང་བསྟན་པ་རྣམ་པར་དག་པ་ལ། །བྱུང་ཁུངས་སྟོན་པ་རྣམ་པར་དག་དགོས་ཕྱིར། །བདག་ཅག་སྟོན་པ་རྫོགས་པའི་སངས་རྒྱས་མཆོག །སྲིད་གསུམ་སྐྱོབ་པ་རྣམ་མཁྱེན་གཤེན་རབ་དེས། །དང་པོ་རིགས་དང་ལྡན་པར་སེམས་བསྐྱེད་ཅིང་། །སྐྱེ་བ་དུ་མར་ཉོན་མོངས་སྒྲིབ་པ་སྦྱངས། །དེ་དུས་འོག་ཕྱོགས་སྟོང་གསུམ་ཞིང་ཁམས་སུ། །སྤྲུལ་སྐུ་སྟོན་པ་བསོད་ནམས་དབང་ལྡན་བྱོན། །སྒྲིབ་སྦྱངས་སྟོབས་ཀྱིས་སྟོན་པའི་ཞལ་ཡང་མཇལ། །དེ་དྲུང་བྱང་ཆུབ་མཆོག་ཏུ་ཐུགས་རབ་བསྐྱེད། །བདག་མཐར་གྲུབ་པ་རྫོགས་པའི་དུས་རྟིང་ལ། །ཤིན་ཏུ་མི་འཇེད་རབ་ཏུ་གདུལ་དཀའ་བའི། །རྩོད་པ་ཅན་ཞིག་བདག་གིས་འདུལ་བར་ཤོག །ཅེས་པའི་སྨོན་ལམ་ས་བོན་རྒྱ་ཆེར་བཏབས། །གྲངས་མེད་གསུམ༼ཚོགས་ལམ་ནས་མཐོང་ལམ་བར་གྲངས་མེད་གཅིག་དེ་ནས་ས་བརྒྱད་པའི་བར་གཅིག་དེ་ནས་ས་བཅུའི་རྒྱུན་མཐའི་བར་གཅིག་དང་གསུམ་མོ༽དུ་ཚོགས་ཀྱི་ལམ་ལ་ཞུགས། །ས་ལམ་སྤངས་རྟོགས་ཡོན་ཏན་ཡོངས་སུ་རྫོགས། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས། །མི་གཡོ་མཉམ་གསལ་སྐུ་གསུམ་དགོངས་པར་ཆིབས། །བྱང་ཆུབ་ཆེན་པོའི་ལྷུམ་དུ་མངོན་ཞུགས་ཀྱང་། །མི་མཇེད་རྩོད་ལྡན་ཚེ་ལོ་བརྒྱ་བའི་སྐབས། །སྨོན་ལམ་ས་བོན་དུས་སུ་སྨིན་པ་དང་། །གདུལ་དཀའ་འདུལ་བའི་རྟེན་འབྲེལ་ཤར་བའི་ཚེ། །ཕྱོགས་བཅུའི་སངས་རྒྱས་བསྔགས་བསྟོད་རོལ་མོའི་སྒྲས། །བསྐུལ་ཏེ་བོན་ཉིད་དབྱིངས་ལས་རྫོགས་སྐུར་བཞེངས། །བློ་གསལ་འཆི་མེད་ཅེས་ནི་མཚན་དུ་གྲགས། །འོག་མིན་རྫོགས་སྐུ་གཤེན་ལྷའི་དྲུང་དུ་བྱོན། །འགྲོ་བ་ཇི་ལྟར་འདུལ་བའི་བོན་ལུང་མནོས། །ཡེ་སངས་ཡུལ་དུ་ཐབས་མཆོག་སངས་པོའི་དྲུང་། །གདུལ་དཀའ་འདུལ་བའི་ཐབས་ཤེས་ཟུང་དུ་བསྡེབས། །མགོན་བཙུན་ཕྱྭ་ལ་སྲིད་པ་སྟོང་རྩིས་ཀྱིས། །བོན་གྱི་དེ་ཉིད་གཟིགས་ནས་གཏན་ལ་ཕབ། །བར་ལྷའི་གནས་སུ་སེམས་དཔའི་ཤེས་སྒྲིབ་སྦྱངས། །ས་བཅུའི་མཐར་ཐུག་བསྟན་ནས་དབུགས་དབྱུང་མཛད། །དེ་ལྟར་གནས་རིས་བཞི་ནས་ཡས་མར་བྱོན། །དགའ་ལྡན་གནས་སུ་ཁྱེའུ་གསལ་བ་ལ། །ཉིད་ཀྱིས་གསོལ་བའི་རྫོགས་སྐུའི་ཆས་རྣམས་གཏད། །མ་འོངས་སྟོན་པ་བྱམས་ལྡན་མགོན་པོར་གསོལ། །ལྷ་ཁམས་འགྲོ་བ་འདུལ་བའི་བོན་ལུང་དབོག །དེ་ནས་རྩ་གསུམ་རྣམ་རྒྱལ་ཁང་བར་བྱོན། །ཁམས་གསུམ་ལྷ་ལ་བོན་གྱི་འཁོར་ལོ་བསྐོར། །རྩ་གསུམ་ལྷོ་ནུབ་རྩུབ་འགྱུར་དྲེགས་ཚལ་དུ། །ཁྲོ་བོ་རྟ་མགྲིན་གར་གྱི་དབང་པོར་སྤྲུལ། །དྲེགས་པ་སྤྱི་འདུལ་ཏིང་འཛིན་རྟུལ་ཞུགས་ཀྱིས། །སྟོང་ཁམས་ས་ཆེན་རྣམ་པ་དྲུག་ཏུ་གཡོས། །གཡེན་ཁམས་དྲེགས་ཚོགས་སྙིང་གིས་མ་བཟོད་ནས། །དྲུང་དུ་འཁོད་དེ་སོ་སོའི་སྲོག་སྙིང་ཕུལ། །ཁས་བླངས་དམ་བཅས་བཀའ་ལ་ཉན་པར་ཆད། །གཡེན་འདུལ་བོན་པོ་སོ་གསུམ་སྐུ་ལས་སྤྲུལ། །གཡེན་ཁམས་ལྷ་མིན་འདུལ་བའི་ཁ་གནོན་བཞག།
དེ་ནས་སྤྲུལ་པའི་སྐུ་རུ་སྟོན་པར་དགོངས། །རི་རབ་བང་རིམ་བཞི་བའི་ཁ་ཁྱེར་གྱི། །རྒྱལ་ཆེན་ལྷ་གནས་ལྷོ་ཕྱོགས་འཕགས་སྐྱེས་པོའི། །རྒྱལ་ས་གོང་མ་ཛ་ལེན་དྷ་རའི་རྩེར། །བྱོན་ཏེ་གཟིགས་ཚད་ལྔ༼གདུལ་ཞིང་མི་མཇེད་འཇིག་རྟེན།གདུལ་བྱ་མི།གླིང་འཛམ་གླིང་བ།འཁོར་འཛམ་གླིང་སོག་ཁའི་མི།རིགས་རྒྱལ་རིགས་དམུ་ལ་གཟིགས་པའོ།༽དང་དགོངས་ཚད་ལྔ༼ཡུལ་འོལ་མོ་ལུང་རིང་།མཁར་བར་པོ་སོ་བརྒྱད།ནོར་རིན་པོ་ཆེའི་གཏེར།ཡབ་རྒྱལ་བོན་ཐོད་དཀར།ཡུམ་རྒྱལ་བཞད་མ་ལ་དགོངས་སོ།༽ །ཐུགས་ལ་བཀྲམ་སྟེ་འཛམ་གླིང་སོག་ཁའི་དམིག །རྟག་གཟིགས་འོལ་མོ་ལུང་རིང་ཞིང་ཁམས་སུ། །འདབ་ཆགས་དུས་ཀྱི་ཕོ་ཉར་སྤྲུལ་ནས་བྱོན། །འགྲོ་བ་རབ་འདྲེན་མཆོད་རྟེན་རྩེ་མོར་བབས། །ཐེངས་གསུམ་གསུང་བསྒྲགས་ཁམས་གསུམ་སྤྲོ་བ་བསྐྱེད། །དེ་ནས་དམུ་རིགས་གཤེན་ལྷའི་གདུང་གི་རྒྱུད། །རྒྱལ་བོན་ཐོད་དཀར་ཡབ་ཀྱི་རྟ་ལ་བརྒྱུད། །ཡོ་ཕྱི་རྒྱལ་བཞད་ཡུམ་གྱི་སྐུ་ལ་བརྟེན། །ཟླ་དགུ་ངོ་བཅུ་འབྱུང་བཞིའི་བསྐྱེད་ཚུལ་བསྟན། །ལོ་རྒྱལ་ཤིང་ཕོ་བྱི་བ་དཔྱིད་ར་སྟག །བཅོ་ལྔའི་ནམ་ལངས་རྒྱལ་གྱི་རུ་གོང་ལ། །འབྱུང་བཞིའི་ལྷ་མོས་འབྱུང་བའི་སྦུབས་ཕྱེས་ཏེ། །ལྷ་མོ་རྒྱལ་བཞད་ཡུམ་གྱི་གློ་སྐར་ནས། །འགྲོ་བ་རང་མཐུན་ཆ་ལུགས་ཚུལ་དུ༼སློབ་དཔོན་རྒྱལ་མཚན་དཔལ་དང་སྤ་སྟོན་བསྟན་རྒྱལ་བཟང་པོ་སོགས་ཀྱི་བཞེད་པར་སྟོན་པའི་སྐུ་གསུང་ཐུགས་ཀྱི་བསྟན་པ་མི་ལོ་ཁྲི་ཕྲག་གཅིག་ཏུ་གནས་པའི་ལུགས་ཏེ་སྤྱི་ལོ་སྔོན༥༡༥༧ལ༽བལྟམས། །འཇིག་རྟེན་གསུམ་གྱི་དབང་པོ་ཆེ་ཀུན་འཚོགས། །ལྟས་མཁན་བྲམ་ཟེ་བློ་གསལ་མཚན་ལྟས་བརྟག །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུ་དང་། །འཕྲུལ་ཡིག་བཞི་བཅུ་ཚངས་དབྱངས་དྲུག་ཅུ་དང་། །འོད་ཟེར་ཕུང་པོ་བྱེ་བ་སྟོང་དྲུག་ཅུ། །མཁྱེན་པའི་ཡེ་ཤེས་དྲུག་ཅུ་རྩ་གཅིག་དང་། །ལེགས་པའི་ཡོན་ཏན་བརྒྱ་རྩ་འབྲས་རྟགས་བཅུ། །ལ་སོགས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི། །ནམ་མཁའ་ས་གཞི་རྒྱ་མཚོས་མི་དཔོག་ཅིང་། །མཆོག་གི་སྤྲུལ་སྐུ་སྟོང་གསུམ་འགྲོ་དོན་དུ། །བྱོན་ཅེས་སྙན་པའི་གྲགས་པས་ས་གསུམ་ཁྱབ། །གཤེན་རབ་མི་བོ་ཀུན་ལས་རྣམ་རྒྱལ་ཞེས། །མཚན་མཆོག་གདུལ་བྱའི་བསོད་ནམས་དཔལ་དུ་ཤར། །དགུང་ཟླ་གཅིག་བར་སྐུ་ཡི་གསོ་བསྐྱེད་མཛད། །ལོ་གཅིག་བར་དུ་གཞོན་ནུའི་རོལ་རྩེད་གནང་། །དགུང་ལོ་གཅིག་ནས་ཡབ་ཀྱིས་རྒྱལ་ས་ཕུལ༼མི་ལོ་བརྒྱ་ལ་གཤེན་ལོ་གཅིག་བརྩིས་པའི་དགུང་ལོ་གཅིག་གི་ཐོག་རྒྱལ་ས་བཞེས་པར་བཤད༽། །སྲིད་གསུམ་མངའ་དབང་ཅན་ཀུན་བློན་དུ་བསྐོས། །རྒྱལ་ཁྲིམས་དྲང་ཤིང་ཐིག་གིས་སྟོང་ཁམས་བསྐྱངས། །བཀའ་ཁྲིམས་བདུད་རྩིས་གསུང་གིས་ཐར་ལམ་བསྟན། །སྟོང་གསུམ་ལན་གཅིག་ཕན་བདེའི་ལམ་ལ་བཀོད། །འདི་དུས་ལྷ་སྲས་ཀརྨ་ལི་ཤོ་ལ། །སྐུ་གསུང་ཐུགས་སོགས་བཟོ་ཡི་རིག་གནས་བསྟན། །སློབ་མ་འཛམ་གླིང་མཛེས་པའི་རྒྱན་དྲུག་༼སྟག་གཟིག་ལ་མཁས་པ་དམུ་ཚ་ཏྲ་ཧེ།ཧུ་ལུ་སྤར་ཡ།ཁྲི་ཐོག་སྤར་ཚ། གཡུང་དྲུང་བློ་གསལགསུམ།རྒྱ་གར་ལ་མཁས་པ་ལྷ་བདག་སྔགས་གྲོལ།རྒྱ་ནག་ལ་མཁས་པ་ལེགས་ཏང་རྨང་པོ།ཕྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་དང་དྲུག༽བྱུང་། །ཡི་གེར་མཁས་པ་ཡིག་ལྷ་འཕྲུལ་བུ་ལ། །འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེ་རྒྱས་པར་གསུངས། །ཡི་གེའི་བྱུང་ཁུངས་ཐོག་མ་དེ་ནས་བྱུང་། །དགུང་ལོ་དགུའི་བར་ཐེག་པ་རིམ་དགུ་གསུངས། །དགུང་བཅུའི་སྟེང་ནས་སྲིད་པའི་ཐུགས་སྤྲུལ་གྱི། །བྱ་ཁྱུང་ཀ་རུ་ཊ་ལ་སྐུ་བརྟེན་ཏེ། །གཡུང་དྲུང་དགུ་བརྩེགས་རི་ཡི་རྩེ་མོར་བྱོན། །སྐད་རིགས་སུམ་བརྒྱ་དྲུག་ཅུའི་སྒྲ་སྐད་བསྒྱུར། །སྒྲ་རིག་ཚད་མའི་མདོ་འབུམ་གཏན་ལ་ཕབ། །སྣོད་ནི་རྨ་ལོ་གཡུ་ལོ་གཉིས་ལ་གཏད། །དེ་ལས་རིགས་དྲུག་སོ་སོའི་རང་སྒྲ་བཞིན། །བརྡ་སྤྲོད་སྒྲ་ཡི་བྱེ་བྲག་མང་དུ་སྤྲོས། །ལྷ་ཀླུ་མི་སོགས་ཕྱི་ནང་ཀུན་ལ་དར། །སྒྲ་ཚད་གཏན་ཚིགས་དང་པོ་དེ་ནས་བྱུང་། །དེ་ལྟར་སྐྱེ་བཞེས་བསྟན་སྤེལ་འགྲོ་འདུལ་དང་། །ཁབ་བཞེས་སྲས་སྤྲུལ་བདུད་བཏུལ་རྗེས་བཞག་དང་། །ཁྱིམ་སྤངས་རབ་བྱུང་དཀའ་ཐུབ་དགོན་པ་མཛད། །མྱ་ངན་འདས་སོགས་མཛད་ཆེན་བཅུ་གཉིས་དང་། །མཛད་ཕྲན་དྲུག་ཅུ་བརྒྱ་དང་རྩ་བརྒྱད་སོགས། །སྣ་ཚོགས་ཕྲིན་ལས་མཛད་པ་བསམ་མཐའ་ཡས། །གང་ཡང་འགྲོ་བ་འདུལ་བའི་ཐབས་སུ་བསྟན། །བཀའ་ཡི་འཁོར་ལོ་ཐོག་མཐའ་བར་གསུམ་བསྐོར། །འཁོར་ལོ་དང་པོ་ཐེག་པ་རིམ་དགུ་དང་། །འཁོར་ལོ་བར་བ་སྒོ་བཞི་མཛོད་དང་ལྔ། །འཁོར་ལོ་ཐ་མར་བརྒྱད་ཁྲི་བཞི་སྟོང་གསུངས། །ཉམས་སུ་བླང་བྱར་ཕྱི་ནང་གསང་བ་གསུམ། །མདོ་རུ་བསྡུས་པ་དྲང་དོན་ངེས་དོན་གཉིས། །དོན་གྱི་བརྗོད་བྱར་ཐིག་ལེ་ཉག་གཅིག་བསྟན། །མཛད་པ་གསུམ་པ་གདུལ་དཀའ་འདུལ་བའི་ཚེ། །སངས་པོའི་ཐུགས་སྤྲུལ་སྲིད་པའི་ཁྱེའུ་ཆུང་ལ། །སྲིད་པའི་བཀའ་གླེགས་གཏོ་སྒྲོམ་བསྐུར་ན་ཡང་། །མཛད་པ་དྲུག་པ་བདུད་ཀྱི་ཆོ་འཕྲུལ་སྐབས། །ཁྱབ་པས་ཞུགས་བཞེན་ཡིད་ཀྱི་ཁྱེའུ་ཆུང་གིས། །བརྙབས་པའི་ཡིག་འབྲུ་དཔའ་བོ་འབྲུ་ལྔ་བྱུང(༡)། །དེ་ལས་འཕྲུལ་ཡིག་བཞི་བཅུ་མཛད་ཚུལ་བསྟན། །མཛད་པ་བདུན་པ་བསྟན་པ་རྗེས་བཞག་དུས། །མུ་ཁྱུད་མཚོ་གླིང་དཀར་ནག་བཀྲ་གསལ་དུ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་ཡོན་བདག་བྱས། །གཏད་གཉེར་སློབ་མས་བཀའ་རྣམས་སོ་སོར་བསྡུས། །ཤེས་རབ་ཕུལ་གྱི་འཕྲུལ་ཡིག་བཞི་བཅུ་ལ། །ཐབས་ཀྱི་གཆོག་གིས་ང་རོའི་དབྱངས་སུ་དྲངས། །ཐབས་ཤེས་ཟུང་དུ་འབྲེལ་བའི་བྱིན་རླབས་ལས། །མིང་དང་ཚིག་འབྲེལ་ལེའུ་བམ་པོར་ཕྱེས། །སྒོ་བཞི་མཛོད་ལྔའི་གླེགས་བམ་ཁྲི་འབུམ་བྲིས། །མ་འོངས་འདྲེན་ཕྱིར་བསྟན་པ་རྗེས་བཞག་མཛད། །དེ་ཚེ་སྟོན་པ་མཆོག་གི་ཞལ་ནས་ཀྱང་། །བདག་ཉིད་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་། །མ་འོངས་འགྲོ་ཀུན་ཐར་བར་འདྲེན་པའི་ཕྱིར། །གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། །དེ་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན། །རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་ཕྱིར། །འཕྲུལ་གྱི་ཡི་གེར་ཀུན་གྱིས་བཀུར་བསྟི་གྱིས། །ཞེས་གསུངས་མཛད་པ་ཡོངས་སུ་རྫོགས་པའི་མཐར། །དགུང་ལོ་གྱ་གཉིས་དུས་སུ༼སྤྱི་ལོའི་སྔོན༡༦༥༨ཆུ་ལུག་ལོར༽མྱ་ངན་འདས༼ནམ་མཁའི་ནོར་བུས་སྨེ་འཁོར་དང་པོ་ཞེས་པ་དེ།སྔ་རབས་ཀྱི་མཁས་པ་རྒྱལ་མཚན་དཔལ་དང་སྤ་སྟོན་བསྟན་རྒྱལ་བཟང་པོ་སོགས་ཀྱི་ལུགས་འདིའི་སྟོན་པ་གཤེན་རབ་སྐུ་འཁྲུངས་ནས་སྨེ་འཁོར་ཉི་ཤུ་བའི་སྨེ་ཕྲེང་གཉིས་པའི་ཐོག་མ་སྟེ་སྤྱི་ལོའི་སྔོན༡༧༣༧ཤིང་བྱི་ལོ་ནས་འགོ་བཟུང་ཡོད།༽
དེ་ནས་མི་ལོ་སྟོང་དང་བརྒྱད་བརྒྱ་ནས། །སྐུ་ཡི་འདུལ་བསྟན་རྫོགས་པའི་རྟིང་ཉིད་ལ། །རྒྱལ་ཚབ་གསུང་གི་སྟོན་པ་མུ་ཆོ་ལ། །ལྷ་ཕྲན་བརྒྱས་བསྐོར་འོལ་མོའི་གླིང་དུ་ཕེབས། །དཀར་ནག་བཀྲ་གསལ་རྗེས་བཞག་གསུང་རབ་ལ། །ཀློག་བཤད་བཀའ་ཡི་འཁོར་ལོ་ལོ་གསུམ་བསྐོར། །དུས་དང་བསྟུན་པའི་གདུལ་བྱའི་བློ་ཚོད་བཞིན། །བཀའ་བརྟེན་བོན་སྒོའི་དབྱེ་ཤག་དུ་མ་མཛད། །སློབ་མ་ལོ་ཙཱ༼འཛམ་གླིང༽བསྟན་པའི་རྒྱན་དྲུག་བྱུང་། །རྟག་གཟིགས་ཡུལ་དུ་དམུ་ཚ་ཏྲ་ཧེ་དང་། །ཧུ་ལུ་སྤར་ཡ་གཡུང་དྲུང་བློ་གསལ་གསུམ། །རྒྱ་གར་ཡུལ་དུ་ལྷ་བདག་སྔགས་གྲོལ་དང་། །རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ་དང་། །གེ་སར་ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་བྱུང་། །དེ་ལས་མང་འབྲེལ་སློབ་མ་བསམ་འདས་ཀྱིས། །དཀར་ནག་རྒྱ་དང་བྲུ་ཤ་ཁ་ཆེའི་ཡུལ། །ཨོ་རྒྱན་ཞང་ཞུང་བོད༼ཕྲོམ་དང་གེ་སར༽སོགས་འཛམ་གླིང་གི །ཡུལ་གྲུ་ཀུན་ཏུ་སོ་སོའི་སྒྲ་བསྒྱུར་ཏེ། །རྒྱུ་འབྲས་ཐེག་པ་ཕྱོགས་བཅུ་ཀུན་ཏུ་དར། །ཁྱད་པར་བོད་དང་ཞང་ཞུང་ཞིང་ཁམས་སུ། །བསྟན་པ་འཛིན་པའི་མཁས་གྲུབ་བརྒྱད་ཅུ་བྱུང་། །དེ་ལས་སྒྲ་བསྒྱུར་ལོ་པཎ་གཤེན་བརྒྱད་དང་། །དཔོན་གསས་ཆེན་པོ་བླ་བོན་དྲན་པ་དང་། །མཁས་པ་མི་བཞིས་སྐད་གཉིས་ཤན་སྦྱར་ནས། །ཐེག་པ་རིམ་དགུ་བོད་ཀྱི་སྐད་དུ་བསྒྱུར། །བརྡ་སྤྲོད་སྒྲ་ཡི་བསྟན་བཅོས་མང་དུ་མཛད། །བོད་རྒྱལ་ཐོག་མ་གཉའ་ཁྲི་བཙད་པོ་ནས། །གནམ་གྱི་ཁྲི་བདུན་བར་གྱི་ལྡིང་གཉིས་དང་། །ས་ལ་ལེགས་དྲུག་ཆུ་ལ་ལྡེ་བརྒྱད་དང་། །བོན་རྒྱལ་བཞི་དང་འོག་གི་བཙན་ལྔ་སོགས། །རྒྱལ་རབས་སུམ་ཅུ་སོ་གཉིས་ཡན་ལ་ཆད་ལ། །རྒྱལ་པོའི་ཆབ་སྲིད་གཡུང་དྲུང་བོན་གྱིས་བསྐྱངས། །གཤེན་བསྟན་མཁའ་ལ་ཁྲི་གདུགས་ཤར་བཞིན་གསལ། །བོད་ཡུལ་བདེ་སྐྱིད་རྩ་གསུམ་ལྷ་ལས་དཔག །རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། །ཆོས་ལ་ཐུགས་ཞེན་ཆོས་ཀྱི་དབུ་ཡང་བརྙེས། །རྒྱ་བལ་མཐིལ་ནས་ཇོ་ཤྰཀ་རྣམ་གཉིས་དྲངས། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གིས་གཙོས། །མཐའ་འདུལ་ཡང་འདུལ་ལྷ་ཁང་བརྒྱ་རྩ་བཞེངས། །དེ་ཡིས་བོད་ཡུལ་ས་ཡི་མིག་མནན་པས། །བོན་གཤེན་བསྟན་པའི་དབུ་འཕང་ཇེ་དམར་སོང་། །བློན་པོ་ཐོན་མི་རྒྱ་གར་ཡུལ་དུ་བརྫངས། །བྲམ་ཟེ་ལི་བྱིན་ཧ་རར་ལཉྪ་བསླབས། །ལཉྪར་དཔེ་བླངས་བོད་ལ་ཡིག་སྦྱོར་བརྩམས། །བོད་ཀྱི་སྒྲ་དོན་ཇི་བཞིན་བརྡ་མ་འཕྲོད། །སྟོད་དུ་ཅ་ཆ་ཇ་དང་སྨད་དུ་ནི། །ཞ་ཟ་འ་དྲུག་འཕྲུལ་ཡིག་བཞི་བཅུ་ལས། །སྣོན་དབྲི་བྱས་ཏེ་བརྡ་སྤྲོད་བསྟན་བཅོས་མཛད། །གནམ་རི་སྲོང་བཙན་ཡན་ལ་བོད་ཡུལ་དུ། །ཡི་གེ་མེད་ཅེས་ཁུངས་ལ་དགག་པ་བྱས། །དེ་ནི་མཁས་པ་ཆེན་པོའི་གསུང་ཡིན་ཀྱང་། །མ་བརྟག་བབ་ཅོལ་ཚིག་ཏུ་ཟད་པར་ངེས། །རྒྱལ་རབས་སོ་གཉིས་བར་དུ་བོན་དར་ན། །ཡི་གེ་མེད་པས་བསྟན་པ་ཇི་ལྟར་དར། །བོན་ལ་བརྡ་སྤྲོད་ཡི་གེ་མེད་བདེན་ཡང་། །རྒྱལ་པོ་ཆེན་པོའི་རྒྱལ་སྲིད་སྐྱོང་བ་ལ། །ཚིག་སྦྱོར་ཡི་གེ་མེད་པས་བྱ་ཐབས་དཀའ། །དེས་ན་གསུང་རབ་བརྡ་སྤྲོད་སྨོས་ཅི་ཞིག །འཇིག་རྟེན་ཕལ་བའི་རྣམ་བཞག་ཅིག་བྱེད་ཀྱང་། །ཚིག་གི་སྦྱོར་བ་གཅེས་ཤེས་ལོ་ཙཱ་བ། །རང་གིས་གསུངས་ལ་རང་ཉིད་འགལ་ལམ་ཅི། །ལུང་མཆོག་མཚན་ཉིད་སྲིད་པའི་མཛོད་ཕུག་ལས། །ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར་བའི་བོན། །དོན་ལ་སྦྱོར་བའི་མཚན་ཉིད་འཛིན་པས་ན། །དེ་དག་ཐམས་ཅད་མཁྱེན་པས་མཛད་པ་ལས། །ཚུར་མཐོང་གང་ཟག་དག་གིས་དཔག་བྱ་མིན།། དེ་ཡང་ཡི་གེ༼གཟུགས་ཀྱི༽རྣམ་པ་མང་མཆིས་ཀྱང་། །རྟག་གཟིགས་ཡུལ་དུ་སྤུངས་སོ་ཆེ་ཆུང་གཉིས། །ཞང་ཞུང་ལོ་ཙཱས་སྨར་ཆེན་སྨར་ཆུང་བསྒྱུར། །བོད་ལ་རྫབ་གཤར་དཀར་ནག་གཉིས་བསྟན་ཀྱང་། །ངོ་བོ་འཕྲུལ་ཡིག་བཞི་བཅུ་འགྱུར་བ་མེད། །དེ་ལ་བརྟེན་ནས་དཀར་ནག་རྒྱ་ལ་སོགས། །སོ་སོའི་ལུགས་ཀྱི་ཡི་གེ་བྱེ་བྲག་མང་། །དེ་ནས་བོད་རྒྱལ་ཁྲི་སྲོང་སྐུ་སྨད་ལ། །བོན་བསྟན་ཉི་མ་ཆུ་ལྷའི་རུམ་ལ་ཡིབས། །རྒྱུ་འབྲས་བོན་རྣམས་རིན་ཆེན་གཏེར་དུ་གཟིམས། །གྲུབ་པ་མཆོག་རྣམས་མཁའ་སྤྱོད་ཞིང་དུ་བསྙེགས། །གཤེན་ཕྲན་ཕལ་ཆེར་མཐའ་འཁོབ་དཔལ་དུ་ཤར། །རྒྱ་གར་ཡུལ་ནས་ལོ་ཙཱས་སྒྲ་བསྒྱུར་ཏེ། །དམ་ཆོས་བསྟན་པ་བོད་ཡུལ་དབུས་སུ་དར། །རྒྱལ་པོའི༼ཁྲི་རལ་བ་ཅན༽བཀས་བསྐུལ་སྐ་ཅོག་ཞང་སོགས་ཀྱིས། །བོད་ཀྱི་བརྡ་རྣམས་གསར་བཅད་སྐད་དུ་བསྒྱུར། །གསར་རྙིང་བརྡ་ཡི་དབྱེ་བ་དེ་ནས་བྱུང་། །བོད་རྒྱལ་དར་མ་གླང་གི་སྐུ་རིང་ལ། །དམ་ཆོས་བསྟན་པའང་ནུབ་རིའི་རྩེ་མོར་ཆས། །སྐུ་གཟུགས་གསུང་རབ་རྣམས་ཀྱང་རྡུལ་ཁྲོད་འགྲིམས། །གཙུག་ལག་ཁང་རྣམས་འདག་འབྱར་རྒྱ་རུ་ཞུགས། །ངུར་སྨྲིག་རྒྱལ་མཚན་ཕལ་ཆེར་ཁྱིམ་དུ་བཙུགས། །ཆོས་ཀྱི་སྒྲ་མེད་མི་ལོ་བརྒྱད་ཅུ་བྱུང་། །དེ་ནས་བོན་ཆོས་བསྟན་པ་ཕྱི་དར་ལ། །གཞན་སྡེ་ཆོས་ཀྱི་ལོ་ཙཱ་མཁས་མང་གིས། །བརྩམས་པའི་བརྡ་སྤྲོད་བསྟན་བཅོས་རྒྱུ་སྐར་གྲངས། །གཅིག་ལས་གཅིག་ལྷག་བསྟན་པའི་རྒྱན་དུ་ཆེ། །བྱུང་ཁུངས་གསོང་པོར་སྨྲ་བ་ཉིན་མོའི་སྐར། །གྲུབ་མཐའི་ཕྱོགས་སུ་མི་ལྷུང་སྐྱེས་བུ་དཀོན། །རང་ལུགས་བོན་གྱི་བསྟན་པ་ཕྱི་དར་ལ། །རིག་འཛིན་རྣམ་སྤྲུལ་གཤེན་གྱེར་རྨ་དབྱིལ་སོགས། །གཏེར་སྟོན་བརྒྱ་རྩས་བོན་རྣམས་གཏེར་ནས་དྲངས། །རྒྱུད་འཛིན་བྲུ་ཞུ་སྤ་རྨེའུ་ལ་སོགས་ལ། །བཀའ་བབ་གཙང་གི་སྟོན་པ་བཅོ་བརྒྱད་དང་། །ཀུན་མཁྱེན་མཉམ་མེད་རྒྱལ་བ་ཡབ་སྲས་སོགས། །མཁས་གྲུབ་དུ་མས་བཤད་དང་སྒྲུབ་པ་ཡིས། །བསྟན་པ་རིན་ཆེན་བོད་དང་བོད་ཆེན་པོའི། །ལྗོངས་སུ་ནམ་ལངས་ཉི་འོད་བཞིན་དུ་སྤེལ། །ཁྱད་པར་རྨེའུ་སྟོན་མཁས་པ་དཔལ་ཆེན་དང་། །གཤེན་སྟོན་ཉི་མ་སྒ་སྟོན་ཚུལ་ཁྲིམས་རྒྱལ། །རིག་འཛིན་ཀུན་གྲོལ་མཁས་གྲུབ་བསོད་བསྟན་་དང་། །སྤྲུལ་སྐུ་ཚུལ་རྒྱན༼ཀུན་མཁྱེན་ཉི་མ་བསྟན་འཛིན།ཡོངས་འཛིན་རྣམ་འོད༽ལ་སོགས་ཞང་བོད་ཀྱི། །སྐད་གཉིས་སྨྲ་བའི་མཁས་གྲུབ་རིམ་བྱོན་གྱིས། །རྒྱུད་ཀྱི་རྒྱལ་པོ་དྲི་མེད་གཟི་བརྗིད་དང་། །སྲིད་པའི་མཛོད་ཕུག་ཤ་རིའི་སྒྲ་འགྲེལ་དང་། །གཏན་ཚིགས་ཐེག་པ་སྨྲ་སྒོ་ཆེ་ཆུང་དང་། །སངས་རྒྱས་རྒྱུད་གསུམ་ཡེ་ཁྲི་མཐའ་སེལ་རྒྱུད། །སོགས་ནས་ཡི་གེའི་ཁུངས་དང་ཚིག་ཕྲད་བཏུས། །བོད་སྐད་གསར་བཅད་བརྡ་དག་ལེགས་ཆས་བརྒྱན། །བརྡ་སྤྲོད་བསྟན་བཅོས་རྒྱས་བསྡུས་མང་དུ་མཛད། །དེ་ལས་གཤེན་གྱི་མཁས་གྲུབ་ཚུལ་རྒྱན་གྱིས། །མ་རྒྱུད་སྐྱེ་མེད་ཐིག་ལེའི་དགོངས་པའི་དོན། །ལེགས་པར་བཀྲོལ་ཏེ་ཡི་གེ་འབྱུང་ཁམས་དང་། །སྦྱོར་ཚུལ་མིང་གཞི་ཕྲད་དང་རྣམ་དབྱེ་སོགས། །གཞུང་གཅིག་དག་གིས་བདེ་བླག་རྟོགས་བྱེད་པའི། །སྔོན་མེད་ལེགས་བཤད་བསྟན་བཅོས༼བརྡ་སྤྲོད་ཉི་ཤུ་བདུན་པ༽གསར་དུ་བརྩམས། །འདི་ནི་དེ་ཡི་ལེའུ་དང་པོ་རུ། །ཐོབ་ཚུལ་ངོས་བཟུང༼འཁྲུལ་གཞི་ཅན་གྱི༽མིང་གི་བྱེ་བྲག་རྣམས། །ཅུང་ཟད་རྒྱས་པར་ཕྱེ་བའི་སྐབས་ལ་བབ། །སྤྱིར་ན་རང་གཞན་གྲུབ་མཐའི་རྗོད་བྱེད་ཚིག །བོད་ཀྱི་བརྡ་སྐད་གཅིག་ཏུ་སྟོན་པས་ན། །བརྡ་སྤྲོད་དག་སྦྱོར་གཅིག་ལས་གཉིས་མེད་ཀྱང་། །བརྗོད་དོན་ཡི་གེའི་བྱུང་ཁུངས་ཐ་དད་དོ། །དེས་ན་བསྟན་པ་སྤྱི་དང་བྱེ་བྲག་ཏུ། །སྒྲ་རིག་ཡི་གེ་བྱུང་ཁུངས་ཅུང་ཕྱེས་པ། །བློ་གསར་རྣམས་ལ་བློ་གསལ་སྟོན་ཕྱིར་ལས། །མཁས་འདོད་ཕྱོགས་སུ་ལྷུང་བའི་ཀུན་སློང་མིན།།༼བརྡ་དག་རིན་ཆེན་གཏེར་ཁྱིམ་ལས་གུད་དུ་དཀོད་པའོ། ༽

མཆན་འགྲེལ། (༡)དཔེ་རྙིང་རྣམས་སུ༼ཁྱབ་པས་ཞུགས་བཞེན་འ་ཞས་བརྙབས་པ་ལས། ། འབྱུང་ལྔའི་ཡིག་འབྲུ་དཔའ་བོ་འབྲུ་ལྔ་བྱུང་།༽ཞེས་སྣང་ངོ་།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།