བོན་གྱི་སྐོར་ངོ་སྤྲོད་རགས་བསྡུས།

གཅིག  སྟོན་པ་གཤེན་རབས་ཀྱི་འཁྲུངས་རབས་སྐོར།
སྟོན་པ་ཁྲི་གཙུག་རྒྱལ་བའམ་གཤེན་རབ་མི་བོ་ཆེ་ནི་ཞང་ཞུང་འོལ་མོ་ལུང་རིངས་མཁར་བར་པོ་སོ་བརྒྱད་དུ་ཡབ་དམུ་རིགས་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། 《སྲིད་དོན》ལས། གཤེན་རབ་མི་བོ་ཆེ། སྐུ་མདངས་དུང་ཟླ་འདྲ། འཛུམ་མདངས་མེ་རེ་རེ། སྐུ་ལྟོས་རི་ལས་བརྗིད། མུ་ཐིང་རལ་པ་ནི། མུ་འོལ་ཕྱུགས་སེ་ཕྱུགས། སྐུ་ལ་ཅི་གསོལ་ན། རྒོད་ཐམ་ལྷམ་སེ་ལྷམ”ཞེས་གསུངས། གཤེན་རབ་མི་བོ་ཆེ་ནི་བཞིན་གྱི་དཀྱིལ་འཁོར་ཉ་རྒྱས་ཟླ་ལྟར་མཚུངས་པ།  དབུ་ལ་སྔོ་མཐིང་རལ་པས་བརྒྱན་པ། ཐུགས་དལ་ཞིང་རབ་ཏུ་ངག་འཇམ་པ། དགའ་སྤྲོའི་ཉམས་བཟང་ལྡན་པ། སྐུ་སྟོབས་རི་ལས་བརྗིད་པ། སྐྱེ་བོ་ཀུན་ལས་ཁྱད་དུ་འཕགས་པ། མཚན་བཟང་དང་ལྡན་པ་ཞིག་ཡོད། སྟོན་པ་འདི་ཉིད་ཀྱི་འཁྲུངས་ཚེས་སྐོར་ལ་འདོད་ཚུལ་མང་ཡང༌། 《མདོ་གཟེར་མིག》ལས། “གཤེགས་པའི་དུས་ཚོད་ཀྱང་འདི་ལགས་ཏེ། ལོའི་འགོ་བོ་བྱི་བ་ལ་དགོངས་ནས་གཤེགས་པ་ནི། ནན་ཏན་གྱིས་སེམས་ཅན་འདུལ་ཞིང༌། ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ། ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་དགོངས་ནས་གཤེགས་པ་ནི། འཇིག་རྟེན་གྱི་ཁམས་སུ། མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས། ཟླ་བ་བཅུ་གཉིས་ཀྱི་འགོ་དཔྱིད་ཟླ་ར་བ་ལ་དགོངས་ནས་བྱོན་པ་ལགས་སོ། ཞག་གི་སྙིང་བོ་ཚེས་བཅོ་ལྔ་ལ་གཤེགས་པ་ནི། སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་གྱི་རྗེས་དང༌།  ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པས་གཤེགས་པའོ།  སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི། བདུད་ལྔ་དབང་དུ་བསྡུས་ཏེ་རྒྱལ་བ་དང༌། འཇིག་རྟེན་ཟིལ་གྱིས་གནོན་ཏེ་རྒྱལ་བའི་ཕྱིར་རོ”༼ ཤོག་གྲངས་༥༦ ༽ཞེས་གསུངས། དེའི་ཐོག་ནས་སྟོན་པ་གཤེན་རབ་མི་བོ་ཆེ་ནི། བྱི་བ་ལོའི་ཟླ་བ་བཅུ་གཉིས་ཚེས་བ་བཅོ་ལྔར་སྐར་མ་རྒྱལ་གྱི་དུས་སུ་འཁྲུངས་པ་གསལ་པོར་བསྟན། འོན་ཀྱང་ལོ་ཁམས་གསལ་བར་མི་འཁོད་སྟབས་གཤེན་རབ་ཀྱི་འཁྲུངས་ལོའི་སྐོར་ལའང་བཤད་ཚུལ་མི་འདྲ་བ་མང་དུ་བྱུང་ཡོད། དེར་བརྟེན་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་བོན་གྱི་ཚད་ལྡན་ཡིག་རིགས་མང་པོའི་ནང་སྟོན་པའི་འཁྲུངས་ལོའི་སྐོར་ཚན་རིག་དང་མཐུན་པའི་ལོ་ཁམས་ངེས་གཏན་ཞིག་བཀོད་པ་ཤིན་ཏུ་མཐོང་དཀའ་བར་གྱུར། འོན་ཀྱང་《མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ》ཞེས་པ་དང༌།  《མདོ་གཟེར་མིག》སོགས་ཚད་ལྡན་ཡིག་རིགས་མང་པོའི་ནང་གཤེན་རབ་མི་བོ་ཆེ་དང་དུས་མཉམ་པའི་ཀོང་ཚེ་འཕྲུལ་གྱི་རྒྱལ་པོ་དང༌།  ལིག་ཏང་རྨང་པོ་སོགས་མཐའ་བཞིའི་མཁས་པ་མང་པོའི་མཚན་འཁོད།  ཀོང་ཚེ་དང་ལིག་ཏང་རྨང་པོ་ནི་ཀྲུང་གོའི་ལོ་རྒྱུས་ཐོག་ཁྲུན་ཆུའུ་ཀྲན་གོའི་དུས་རབས་ཀྱི་མཁས་པའི་དབང་པོ་ཞིག་ཡིན། རྒྱ་ཡིག་གི་ཡིག་ཚགས་ཁག་ལ་གཞིགས་ན་ཁོང་གཉིས་ནི་སྤྱི་ལོའི་སྔོན་གྱི་ལོ་ལྔ་བརྒྱ་ནས་དྲུག་བརྒྱའི་བར་གྱི་མི་ཡིན་པ་གསལ་བོར་བསྟན།  དེའི་ཕྱིར་སྟོན་པ་བཅོམ་ལྡན་འདས་དང་དུས་མཉམ་པ་ཞིག་རེད། དེ་ལྟར་འདོད་ན་གཤེན་རབ་མི་བོ་ཆེའང་དུས་རབས་དེའི་སྐབས་གནས་པའི་གཡུང་དྲུང་བོན་གྱི་སྟོན་པ་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ། འོན་ཀྱང་དེང་སྐབས་བོན་ལ་ཞིབ་འཇུག་གནང་མཁན་ལ་ལས་སྟོན་པ་གཤེན་རབ་མི་བོ་ཆེ་ནི་སྤྱི་ལོའི་སྔོན་གྱི་ལོ་༡༦༡༧ལ་སྐུ་འཁྲུངས་ཞེས་གསུངས།  འདི་ནི་གོང་དུ་སྨོས་པ་ལྟར་མིའི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་དང་ཡོངས་སུ་འགལ་བ་ཞིག་རེད།  《མདོ་འདུས》ལས། “ཀྱེ་མ་སྲས་ཅིག་གཤེན་རབ་སྟོན་པ་ཁྱོད།   རྒུང་ལོ་བཅུ་ལ་རྒྱས་པར་རབ་ཏུ་བཏོན། བཅོ་ལྔ་ལོན་ནས་ཁབ་ཀྱིས་སྐུ་བཙའ་ཞིང༌། བཅོ་བརྒྱད་ལོན་ནས་ཡབ་ལ་བོན་རྣམས་སྟོན། ཉི་ཤུ་རྩ་ལྔ་དག་ལ་ཕྱིའི་སྟོན་པ་མཛད། ད་ལྟ་དགུང་ལོ་སུམ་ཅུ་སོ་གཅིག་ལ། རྒྱལ་པོ་ཁྲི་ལ་ཕབ་ནས་འབངས་ཀྱིས་བཟུངས་བ་བཞིན།  རྒྱལ་སྲིད་མ་ལུས་བཙུན་མོ་འཁོར་སྤངས་ནས།  ཅིག་པུར་མེ་ཏོག་གླིང་ལ་གཤེགས་པ་ཅིག”༼ ཤོག་གྲངས་༥༧ ༽ཅེས་གསུངས།  སྟོན་པ་གཤེན་རབ་མི་ཡུལ་དུ་བྱོན་པའི་དུས་སུ་སྐྱེ་བོ་ཀུན་ཀྱང་ཡིད་ལ་སྤྲོ་བ་འཕེལ།  འཁྲུངས་ཡུལ་མཁར་བར་པོ་སོ་བརྒྱད་ཀྱི་མཐར་སྐྱེ་བོ་མ་ལུས་ཆུ་སྤྲིན་དཔུང་གིས་བསྐོར་བ་བཞིན་འདུས་ཏེ། ལ་ལས་རོལ་མོ་དཀྲོལ། ལ་ལས་རུ་མཚོན་འཕྱར། ལ་ལས་རྔ་བརྡུང༌།  ལ་ལས་གླུ་ལེན།  ལ་ལས་དྲི་ཞིམ་སྤོས་ཕུལ། ལ་ལས་སྐུ་ཁྲུས་གསོལ། ལ་ལས་བསྐོར་བ་དང་ཕྱག་འཚལ་མེ་ཏོག་ཕུལ། གཤེན་རབ་མི་བོ་ཆེ་དགུང་ལོ་བཅུར་སོན་སྐབས་འགྲོ་བའི་དོན་དུ་རབ་ཏུ་བྱུང༌།  འགྲོ་བའི་དོན་ལ་མོས་པ་རྣམས་ནི།   སྟོན་པའི་འཁོར་ཐོག་མཐའ་བར་གསུམ་དུ་བྱོན།

     འཁོར་གྱི་ཐོག་མ་ནི།  ནམ་མཁའི་བ་དན་ཅན་དང༌། ཁྱུང་གི་རུ་མཚོན་ཅན། རྨ་བྱའི་ལྡེམ་རྒྱང་ཅན། རྒོད་ཀྱི་འཕར་འདབ་ཅན། ཁུ་བྱུག་གསུང་སྙན་ཅན། ཟོ་བོ་སྦར་ཤང་ཅན། རྔ་སྟོང་རི་ཆེམ་པ་ཅན། གཤང་ཁྲོ་ལོ་གནམ་གྲགས་ཅན། དུང་འཕར་བོ་འཕར་ཆུང་ཅན།  གཤེན་ཡོངས་རྒྱལ་འབྲུག་སླག་ཅན། ཚ་རྒྱལ་རྒོད་ཞུ་ཅན། གཅོད་པའི་ཁྲ་སླག་ཅན། བདུད་རྩིའི་ཆར་སླག་ཅན། དེ་རྣམས་ནི་འཁོར་དང་པོ་རུ་ཆས་སོ། དང་པོ་པ་སྣང་ཆུང་ལྷོད་ཡངས་སྔོན་སྨོན་ལམ་འགྲོ་བའི་དོན་ལ་བཏབ་ནས་ཆས་པའོ་ཞེས་འཁོད།

    འཁོར་བར་པ་ནི། དབལ་བོན་རུམ་པོ། ཡོགས་བོན་གཏོ་རྒྱལ། ཁྲིན་བོན་ཕྱ་སངས། གཉེར་བོན་གཏོ་ཆེན། འོ་བོན་འབྲང་གཟུ། མཚམས་བོན་ཡོ་འཁྲུ། བདུད་བོན་ཆུ་ལྕགས།  དམུ་བོན་ཡེ་ཏན།  བཙན་བོན་མཚལ་ཆགས།  སྲིན་བོན་མུ་ཆོ། སྐོས་བོན་གཙུག་སྲས།ཕྱྭ་བོན་ཐེའུ་ལེགས།  ལྷ་བོན་ཐོད་དཀར། ཟླ་བོན་ཚེས་པ།  ཉི་བོན་དྲང་མ།  སྐར་བོན་གདངས་བཀྲ། སྤྲིན་བོན་བལ་ཐུལ། འཇའ་བོན་ཀུག་ཏང༌།  དལ་བོན་དབུ་དཀར།   ཟེར་བོན་གདངས་སྙན།  ལོ་བོན་གཏོ་ཆེན། རྫི་བོན་ངང་དྲུག  དེ་རྣམས་ནི་གཤེན་རབ་ཀྱི་འཁོར་འབྲིང་པོ་རུ་ཆས་སོ། འབྲིང་པོ་པ་ནི་སྟོན་པས་འགྲོ་བའི་དོན་དྲིས་པར་བསྐྱེད་ནས་ཆས་པའོ་ཞེས་འཁོད།

    འཁོར་མཐའ་མ་ནི། ཀླུ་བོན་དབྱར་སྙ་གྱིན་བུ།  གཉན་བོན་ཐང་ཐང་གྲོལ་བ།  རྒྱལ་བོན་བོང་པོ། སྨན་བོན་འབྲིམ་ཏང༌། གཟེད་བོན་ལ་ཚ།  སྲི་བོན་ཡེ་ངལ། འདྲེ་བོན་གླུ་དབོན་གྱེར་མཁས། སྲིན་བོན་མུ་འཕན་ཕེའུར། བྱུར་བོན་སྣ་བོན་ལི་སྦྱིན། གཤིན་རྗེའི་བོན་པོ་གཏའ་བོན་བྱོན་ཁྲི། ཆུད་ཀྱི་བོན་པོ་ཐར་བོན་གྲུ་སྐྱོལ་བཅས་སོ། དེ་རྣམས་ནི་འཁོར་མཐའ་མ་ལགས་སོ། ཐ་མ་ནི། གཤེན་རབ་ཀྱི་ཐུགས་རྗེ་དང༌། སྤྲུལ་བ། བྱིན་རླབས། འོད་ཟེར་ལས་བསྲིད་ནས་འགྲོ་བའི་དོན་དུ་སྟོན་པའི་སྒྲོན་མར་གཤེགས་སོ་ཞེས་གསུངས།  ༼《མདོ་གཟེར་མིག》ཤོག་གྲངས་༣༥༽

    དེ་ནས་སྟོན་པ་གཤེན་རབ་དགུང་ལོ་བཅོ་ལྔར་ཕེབས་པའི་དུས་སུ་ཡུལ་ཧོས་མོ་གླིང་དྲུག་ནས་ཧོས་དང་བ་ཡིད་རིངས་ཀྱི་བུ་མོ། ཧོས་བཟའ་རྒྱལ་མེད་ཁབ་ཏུ་བཞེས། 《མདོ་ གཟེར་མིག》ལས། “བྲམ་ཟེའི་བུ་འགྱུར་བ་བློ་གསལ་གྱིས།  གཤེན་རབ་ཀྱི་ཁབ། ཧོས་དང་བ་ཡིད་རིངས་ཀྱི་བུ་མོ། ཧོས་བཟའ་རྒྱལ་མེད་མར་བཟང་ངན་གྱི་མཚན་བརྟག་སྟེ། གཤེན་རབ་ལ་ཞུས་པ། གསོལ་ཀྱི་རྒྱ་མཚོ་བསྐྱེད་པའི་ས་གཞི་དང་འདྲ་བའི།  བཙུན་མོ་དམ་པ་ཧོས་བཟའ་རྒྱལ་མེད་འདི།  བདག་གིས་བརྟག་པས་ཤིན་ཏུ་མཚན་བཟང་བའི། ལེགས་པའི་ཡོན་ཏན་མཚན་རྣམས་ཚང་བར་གདའ”༼ཤོག་གྲངས་༡༦༩༽ཞེས་སོགས་བསྟོད་པའི་ཚིག་མང་དུ་གསུངས།  ཧོས་བཟའ་རྒྱལ་མེད་འདི་ནི་བཞིན་གྱི་དཀྱིལ་འཁོར་ལེགས་པ་དང༌། མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པ། སྐྱེ་བོ་ཀུན་གྱིས་མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག་པ་ཞིག་ཡོད་པས།  གནས་མཆོག་དམ་པ་འོལ་མོ་ལུང་རིངས་ཀྱི་མི་རྣམས་ཀྱིས་གཡང་ཆ་སྣ་ཚོགས་བཏེགས་ནས་དགའ་སྤྲོའི་དཔལ་ལ་རོལ་བཞིན་བསུ་བ་གཟབ་རྒྱས་མཛད་དེ་བཀྲ་ཤིས་སྐྱིད་ཀྱི་ཕོ་བྲང་མཁར་བར་པོ་སོ་བརྒྱད་ཀྱི་ནང་དུ་གདན་དྲངས་ནས་གསེར་ཁྲི་སེར་པོར་གཤེན་རབ་མི་བོ་ཆེ་དང༌། གཡུ་ཁྲི་སྔོན་པོར་ཧོས་བཟའ་རྒྱལ་མེད་བཞུགས་སུ་གསོལ།

    《མདོ་འདུས》ལས། “རྨ་ལོ་གཡུ་ལོ་སྤྲུལ་བའི་གཅུང༌། ཧོས་ཟ་རྒྱལ་མེད་ཁབ་ཏུ་བཞེས། སྲས་ནི་གཏོ་བུ་འབུམ་སངས་དང༌།  དཔྱད་བུ་ཁྲི་ཤེས་གཉིས་འཁྲུངས་སོ། བུ་མོ་གཤེན་ཟ་ནེའུ་ཆེན་འཁྲུངས། དབོའ་ཟ་ཐང་མོ་ཁབ་ཏུ་བཞེས་པ། སྲས་ནི་ལུང་འདྲེན་རྒྱུད་འདྲེན་དང༌།  བུ་མོ་གཤེན་ཁྱེའུ་ཆུང་འཁྲུངས།  དེ་ནས་མགོན་གསུམ་ཕྱ་ཕུལ་དུ། གཤེན་རབ་ཐུགས་རྗེས་དགྱེས་སྡེ་མོ། ལྷ་ཟ་གུང་དྲུག་ཁབ་ཏུ་བཞེས།  མུ་ཆོ་ལྡེམ་དྲུག་སྲས་སུ་འཁྲུངས། དེ་ཡང་མུ་མེད་བོན་ལ་མཁས་པས། གྲང་མེད་ཆོ་རབ་ཤེས། དུང་གིས་ལྡེམ་ཤིང་འཛིན།  མངོན་ཤེས་དྲུག་ལྡན་ནོ། གསས་ཟ་ངང་དྲུག་ལེགས་པའི་ཁབ།  སྲས་ཅིག་འོལ་མོ་ལུང་རིངས་སུ། སྡེ་དྲུག་བོན་ལ་མཁས་པའོ།། ཤེས་རབ་ལམ་གྱིས་དགྱེས་སྡེ་མོ། བདུད་ཀྱི་རྟ་ཕྲོག་པའི་ཆམ། འོལ་དྲུག་ཐང་པོ་འཁྲུངས།རྐོང་ཚ་ཁྲི་ལྕམ་སླང༌། གཤེན་བུ་རྐོང་ཚ་འཁྲུངས། མི་རྒྱུད་དེ་ལ་གྲོལ། ཡ་ངལ་གྱིས་གང་ལགས། མུ་ཁྱུད་བདལ་པའི་མཚོ་གླིང་དུ། ཀོང་ཚེ་འཕྲུལ་གྱི་རྒྱལ་པོ་ཡིས། དགེའ་སྐོས་ཨན་ཙེ་ཕྱས་བྱས་དེ། སྟོན་པ་གཤེན་རབ་མི་བོའི།  བསྟན་པ་རྣམ་གསུམ་རྗེས་བཞགས་མཛད། ཀོང་ཙེས་བུ་མོ་འཕྲུལ་སྒྱུར་ཕུལ། གཤེན་བུ་འཕྲུལ་བུ་ཐུང་འཁྲུངས་སྟེ། འཕྲུལ་བསྒྱུར་རྩིས་ལ་མཁས་པའོ། “༼ ཤོག་གྲངས་༢༡ ༽ ཞེས་འཁོད།

    གོང་གསལ་འདིའི་ཐོག་ནས་གཤེན་རབ་མི་བོ་ཆེས་ཧོས་ཟ་རྒྱལ་མེད་ཁབ་ཏུ་བཞེས་པ་ལ་སྲས་གདུང་སྲས་གཏོ་བུ་འབུམ་དང༌། དཔྱད་བུ་ཁྲི་ཤེས། སྲས་མོ་གཤེན་ཟ་ནེའུ་ཆེན་འཁྲུངས།  དེ་རྗེས་དབོའ་ཟ་ཐང་མོ་ཁབ་ཏུ་བཞེས་པ་ལ་གདུང་སྲས་ལུང་འདྲེན་དང༌། རྒྱུད་འདྲེན། སྲས་མོ་གཤེན་ཁྱེའུ་ཆུང་འཁྲུངས།  དེ་ནས་ལྷ་ཟ་གུང་དྲུག་ཁབ་ཏུ་བཞེས་པ་ལ། མུ་ཆོ་ལྡེམ་དྲུག་སྲས་སུ་འཁྲུངས། དེ་རྗེས་གསས་ཟ་ངང་དྲུག་ཁབ་ཏུ་བཞེས་པ་ལ། སྲས་འོལ་དྲུག་ཐང་པོ་འཁྲུངས། དེ་ནས་ཀོང་ཟ་ཁྲི་ལྕམ་ཁབ་ཏུ་བཞེས་པ་ལ། སྲས་འོལ་དྲུག་ཐང་པོ་འཁྲུངས། དེ་ནས་རྒྱ་རྗེ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་སྲས་མོ་འཕྲུལ་བསྒྱུར་མ་ཁབ་ཏུ་བཞེས་པ་ལ་སྲས་གཤེན་བུ་འཕྲུལ་བུ་ཐུང་འཁྲུངས། དེ་ལྟར་འདོད་ན་གཤེན་རབ་མི་བོ་ཆེས་སྔ་རྗེས་སུ་བཙུན་མོ་དྲུག་ཁབ་ཏུ་བཞེས་ནས་གདུང་རྒྱུད་སྲས་བརྒྱད་དང༌། སྲས་མོ་གཉིས་འཁྲུངས། དགུང་ལོ་བཅོ་བརྒྱད་ལ་ཕེབས་པའི་དུས་སུ་ཡབ་རྒྱལ་བོན་ཐོད་དཀར་གྱི་དྲུང་ནས་ཡབ་མེས་རྒྱུད་ཀྱི་བོན་རྣམས་གསན། རིག་གནས་སྤྱི་དང་ཁྱད་པར་ཕ་མེས་རྒྱུད་ཀྱི་བོན་གྱི་གཞུང་ལུགས་ལ་སྦྱང་བ་མཐར་ཕྱིན་མཛད། དེ་ནས་སྟོན་པ་གཤེན་རབ་མི་བོ་ཆེ་འཁོར་དང་བཅས་པ་མཐའ་བཞིའི་ཡུལ་གྲུ་གང་སར་ཞབས་ཀྱིས་བཅགས་ཏེ་གདུལ་བྱ་འགྲོ་བའི་དོན་རྒྱ་ཆེར་སྤེལ། ལྷག་པར་དུ་ཞང་ཞུང་འོལ་མོ་ལུང་རིངས་སུ་འཁོར་རྣམས་ལ་བོན་གྱི་འཁོར་ལོ་རྒྱ་ཆེན་བསྐོར།  དེ་ནས་དགུང་ལོ་ཉེར་ལྔ་ལ་ཕྱིའི་སྟོན་པ་མཛད།  དགུང་ལོ་སུམ་ཅུ་སོ་གཅིག་ལ་ཁྱིམ་སྤངས་ནས་མེ་ཏོག་གླིང་ལ་གཤེགས། 《མདོ་གཟེར་མིག》ལས།  “སྤྱན་སྔར་འདུས་པ་མང་པོའི་འཁོར་རྣམས་ཀུན། མི་ལུས་རིན་ཆེན་ཐོབ་པའི་རྟིང་འདི་ལ། རང་གི་རང་ལ་སླུ་བ་མ་བྱེད་པར། འཁོར་བའི་ཁྱིམ་སྤོངས་བདག་དང་རབ་ཏུ་བྱུང་”༼ཤོག་གྲངས༦༨༡༽ཞེས་གསུངས་པས། སྟོན་པའི་འཁོར་རྣམས་བློ་ཡི་རང་བཞིན་ཐ་དད་པས། དགའ་དང་མི་དགའ་བ་མང་ཡང་སུས་ཀྱང་སྟོན་པར་དངོས་སུ་ཞུ་མི་ནུས།  སྟོན་པ་གཤེན་རབ་མི་བོ་ཆེ་ཡིས་ད་དུང་འཁོར་རྣམས་ལ་འཁོར་བ་འདི་རྒྱུ་ཡིན་པའི་བཀའ་མང་པོ་མཛད། 《མདོ་འདུས》ལས།”ལ་འུལ་མྱུར་ལ་ཁྱིམ་སྤང་རབ་ཏུ་མ་བྱུང་ན། ཁྱིམ་ཞེས་བྱ་བ་སྤྱོད་པ་མགོ་འཁྲུལ་འདི། རང་གི་སྡུག་བསྔལ་སྟེང་དུ་གཞན་གྱི་སྡུག་བསྔལ་ལ།  ཅི་བྱས་འདིར་སྡུག་ཕྱི་མའི་སྡིག་བསགས་པས།  དམྱལ་བའི་གནས་སུ་གཏན་འཁྱམས་ངེས་པའི་རྒྱུ། འཁྱམས་པའི་དུས་སུ་དམྱལ་བའི་སྡུག་བསྔལ་ནི། ཚ་བའི་དམྱལ་བ་ཤིན་ཏུ་བཟོད་གླགས་མེད…༼ཤོག་གྲངས༧༩༽ཅེས་གསུངས།  དེའི་དུས་ན་འདུས་པའི་འཁོར་རྣམས་ལྟ་བ་མི་འདྲ་བ་རིགས་གཉིས་སུ་གྱེས་ཏེ།  འགའ་ཞིག་དད་གུས་ཅིག་ཅར་འཆར་ཏེ་ཤིན་ཏུ་དགའ་བའི་སེམས་བསྐྱེད་ནས་སྟོན་པའི་བཀའ་བཞིན་ཁྱིམ་སྤངས་རབ་ཏུ་བྱུང་བའི་དམ་བཅའ་ཕུལ། འགའ་ཞིག་གིས་ཤིན་ཏུ་མི་དགའ་བའི་སེམས་བསྐྱེད་ནས་འདི་ལྟར་ཞུས།  སྟོན་པའི་བཀའ་འདི་ཤིན་ཏུ་གཉན་ལགས་ཏེ།  ལོངས་སྤྱོད་ཁྱིམ་གྱི་ཟང་ཟིང་དང༌།  ལས་ཀྱིས་འབྲེལ་གདུང་ཟླ་རོགས་དང༌།  སྙིང་དང་དབྱེར་མེད་བུ་ཚ་དང༌། འབྲེལ་བའི་འཁོར་འདབ་མང་པོ་རྣམས།  ལོངས་སྤྱོད་སྐྱིད་རྟགས་རྒྱལ་བའི་རྐྱེན།  འདི་དང་མི་བྲལ་ཡུན་དུ་འགྲོགས།  འཁོར་སྤངས་གཤེགས་པ་རབ་མ་ལགས།  ཐ་མ་རྒྱལ་བཞག་སྤྲང་དང་མཚུངས། གཉན་ཡང་སྟོན་པའི་བཀའ་ཡང་གཅོག་ཅེས་ཞུས། དེ་ནས་སྟོན་པ་གཤེན་རབ་མི་བོ་ཆེས་འཁོར་རྣམས་ལ་བཀའ་ཇི་སྙེད་ཅིག་བསྩལ་ཏེ་མཐར་གཅིག་པུར་མེ་ཏོག་གླིང་དུ་གཤེགས་པའོ།།

    དེ་ནས་མེ་ཏོག་གླིང་དུ་བཞུགས་པའི་ཚུལ་ནི་《མདོ་འདུས》ལས། “རིན་ཆེན་ཁྲུས་ ཀྱི་རྫིང་བུ་དང༌། དཔག་བསམ་ཤིང་གི་ལོ་བཟང་དང༌། འདོད་ཞོ་འབྱུང་བའི་བ་མོ་དང༌། མ་རྨོས་འབྲུ་སའི་ལོ་ཏོག་དང༌། རིན་ཆེན་གཞི་བཀྲ་སྟོན་པའི་གདན། ཙན་དན་ཤིང་གི་སྡོང་པོ་དང༌།  བཀྲ་ཤིས་རྟགས་ཀྱི་རྫས་བརྒྱད་དང༌།  རྒྱལ་རྟགས་རིན་ཆེན་སྣ་བདུན་དང༌།  གསལ་བ་ཧོས་ཀྱི་འོད་གུར་དང༌། འཇའ་ཚོན་རིས་ཀྱི་ས་ཡོལ་རྣམས། སྟོན་པའི་ལོངས་སྤྱོད་རྒྱ་ཆེ་ཡོད། གཡས་ན་དགའ་ལྡན་ལྷ་ཡི་གླིང༌། ངོ་མཚར་བཀོད་པ་ལྡན་པ་དང༌། སྟོན་པ་ལྷ་མ་བོན་བཤད་པ། ལྷོ་ན་ཚད་མེད་བྱང་ཆུབ་གླིང༌། བེ་དུར་ས་བཞི་མཛད་པ་ལས། གསེར་གྱི་མེ་ཏོག་པད་མ་བཀྲ། རང་རྒྱུད་ཚད་མེད་བཞི་སྦྱངས་ནས་གཡས་ནས་བདུད་འདུལ་སྔགས་ཀྱི་གླིང༌།  ཨ་དཀར་སྔགས་རྒྱུད་བཤད་པའི་ས་སྟོན་པ་བདུད་ནི་བཏུལ་བའི་ས”༼ ཤོག་གྲངས་༡༠༣ ༽ཞེས་སོགས་གླིང་འདིའི་ཁྱད་ཆོས་རྣམས་རི་མོའི་གཟུགས་སུ་བཀོད་པ་ལྟར་ གསལ་ཞིང་གསལ་བར་བཀོད།

    དེ་ནས་སྟོན་པ་བཞུགས་པའི་གནས་དེར་བཀྲ་མི་ཤིས་པའི་རྟགས་དང་མཚན་མ་བྱུང་བ་སྟེ།  བཞུགས་གནས་བར་པོ་སོ་བརྒྱད་ཀྱི་བཀྲ་མདངས་ཉམས་པ་དང༌།  སྐྱེད་ཚལ་ལྡུམ་རའི་མེ་ཏོག་སད་ཀྱིས་འཁྱེར་བ། གླིང་འདི་ཡོངས་ཀྱི་ལྗོན་ཤིང་ལོ་མ་སྐམ་པ།  སྐྱེ་བོ་ཕོ་མོ་ཀུན་གྱི་ཡིད་ལ་སྐྱོ་མདངས་འཆར་བ་བཅས་བྱུང་སྟེ།  སྟོན་པ་གཤེན་རབ་མི་བོ་ཆེས་ཀྱང༌། 《མདོ་འདུས》ལས།  “ང་ནི་བརྒྱད་བཅུ་རྩ་གཉིས་ལོན། གཤེན་རབ་རྫུ་འཕྲུལ་རྐང་པ་ལྡན། འདའ་དང་མི་འདའ་རང་དབང་ཆེ། ཡེ་ཤེས་རྫུ་འཕྲུལ་རང་དབང་ཆེ། རང་དབང་ཆེ་བར་གྱུར་ན་ཡང༌། སེམས་ཅན་རྨོངས་པའི་ལངས་ངན་ནི། གཤེན་རབ་མཐུ་ཡང་རྒྱུག་པ་མིན། འཛམ་བུ་གླིང་དུ་མཛད་པ་རྫོགས། རྟག་འཛིན་ཅན་གྱི་རིགས་རྣམས་ལ།  འཁོར་བ་མི་རྟག་ཚུལ་བསྟན་ཕྱིར།  བདག་ནི་ཡོངས་སུ་མྱ་ངན་འདས”༼ ཤོག་གྲངས༡༡༡ ༽ཞེས་གསུངས་ནས་མྱ་ངན་ལས་འདས་པའོ། སྟོན་པའི་འཁོར་རྣམས་ཀྱིས་ཕྱག་དང་མཆོད་པ་རྒྱ་ཆེ་མཛད།  དགུང་ཞག་བཞི་བཅུ་ཞེ་དགུའི་རིང་མདོ་འབུམ་རྒྱུད་སོགས་ལྗགས་ཀློག་མཛད། བདེ་གཤེགས་སྟོང་གི་གདུང་ཁང་དཀྱིལ་འཁོར་བྲིས། རིན་ཆེན་ཁྲི་དགུ་དགུང་བཏིང་ལ། ཙན་དན་མེ་ལ་སྟོན་པའི་གདུང་བཞུས་ཏེ་གདུང་མཆོད་ལེགས་པར་བྱས། དེ་ནས་གདུང་ཐལ་ཁག་ལྔ་རུ་བགོས་ནས་ཕོ་བྲང་ལྔ་རུ་བཞུགས་སུ་གསོལ་བ་སོགས་མཛད་དོ།  ། མཛེས་པའི་གླིང་དུ་མཆོད་རྟེན་བཅུ་གཉིས་བཞེངས། ཐུགས་ལྗགས་རིང་བསྲེལ་གདུང་ཁང་བར་པོ་སོ་བརྒྱད་དུ་བཞུགས་སུ་གསོལ་བ་སོགས་མཛད།

    དེ་ནས་སྟོན་པའི་འཁོར་རྣམས་ཀྱིས་བོན་གྱི་གཞུང་ལུགས་དར་ཞིང་སྤེལ་བའི་ཆེད་དུ་སྟོན་པ་དགོངས་པ་མྱ་ངན་ལས་འདས་ནས་ལོ་གཅིག་སོང་བ་ན། གཡུང་དྲུང་བཀོད་པའི་གླིང་དུབཀའ་བསྡུ་འཚོགས། སྟོན་པ་གཤེན་རབ་མི་བོའི་གཅུང་ངམ་ཐུགས་སྲས་རྨ་ལོ་གཡུ་ལོ་གཉིས་དང༌།  སྲས་གཏོ་བུ་དཔྱད་བུ་གཉིས། ལུང་འདྲེན་རྒྱུད་འདྲེན་གཉིས་སོགས་འཁོར་རྣམས་ཀྱིས་སྟོན་པས་བཀའ་ཇི་ལྟར་བསྩལ་བ་བཞིན་བོན་གྱི་བསྟན་པ་གོང་དུ་སྤེལ། བོན་གྱི་གཞུང་ལུགས་མང་པོ་མཐའ་བཞིའི་ལོ་ཆེན་དྲུག་གིས་གཡུང་དྲུང་ལྷ་ཡི་སྐད་ནས་རང་རང་ཡུལ་གྱི་སྐད་དུ་བསྒྱུར། མཐའ་བཞིའི་ལོ་ཆེན་དྲུག་ནི་ཏག་ཟིག་ལོ་ཙཱ་བ་མུ་ཏྲ་ཧེ་དང༌། ཞང་ཞུང་ལོ་ཙཱ་བ་ཁྲི་ཐོག་སྤར་ཚ། སུམ་པ་ལོ་ཙཱ་བ་འགུམ་ལིང་སྤར་མ། རྒྱ་གར་ལོ་ཙཱ་བ་ལྷ་བདག་སྔགས་གྲོལ། རྒྱ་ནག་ལོ་ཙཱ་བ་ལིག་ཏང་རྨང་པོ་ཁྲོམ་གྱི་ལོ་ཙཱ་བ་གསེར་ཐོག་ལྕེ་འབྱམས་བཅས་སོ། དེ་ནས་བོད་དུ་རྒྱལ་ཕྲན་བཅུ་གཉིས་ཀྱི་རིང་དུ་བོད་ཀྱི་མཁས་པ་མི་བཞི་ལ་བརྒྱུད། བོད་ཀྱི་མཁས་པ་མི་བཞི་ནི་ལྡེ་བོན་གྱིམ་ཚད་རྨ་ཆུང་དང༌། མི་ཉག་ལྕེ་ཚ་མཁར་བུ། སུམ་པ་མུ་སྤུད་གསང༌།  ཞང་ཞུང་སྟོང་རྒྱུང་མཐུ་ཆེན་བཅས་སོ། དེ་ནས་བོད་ལ་བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་བཙུགས་པ་བཅས་སོ།།

གཉིས།  བོན་གྱི་གཞུང་དང་ལྟ་བའི་སྐོར། 

     སྤྱིར་ན་བོན་ལ་ཕྱི་བོན་དང་ནང་བོན་གཉིས་སུ་དབྱེ་ཞིང༌། དེ་དག་ནི་གཙོ་བོ་སྐྱབས་འགྲོའི་ཁྱད་པར་ལས་དབྱེ་བ་སྟེ། དཀོན་མཆོག་གསུམ་མམ་ཡུལ་མཆོག་གནས་བཞི་ལ་སྐྱབས་སུ་འགྲོ་བ་ནི་བོན་དང༌།  དེ་ལས་ལྡོག་སྟེ་ལྷ་ཚངས་པ་དང༌། བརྒྱ་བྱིན།  དབང་ཕྱུག་ཆེན་པོ་ལ་སོགས་པར་སྐྱབས་གནས་མཐར་ཐུག་འཛིན་པ་ལ་ཕྱི་བོན་ཞེས་གྲགས།

     བོན་གྱི་གཞུང་ལུགས་ལ་བཀའ་མ་དང་གཏེར་མ་རིགས་གཉིས་སུ་དབྱེ་བ་དང༌།  བོན་གྱི་བསྟན་པ་ཕྱི་དར་དུས་སུ་དེ་དག་གི་སྙིང་བཅུད་རྣམས་གཅིག་ཏུ་བསྡུས་ཏེ་གཡུང་དྲུང་བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་ཞེས་པོད་ལྔ་བརྒྱ་ལྷག་ཙམ་ཡོད་ཅིང༌། དེ་རྣམས་ནི་བོན་གྱི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་གལ་ཆེའི་བཀའ་བསྟན་གཞུང་ལུགས་ཤིག་རེད།  སྤྱིར་ན་བོན་གྱི་གཞུང་ལུགས་ནི་ཧ་ཅང་རྒྱ་ཆེ་བ་དང༌།  ལོརྒྱུས་ཡུན་རིང་ལ་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡོད་པས་སྐྱེ་བོ་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར། འོན་ཀྱང་ཕྱིས་སུ་དར་བའི་བོན་གྱི་གཞུང་ལུགས་མང་པོ་ཞིག་ནི་བན་བོན་གྱི་ལྟ་སྒོམ་གྱི་གཞུང་ལུགས་མང་པོ་ཕན་ཚུན་མཉམ་བསྲེས་ཀྱིས་བོད་ཀྱི་ཁྱད་ཆོས་ལྡན་པའི་སངས་རྒྱས་ཆོས་ལུགས་ཤིག་ཏུ་གྱུར་བ་རེད་སྙམ། དེ་ཡང་《ཐུའུ་བཀྭན་གྲུབ་མཐའ》ལས།  “ཆོས་དང་བོན་ཞེས་འགལ་བའི་ཚང་བྱེད་ཀྱང༌།  ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས།  ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུ། ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་འགྱུར”༼ ཤོག་གྲངས༣༨༩ ༽ཞེས་གསུངས་པ་འདི་ནི་ལོ་རྒྱུས་ཀྱི་དོན་དངོས་དང་ཡོངས་སུ་མཐུན།

    འོ་ན་བོན་རང་ཉིད་ཀྱི་མདོ་སྔགས་སེམས་གསུམ་གྱི་ལྟ་བའི་གཞུང་གཙོ་བོ་གང་དང་གང་ཡོད་ཞེ་ན། 《མདོ་འདུས》ལས། “དེ་ནས་སྟོན་པ་གཤེན་རབ་ལ། གསང་བ་སྡུད་ཀྱིས་ཞུས་པར། རྒྱལ་བོན་སྟོན་པ་གཤེན་རབ་ཉིད། གྱེར་ཆེན་སྒོ་བཞི་མཛོད་དང་ལྔ༌།  ཧོས་སྒོ་ཐེག་པ་རིམ་པ་དགུ། ཆབ་དཀར་གྱེར་སྒོ་གྱེར་མན་ཊ། འདུལ་བ་མན་ངག་ལུང་དང་བཅས། རྒྱས་པ་མདོ་འབུམ་སྡེ་དང་བཅས་སོགས་ཇི་ལྟར་ལགས་ཞེས་ཞུས། སྟོན་པས་བཀའ་སྩལ་བ། མདོ་སྡུད་ལ་སོགས་འཁོར་རྣམས་ཉོན། ཨ་བོ་ལུང་གྱིས་གྱེར་སྒོ་བཞི།  ཐོ་ཐོགས་ནང་གི་མཛོད་ཡིན་ཏེ། སྒོ་བཞི་བསྟན་པ་མདོ་རུ་བསྡུས། ཧོས་སྒོ་ཐེག་པ་རིམ་པ་དགུ།  སྡེ་རུ་བསྟན་པ་བརྒྱད་ཁྲི་དང༌། བཞི་སྟོང་དག་ཏུ་དབྱེ་བའོ། དེ་ཕྱིར་མདོ་སྡེར་བསྟན་པའོ། རྒྱུད་མ་ཆད་པས་རྒྱུད་སྡེའོ། བསྡུས་ན་ཐིག་ལེ་ཉག་ཅིག་གོ  དེ་ལ་བདེན་པ་གཉིས་སུ་དབྱེ། ཀུན་རྫོབ་མཚན་མ་དངོས་སུ་བདེན། དོ་དམ་མཚན་མ་མེད་པར་བདེན། བདེན་པ་གཉིས་པོ་མཉམ་པའོ། དེ་ཡང་ཚད་མ་གསུམ་གྱིས་གཏན་ལ་ཕབ། སྟོན་པའི་བཀའ་ཚད་མ་དང༌།   དོན་ལྡན་ལུང་གི་ཚད་མ། དོན་རྟོགས་རིག་པའི་ཚད་མའོ། དེ་ཡང་ཤེས་རབ་གསུམ་གྱི་ཉམས་སུ་ལོང༌། དག་སྒོ་དག་ལ་མི་ཐོགས་ཀྱིས། གཟུངས་པོ་དག་ལ་འཛིན་ཤེས་མཛོད། གོ་ལམ་དག་ལ་དོན་ཤེས་ཀྱིས།  གྱེར་ཆེན་སྒོ་བཞི་མཛོད་དང་ལྔ། ཧོས་སྒོ་ཐེག་པ་རིམ་དགུར་དབྱེ། ཕྱྭ་གཤེན་སྣང་གཤེན་སྲིད་གཤེན་དང༌།  འཕྲུལ་གཤེན་རྒྱུ་ཡི་བོན་བཞི་དང༌།  ཆབ་ནག་སྲིད་རྒྱུད་སྒོ་ནས་བྱུང༌། གཏོ་དཔྱད་འབུམ་སྡེས་གཞན་དོན་གྱིས། དགེ་བསྙེན་དྲང་སྲོང་འདུལ་བའི་སྡེ། རྒྱུ་དྲུག་མངོན་བཞི་འདུལ་ཁྲིམས་བསྲུངས།  ཨ་དཀར་སྔགས་རྒྱུད་ཕྱི་ནང་གསང༌། ཆབ་དཀར་སྔགས་ཀྱི་སྒོ་ནས་བྱུང༌། ཡེ་གཤེན་མདོ་འབུམ་ལྟ་བའི་སྡེ།  འཕན་ཡུལ་རྒྱས་པའི་སྒོ་ནས་བྱུང༌།  དགོངས་རྒྱུད་ཟབ་མོ་ཉམས་སུ་ལོངས། རྫོགས་ཆེན་ཨ་ཏི་བ་ཡི་སྡེ། གཙང་མ་མཐོ་ལྟོ་རྒྱུད་ནས་བྱུང༌། ལྟ་དགོངས་འགྱུར་མེད་ཉམས་སུ་ལོངས། ཧོས་སྒོ་བརྒྱད་ཁྲི་བཞི་སྟོང་ནི། མདོ་འབུམ་རྒྱུད་སྡེ་བཞི་ལས།  ཉིས་ཁྲི་བཞི་སྟོང་བཞིར་དབྱེའོ། ལྟ་རྒྱུད་གཤེན་རྒྱུད་སྲིད་རྒྱུད་གསུམ། དུས་ཀྱིས་མཐའ་ལ་འོང་བ་ཡིན། དབུ་མ་ཚད་མ་   རྫོགས་ཆེན་གསུམ། བསྟེན་པ་དར་སོ་འོང་བ་ཡིན།  དགེ་བསྙེན་གཙང་བཙུན་དྲང་སྲོང་གསུམ། འདུམ་པའི་སྡེ་ལ་འོང་བ་ཡིན། འདུལ་བ་གསང་སྔགས་ལྟ་བ་གསུམ། མཐའ་མར་ཉམས་སུ་ལེན་པ་ཡིན། གསང་བ་མདོ་སྡེ་གསང་སྒོ་དགོས”ཞེས་སོགས་བཀའ་མང་དུ་བསྩལ། སྟོན་པ་གཤེན་རབ་མི་བོ་ཆེ་ཡིས་འཁོར་ཉན་ཐོས་རྣམས་ལ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང༌། རྒྱུ་འབྲས་ཀྱི་ཐེག་པ་རིམ་པ་དགུ། བོན་སྒོ་བཞི་དང་མཛོད་དང་ལྔ། བདེན་པ་གཉིས།  ཚད་མ་གསུམ། བོན་སྒོར་འཇུག་པའི་ལམ་དང། ལྟ་བ།  ཉམས་ལེན་སྐོར་རྒྱས་པར་གསུངས་སོ།།

   ཡང་《ཐུའུ་བཀྭན་གྲུབ་མཐའ》ལས། “བོན་གྱི་ཆོས་ལ་བཀའ་འགྱུར་བྱིང་གི་ཚབ་ཡོད་ཅིང༌། ལྟ་བ་སྟོན་པའི་གཞུང་རྫོགས་པ་རིན་ཆེན་གསེར་གྱི་ཕྲེང་བ། རྩ་འབྲེལ་རླུང་གི་སྤུ་གྲི། མན་ངག་འཁོར་ལོ་འོད་གསལ་སོགས་དང་སྒོམ་པའི་གཞུང༌། ཕུང་པོ་རང་གྱུར་ཐེག་ལེ་དགུ་སྐོར། གསེར་ཐིག  ལུས་སེམས་ཉམས་མྱོང༌། སེམས་ལུང་ཡེ་ཁྲི་དཀར་པོ་སོགས་དང། སྤྱོད་པའི་སྐོར་ལ། ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ། ཡེ་གཤེན་བཀོད་པ་དོན་གྱི་འབུམ། གཡུང་དྲུང་ས་བཅུ་ལམ་གྱི་འབུམ།  རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ།  དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ། གཞན་ཡང་ནད་འབུམ་ནག་པོ། ཚེ་འབུམ་ཁྲ་བོ། སྨན་འབུམ་དཀར་པོ། གཏོ་འབུམ་ནག་པོ་སོགས་དང༌།  འཕྲིན་ལས་ཀྱི་སྐོར་ལ།  གཏོ་ཐབས་སུམ་བརྒྱ་དྲུག་ཅུ། དཔྱད་ཐབས་བརྒྱད་ཁྲི་བཞི་སྟོང༌། གྱེར་སྒོམ་བཞི།  སྐད་ཅོང་བརྒྱད།  ཤི་ཐབས་སུམ་བརྒྱ་དྲུག་ཅུ། འདུར་ཐབས་བརྒྱད་ཅུ་རྩ་གཅིག་སོགས་ཏེ་དེ་ལ་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ཟེར”༼ཤོག་གྲངས༣༨༣༽ཞེས་བོན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ལུགས་ཀྱི་རྣམ་གྲངས་མང་དུ་གསུངས།  གོང་དུ་བཀོད་པ་དེའི་ཐོག་ནས་བོན་གྱི་གཞུང་ལུགས་བསྟན་བཅོས་ནི་ནང་དོན་ཕུན་སུམ་ཚོགས་ལ་གཏིང་ཟབ་པ་ཞིག་ཡིན་པ་གསལ་པོར་རྟོགས། ཁྱད་པར་དུ་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་བོན་ལ་ཞིབ་འཇུག་གནང་མཁན་མཁས་པ་མང་པོས་བོན་ལུགས་ལ་ཞིབ་འཇུག་མཛད་སྐབས་བོན་གྱི་ཐེག་པ་རིམ་པ་དགུ་ཡི་སྐོར་ལ་དོ་སྣང་ཆེན་པོ་གནང་བས་དེའི་གལ་ཆེའི་རང་བཞིན་ནི་བརྗོད་མི་དགོས་པ་ཞིག་རེད།  སྤྱིར་ན་བོན་གྱི་ཐེག་པ་དགུ་ཡི་སྐོར་ལ།  བོན་གྱི་ལོ་རྒྱུས་ཡིག་རིགས་ཁག་ལ་གཞིགས་ན་ནང་གསེས་དབྱེ་ཚུལ་མི་འདྲ་བ་གསུམ་ཙམ་ཡོད་པ་སྟེ།  ལྷོ་གཏེར་གྱི་ཐེག་པ་རིམ་པ་དགུ་དང༌།  དབུས་གཏེར་གྱི་ཐེག་པ་རིམ་པ་དགུ།  བྱང་གཏེར་གྱི་ཐེག་པ་རིམ་པ་དགུ་བཅས་གསུམ་ལས།(༡)ལྷོ་གཏེར་གྱི་ཐེག་པ་རིམ་པ་དགུ་ནི།  ཕྱྭ་གཤེན་དང༌།  སྣང་གཤེན།  འཕྲུལ་གཤེན། སྲིད་གཤེན་བཅས་ལ་རྒྱུའི་ཐེག་པ་རིམ་བཞི་དང༌།  དགེ་བསྙེན་དང༌། དྲང་སྲོང༌། ཨ་དཀར། ཡེ་གཤེན་སྤྱི་ཐེག་པ་བཅས་པ་འབྲས་བུའི་ཐེག་པ་རིམ་པ་བཞི། ཡང་རྩེ་བླ་ན་མེད་པའི་ཐེག་པ་སྟེ་ཐེག་པ་རིམ་པ་དགུ་ཟེར།(༢)དབུས་གཏེར་གྱི་ཐེག་པ་རིམ་པ་དགུ་ནི། ལྷ་མི་གཞན་བརྟེན་དང༌།  རང་རྟོགས་གཤེན་རབ། ཐུགས་རྗེ་སེམས་དཔའ། གཡུང་དྲུང་སེམས་དཔའ་བཅས་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་བཞི་དང༌།  བྱ་བ་གཙང་སྤྱོད་དང༌།  རྣམ་པ་ཀུན་ལྡན། དངོས་བསྐྱེད་ཐུགས་རྗེ་རོལ་པ།  ཤིན་ཏུ་དོན་ལྡན། ཡང་རྩེ་བླ་མེད་ཀྱི་ཐེག་པ་བཅས་ལ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལྔ་བཅས་ཐེག་པ་རིམ་པ་དགུ་ཟེར། (༣)བྱང་གཏེར་གྱི་ཐེག་པ་རིམ་པ་དགུ་ནི། སྣང་ལྡན་དང༌།  རང་ལྡན།  བཞེད་ལྡན་བཅས་ལ་ཕྱི་ཡི་ཐེག་པ་རིམ་པ་གསུམ་དང༌།  ཐོ་ཐོ་དང༌།  ཕྱི་ཐོ། ཡ་ཐོ་བཅས་ལ་ནང་གི་ཐེག་པ་རིམ་པ་གསུམ། ལྷ་རྩེ་དང༌། སྣང་རྩེ། ཡང་རྩེ་བཅས་ལ་གསང་བའི་ཐེག་པ་རིམ་པ་གསུམ་དང་བཅས་ཕྱི་ནང་གསང་གསུམ་གྱི་ཐེག་པ་རིམ་པ་དགུར་གྲགས། ལྷོ་བྱང་དབུས་གསུམ་གྱི་དབྱེ་བ་ནི་གཏེར་སྟོན་པ་རྣམས་ཀྱིས་གཏེར་བཞེས་སའི་ཡུལ་ལུང་གི་ས་ཕྱོགས་ལ་གཞིགས་ཏེ་མིང་ཐོབ་པ་ཞིག་ཡིན།  ཐེག་པ་རིམ་པ་དགུ་ལ་ནང་གསེས་དབྱེ་ཚུལ་མང་ཡང་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་གཏེར་སྟོན་གཤེན་ཆེན་ཀླུ་དགའ་བའི་ལྷོ་གཏེར་གྱི་ཐེག་པ་རིམ་པ་དགུ་ནི་གཙོ་བོར་བཟུང་ཞིང༌།《ཐུའུ་བཀྭན་གྲུབ་མཐའ》ལས།  “ཐེག་པ་རིམ་པ་དགུས་བོན་གྱི་གཞུང་བསྲང་ཟེར་ཏེ། དགུ་ནི་ཕྱྭ་གཤེན།   སྣང་གཤེན། འཕྲུལ་གཤེན།   སྲིད་གཤེན་ཏེ་རྒྱུའི་ཐེག་པ་བཞི། དགེ་བསྙེན། ཨ་དཀར།  དྲང་སྲོང༌། ཡེ་གཤེན་ཏེ་འབྲས་བུའི་ཐེག་པ་བཞི། ཁྱད་པར་ཆེན་པོའི་ཐེག་པ་གཅིག་སྟེ་དགུའོ།། ཕྱྭ་གཤེན་ལ་གཏོ་ཐབས་སུམ་བརྒྱ་དྲུག་ཅུ། དཔྱད་བརྒྱད་ཁྲི་བཞི་སྟོང༌།  སྣང་གཤེན་ལ་སྒེར་སྒོམ་བཞི། སྐད་ཅོང་བརྒྱད། གཏའ་རག་བཞི་བཅུ་རྩ་གཉིས།  འཕྲུལ་གཤེན་ལ་ལྟ་བྱང་རྫུ་འཕྲུལ་གྱི་གཞུང༌།  སྲིད་གཤེན་ལ། ཤི་ཐབས་སུམ་བརྒྱ་དྲུག་ཅུ། འདུར་སྒོ་བཞི། འདུལ་ཐབས་བརྒྱད་ཅུ་རྩ་གཅིག དགེ་བསྙེན་ལ་སྣོད་བཅུད་འབྱུང་རྫོགས་ཀྱི་མདོ་སྡེ་སོགས་དང༌།  དྲང་སྲོང་ལ་འབུམ་སྡེ་བཞི་སོགས་དང༌། ཨ་དཀར་ལ་རྒྱུད་ལུང་དུ་མ་དང༌། ཡེ་གཤེན་ལ་སེམས་ལུང་སྡེ་བཞི་དང༌།  ཁྱད་པར་བ་ལ་མན་ངག་སྡེ་ལྔ་ཡོད་ཟེར”༼ཤོག་གྲངས༣༨༨༽ཞེས་གསུངས་པར་གཞིགས་ན།  རྒྱུ་ཡི་ཐེག་པ་རིམ་པ་བཞིའི་ནང་དོན་གཙོ་བོ་ནི། མོ་འདེབས་པས་ལེགས་ཉེས་བླང་དོར་སྟོན་པ་དང༌།  རྩིས་འདེབས་པས་སྔ་ཕྱིའི་ལམ་སྟོན་པ།  གཡང་ཚུར་བཀུག་སྟེ་ནོར་ལོངས་སྤྱོད་འཕེལ་བར་བྱེད་པ། གླུད་ཕར་བཏང་སྟེ་འདྲེ་ཡི་གནོད་པ་འགོག་པ།   ཡར་ལྷ་གསོལ་ཞིང་འཇིག་རྟེན་སྐྱེ་བོའི་མགོན་བྱེད་པ།  ཤི་བ་འདུར་བས་བདེ་བར་བཀོད་པ། ལྷ་སྲུང་གི་ཐུགས་བཀང་བ་སོགས་འཇིག་རྟེན་ཆོས་ཀྱི་གཏོ་ཐབས་མང་བ་ཞིག་བསྟན།  སྤྱིར་ན་བོན་གྱི་ལོ་རྒྱུས་ཡིག་རིགས་ཁག་ལ་སྟོན་པ་གཤེན་རབ་མ་བྱོན་གོང་རྒྱུ་ཡི་ཐེག་པ་བཞི་དར་ཞེས་འཁོད་པ་དང༌།  སངས་རྒྱས་ཆོས་ལུགས་བོད་དུ་དར་རྗེས་བོན་གྱི་རྒྱུ་ཡི་ཐེག་པ་བཞི་ཡི་གཏོ་དཔྱད་ཀྱི་ཐབས་སོགས་རིམ་བཞིན་ཚུར་བླངས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་སངས་རྒྱས་ཆོས་ལུགས་ཤིག་ཏུ་གྱུར། འབྲས་བུའི་ཐེག་པ་བཞི་དང་མན་ངག་རྫོགས་པ་ཆེན་པོ་ནི་གཡུང་དྲུང་བོན་གྱི་རྩ་བའི་གཞུང་ལུགས་མདོ་སྔགས་སེམས་གསུམ་གྱི་དགོངས་དོན་རྣམས་མངོན་པ་ཞིག་རེད་སྙམ། དེ་བཞིན་གྱེར་ཆེན་སྒོ་བཞི་མཛོད་དང་ལྔ༌།   ཚད་མ་གསུམ། བདེན་པ་གཉིས་སོགས་བཀའ་བསྟན་གྱི་དགོངས་དོན་ཧ་ཅང་རྒྱ་ཆེ་བས་འདིར་རེ་རེ་བཞིན་བརྗོད་པར་དཀའ་བའི་གནས་སུ་གྱུར་བ་བཅས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།