གཟི་ཡི་ཕྲེང་བ།

གཟི་ཡི་ཕྲེང་བ།
ཆོས་རྒྱལ་ནམ་མཁའི་ནོར་བུ།

༄༅།།  བོད་མིའི་ཆོས་དང་ཤེས་རིག་ཡུན་དུ་གནས་མི་གནས་པ་དེ་ནི་གཙོ་ཆེར་བོད་མི་རང་ལ་རག་ལས་ཤིང་། དེ་ཡང་བོད་མི་གཞོན་ནུ་འཚར་ལོང་ཅན་རྣམས་ལ་རག་ལས་ཀྱི་ཡོག་རེད། བོད་ཀྱི་ཆོས་དང་ཤེས་རིག་གི་རྒྱུན་བསྐྱངས་པ་ལ། བོད་མི་གཞོན་ནུ་ཚོས་ཨུ་ཚུགས་དང་བསམ་ཞེན་བསྐྱེད་པ་ཙམ་གྱིས་མི་ཆོག་ཅིང་། ཁོང་ཚོ་ལ་བོད་མིའི་ཆོས་དང་ཤེས་རིག་གི་གོ་རྟོགས་ངེས་པར་དུ་ཆགས་ཐུབ་པ་ཞིག་དགོས་ཀྱི་ཡོག་རེད།

བོད་མི་གཞོན་ནུ་འཚར་ལོང་ཅན་རྣམས་ལ་བོད་མིའི་ཆོས་དང་ཤེས་རིག་ལོ་རྒྱུས་དང་བཅས་པའི་གོ་རྟོགས་གཏིང་ཚུགས་པ་ཞིག་ཆགས་ཐུབ་བམ་མི་ཐུབ་པ་དེ་ནི་ཕྱོགས་གཅིག་ནས་གཞོན་ནུ་འཚར་ལོང་ཅན་རྣམས་རང་རང་གི་མོས་པ་ལ་རག་ལོས་མོད། གོ་རྟོགས་མེད་ན་མོས་པ་འབྱུང་བའི་ཁུངས་མེད་པས། ཆེས་གལ་ཆེ་བ་ནི་བོད་ཀྱི་ཆོས་དང་ཤེས་རིག་ལོ་རྒྱུས་བཅས་པར་གོ་རྟོགས་དང་ཉམས་མྱོང་ཡོད་པའི་སྐུ་བགྲེས་མཁྱེན་ཡོན་ལྡན་པ་རྣམས་ནས་གཞོན་ནུ་འཚར་ལོང་ཅན་རྣམས་ ལ་གོ་དོན་རང་རྒྱུད་དུ་འབྱོར་ངེས་པའི་སློབ་གསོ་གཏིང་ཚུགས་པ་རེ་གནང་དགོས་པ་ལ་རག་ལས་ཀྱི་ཡོད་པར་མཐོང་གི་འདུག

ཁ་བོས་འདིར་བོད་ཀྱི་ཤེས་རིག་གི་ཁུངས་དང་ལོ་རྒྱུས་སོགས་ཉུང་ངུའི་ཚིག་ལམ་ནས་གོ་བདེར་ཅུང་ཟད་བཀྲལ་བ་འདིའང་བོད་རིགས་གཞོན་ནུ་འཚར་ལོངས་ཅན་རྣམས་ལ་གོ་རྟོགས་ཐད་ཀར་འབྱུང་ཐུབ་པར་དམིགས་ཏེ་རང་གི་ཤེས་ཚོད་དང་བསྟུན་ནས་བཀོད་པ་ལགས་ཤིང་། ད་དུང་དེ་ལས་ཀྱང་མང་བར་མཁྱེན་འདོད་པ་རྣམས་ནས་ཁོ་བོས་བྲིས་པ་ནོར་བུའི་དོ་ཤལ་ལ་གཟིགས་པར་ཞུའོ།།

 

བོད་ཀྱི་མི་རིགས།

དེང་དུས་ཡོངས་གྲགས་སུ།  བོད་ཀྱི་མི་རིགས་འདི་མི་རིགས་སེར་པོའམ། སོག་པོའི་མི་རིགས་སུ་བརྩི་གི་ཡོག་རེད། དེ་ལྟར་ནའང་བོད་རིགས་འདི་མི་རིགས་སེར་པོའམ་སོག་རིགས་ནས་ཚུར་ཆད་པ་དང་སོག་པོའི་རིགས་དེ་བོད་རིགས་ནས་ཕར་ཆད་པ་ཞིག་ཡིན་པ་ནི་སུས་ཀྱང་ཐག་གཅད་ཆོག་ཆོག་ཅིག ་ཡོག་མ་རེད། སྤྱིར་བཏང་བོད་རིགས་དང་འདྲ་བའི་མི་རིགས་ནི་བེ་རུ་ཝི་ཡའི་ཨིན་ཁ་སེ་དང་། མེ་ཟིཀྐོའི་ཨབྷཀྵ་སོགས་ལྷོ་ཨ་མེ་རི་ཁ་དང་། བྱང་ཨ་མེ་རི་ཁའི་མི་རིགས་དམར་པོ་ཧོ་པི་དང་ན་པ་ཧོ་སོགས་མི་འདྲ་བ་མང་པོ་ཞིག་ཡོད་པ་དེས་བོད་ཀྱི་མི་རིགས་འདི་གནའ་དུས་ཀྱི་མི་རྒྱུད་ཁྱད་པར་ཅན་ཞིག་ཡིན་པ ་མངོན་སུམ་དུ་བསྟན་གྱི་ཡོག་རེད། འབར་མའི་ལོ་རྒྱུས་རྣམས་ནས་འབར་མའི་མི་རིགས་དེ་བོད་ནས་མར་ཆད་པའི་བཤད་སྲོལ་བྱུང་བཞག  འབར་མའི་སྐད་དུའང་མེ་ལ་མི་དང་། ལག་པ་ལ་ལག  ཚྭ་ལ་ཚ། མིག་ལ་མྲིག  ལམ་ལ་ལན། ང་ལ་ང་། ཁྱི་ལ་ཁྭེ། རྣ་ལ་ན། གཅིག་ལ་ཏིཏ། གཉིས་ལ་ནཱི་ཏ། ལྔ་ལ་ང་། དྲུག་ལ་ཁྲུའུག་སོགས་བོད་སྐད་འདྲ་བོ་ཞེ་དྲག་མང་བོ་ཡོག་རེད། ང་ཚོས་འབར་མའི་མི་རིགས་འདི་བོད་ནས་མར་ཆད་པ་རེད་ཅེས་བཤད་ཐུབ་པ་དཀའ་ནའང་འབར་མའི་ལོ་བརྒྱུད་རང་ལ་ཡོད་པའི་ལོ་རྒྱུས་དེ་དག་གིས་ཀྱང་བོད་ཀྱི་མི་རིགས་འདི་ མི་རྒྱུད་རྙིང་གྲས་ཤིག་ཡིན་པ་གསལ་བོར་བསྟན་གྱི་ཡོག་རེད།

བོད་ཡུལ་དུ་རིན་པོ་ཆེའི་རིགས་རྣམས་ཀྱི་ནང་ནས་རིན་ཐང་ཆེ་ཤོས་སུ་བརྩི་བ་གཅིག་ནི་གཟིའི་རིགས་རྣམས་རེད། རིན་ཐང་ཆེ་བའི་རྒྱུ་མཚན་ཡང་གཟིའི་རྒྱུ་དེ་རིན་པོ་ཆེའི་རིགས་ཤིག་ཡིན་པ་ཙམ་དུ་མ་ཟད། དེང་དུས་བཟོ་འཕྲུལ་ཡར་རྒྱས་ཆེན་པོ་འདི་འདྲ་བའི་དུས་སུ་གཟི་དངོས་དག་ནི་སུས་ཀྱང་གསར་བཟོ་བྱེད་མི་ཤེས་ཤིང་གཟིའི་རི་མོ་དེ་དག་རྫས་སྦྱོར་གང་འདྲ་ཞིག་ལ་བ རྟེན་ནས་བཟོས་ཡོད་པའང་ཧ་གོ་ཐུབ་ཀྱི་མེད་པ་དེ་ག་རེད། གཟིའི་རིགས་ལ་ཆུ་མིག་དང་རི་མོ་མི་འདྲ་བ་མང་དུ་ཡོག་རེད། གནའ་བོའི་དུས་སུ་མི་ཚོས་གཟིའི་རིགས་དེ་དག་རྒྱན་ཆའི་ཆེད་དུ་བཟོས་པའམ་མི་ཚོས་རྒྱན་དུ་འདོགས་ཀྱི་ཡོད་མེད་ཤེས་དཀའ་ཡང་། དེང་དུས་ཀྱི་དངུལ་ལྟར་རིན་ཐང་གཞལ་ཐུབ་པའི་དངོས་པོ་ཞིག་ཡིན་པ་ནི་དེ་དག་ལ་ཆུ་མིག་གི་གྲངས་མང་ཉུང་དང་། རི་མོའི་རྣམ་པ་མི་འདྲ་བ་མང་དུ་ཡོད་པ་ལས་ཤེས་ཐུབ་ཀྱི་ཡོག་རེད། གཟིའི་རིགས་ཚང་མར་ཨི་ཁུང་ཡོད་སྟངས་ལ་བལྟས་ན། གཟི་དེ་དག་སྐུད་པར་བརྒྱུས་ཏེ་ལུས་ཀྱི་ཆ་གང་རུང་དུ་བཏགས་ནས་བེད་སྤྱོད་བྱས་པའམ་ཕལ་ཆེར་རྒྱན་ཆ་དང་འདྲ་བ་ཞིག་ཡིན་སྲིད་ཀྱི་རེད། གཟི་ནི་བོད་ཀྱི་ཡུལ་ཁོ་ནར་བྱུང་བའི་དངོས་པོ་ཁྱད་པར་ཅན་ཞིག་རེད། དེའང་གནའ་དུས་བོད་མིའི་མཛོད་ཁང་ནས་འཐོན་པའམ་མང་ཞིག་ནི་ས་འོག་ནས་རྙེད་པ་དང་། ཡུལ་འགའ་ཤས་སུ་གྲོང་ཤུལ་དང་། ཞིང་ཁ་སོགས་ནས་རྙེད་ཐུབ་པ་དང་། སྐབས་འགར་རི་བོ་མཐོན་པོའི་རུད་ཤུལ་ནས་རྙེད་པའི་སྐབས་ཀྱང་ཡོག་རེད། འོན་ཀྱང་དེ་ཚོ་ལ་ཡ་མཚན་དགོས་པ་གང་ཡང་ཡོག་མ་རེད། གང་ལགས་ཟེར་ན། ལོ་གྲངས་བཞི་སྟོང་ལ་ཉེ་བའི་དུས་སུ་བྱུང་བའི་ཞང་ཞུང་གི་རྒྱལ་བོ་གྲགས་ཆེ་བ་དེ་དག་གི་རྒྱལ་ས་དང་དུས་སྐབས་དེ་དག་གི་ཡུལ་གྲོང་ཕལ་མོ་ཆེ་དེང་དུས་གྲོང་ཤུལ ་ཙམ་མམ་མང་ཞིག་གི་གྲོང་ཤུལ་ཡང་མི་མངོན་པ་དེ་འདྲ་ཡིན་ཙང་གནའ་དུས་ཀྱི་བོད་མིའི་ཡུལ་གྲོང་རྣམས་ལ་ཆགས་འཇིག་མང་དུ་བྱུང་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། སྤྱིར་བཏང་ཡུལ་གང་འདྲ་ཞིག་ཡིན་ཡང་རུང་རི་བོ་དང་སྒང་དང་གཤོངས་སོགས་ཡུལ་གྱི་བཀོད་པ་མི་འདྲ་བ་མང་དུ་ཡོད་པ་དེ་ཚོའི་འབྱུང་རྐྱེན་ནི་གནའ་བོའི་དུས་སྐབས་རྣམས་སུ་རུད་ཆེན་པོ་བྱུང་བའམ་ས་གཡོ་ཆེན་པོ་འགའ་ཞིག་བྱུང་མྱོང་བའི་རྐྱེན་གྱིས། ཡུལ་དེ་དག་རི་བོ་དང་སྒང་དང་གཤོངས་སོགས་སུ་གྱུར་ཅིང་། དེར་རྩི་ཤིང་དང་ནགས་ཚལ་སྐྱེས་ནས་ཡུལ་གྱི་བཀོད་དབྱིབས་སྣ་ཚོགས་ཆགས་ཡོད་པ་ལྟར་བོད་ཡུལ་དུ་རི་བོ་མཐོན་པོ་མང་དུ་ཡོད་པ་དེ་ཚོའང་གནས་ཚུལ་དེ་དག་དང་འབྲེལ་ བ་ཞིག་ཏུ་སོང་ཙང་དུས་སྐབས་དེ་དག་ཏུ་གཏོར་བརླགས་སོང་བའི་བོད་ཀྱི་སྣ་མི་དེ་ཚོའི་དངོས་པོ་གཟི་ལ་སོགས་པ་དེང་དུས་རི་བོ་ཆེན་པོའི་ཁྲོད་ནས་ཀྱང་རྙེད་པའི་སྐབས་སྲིད་ཀྱི་ཡོག་རེད། གནས་ཚུལ་དེས་བོད་ཀྱི་མི་རིགས་ནི་རྒྱ་དཀར་ནག་སོགས་ཀྱི་ལོ་རྒྱུས་དང་ཕྱོགས་ཀུན་ནས་མཚུངས་པ་བསྐལ་བ་ཡ་ཐོག་ནས་བྱུང་བའི་མི་རིགས་དང་མི་རྒྱུད་ཅིག་ཡིན་པའི་ བདེན་དབང་གསལ་པོར་བྱེད་ཐུབ་ཀྱི་ཡོག་རེད།

བོན་གྱི་ལོ་རྒྱུས་ནས་བསྐལ་ལ་ཡ་ཐོག་ཏུ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་བཅས་འབྱུང་བ་ལྔ་ཡི་དྭངས་མ་འདུས་པ་ལས། སྲིད་པའི་སྒོ་ང་ཆེན་པོ་གཅིག་ཏུ་སྲིད་པ་དང་། དེ་ལས་རིམ་བཞིན་སྒོང་ཆེན་པོ་བཅོ་བརྒྱད་བྱུང་བའི་ནང་ནས། སྒོ་ང་གཅིག་ལས་བོད་ཀྱི་མི་རིགས་བྱུང་བའི་ཚུལ་བཤད་ཡོག་རེད།

ང་ཚོས་སྤྱིར་བཏང་འགྲོ་བ་མིའི་བྱུང་ཚུལ་དེ་འདྲ་ཞིག་ཡིན་པ་དང་དེ་དང་འབྲེལ་ཡོད་བོད་ཀྱི་མི་རིགས་ཐོག་མའི་བྱུང་ཚུལ་དེ་ཙམ་རང་དུ་ཐག་གཅད་ཐུབ་པ་དཀའ་ནའང་། བོད་ཀྱི་མིས་ལོ་གྲངས་བཞི་སྟོང་ལ་ཉེ་བའི་དུས་ནས་སྲིད་པའི་རྣམ་བཞག་འདི་ཙམ་བྱེད་ནུས་པའི་བློ་སྟོབས་དང་ལྡན་པའི་ཚུལ་དེས་བོད་རིགས་ནི་གནའ་དུས་ཀྱི་མི་རྒྱུད་ཅིག་ཡིན་པ་ཙམ་དུ་མ་ཟད། ཤེས་རིག་དང་ལྡན་པའི་མི་རྒྱུད་ཅིག་ཡིན་པའི་མངོན་རྟགས་ཀྱང་གསལ་བོར་བསྟན་གྱི་ཡོག་རེད།

ཡོངས་གྲགས་བོད་ཀྱི་ལོ་རྒྱུས་འགའ་ཤས་སུ་རྒྱ་གར་དུ་སངས་རྒྱས་སྟོན་པ་ཞལ་བཞུགས་པའི་དུས་སུ་སྟོན་པས་མ་འོངས་པར་བོད་དུ་མི་རྒྱུད་འབྱུང་བར་ལུང་བསྟན་པའི་ཚུལ་དང་། བོད་ཀྱི་མི་རྒྱུད་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་འདུས་པ་ལས་བྱུང་ཚུལ་བཤད་ཡོག་རེད། ལོ་རྒྱུས་དེ་ཚོ་ནི་ཆོས་ལ་ཕུགས་གཏད་དྲག་པ་ལས་བྱུང་བའི་མངོན་རྟགས་གསལ་བོ་ཡོག་རེད། གང་ལགས་ཟེར་ན། དེང་དུས་ཡོངས་གྲགས་སུ། སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ནས་ད་ལྟའི་བར་ལོ་གྲངས ༢༥༢༠ ཙམ་ལས་མ་འདས་ཤིང་།  བོད་ཀྱི་ལོ་རྒྱུས་དེ་ལོ་གྲངས་བཞི་སྟོང་ལ་ཉེ་བའི་གོང་དུ་འགྲོ་ཐུབ་པ་མངོན་སུམ་ཚད་གྲུབ་ཡིན་ཙང་སྟོན་པ་སངས་རྒྱས་ཞལ་བཞུགས་པའི་དུས་སུ། ད་དུང་བོད་དུ་མི་མེད་ལུང་སྟོང་ཡིན་པ་དང་། རྒྱ་དཀར་ནག་སོགས་བོད་ཀྱི་ཉེ་འཁོར་དུ་ཡོད་པའི་མི་རིགས་རྣམས་ཤེས་རིག་གི་ཆུ་ཚད་མཐོན་པོར་ཆགས་ནས་ཡོད་པའི་དུས་དེ་འདྲ་བར་བོད་མི་རིགས་དེ་སྤྲེའུ་དང་བྲག་སྲིན་འདུས་པའི་ཕྲུ་གུ་མི་རུ་གཞི་ནས་འགྱུར་དགོས་པ་དེ་འདྲ་ཞིག་ཡོང་ཐབས་རྩ་བ་ནས་ཡོག་མ་རེད།

བོད་ཀྱི་རྒྱལ་བོ་གཉའ་ཁྲི་བཙན་པོའི་ལོ་རྒྱུས་ཀྱི་སྐབས་སུའང་བོད་ཀྱི་ཐོག་མའི་རྒྱལ་བོ་དེ་རྒྱ་གར་གྱི་ཤཱཀྱའི་རྒྱལ་རྒྱུད་དམ་ཡང་ན་ཨོ་རྒྱན་གྱི་རྒྱལ་བོའི་རྒྱུད་པ་ལས་བྱུང་ཚུལ་གྱི་བཤད་པ་མི་འདྲ་བ་འགའ་ཞིག་བན་བོན་གཉིས་ཕྱོགས་སུ་བྱུང་ཡོག་རེད། བཤད་ལུགས་དེ་འདྲ་བྱུང་བའི་རྒྱུ་མཚན་ནི། བོད་མི་རྣམས་སྟོན་པ་སངས་རྒྱས་དང་སངས་རྒྱས་ཀྱི་བསྟན་པ་ལ་དང་ཞེན་ཆེ་བའི་རྒྱུ་མཚན་ནམ། ཡང་ན་ནམ་རྒྱུན་དུ་རྒྱལ་པོ་ཟེར་བ་དེ་ལ་གཞན་ལས་ལྷག་པའི་རིགས་ཁུངས་ཆེན་པོ་ཞིག་དགོས་པར་བསམ་གྱི་ཡོད་ཙང་། བོད་ཀྱི་རྒྱལ་བོའི་ཁུངས་དེ་རྒྱ་གར་དང་། ཨོ་རྒྱན་གྱི་རྒྱལ་བོ་གང་རུང་ལ་གཏུགས་པ་དེ་ཙམ་ལས་གཞན་པའི་རྒྱུ་མཚན་ཡོག་མ་རེད། དེ་ནི་དགོས་པ་རྩ་བ་ནས་མེད་པའི་བསམ་སྤྱོད་ཅིག་རེད། ཆོས་ཀྱི་དབང་དུ་བྱས་ན་སྟོན་པ་སངས་རྒྱས་ཀྱིས། རིགས་མི་གཙོ། རུས་མི་གཙོ་སོགས་གསལ་བོར་གསུངས་ཡོད་པ་དང་། སྟོན་པ་སངས་རྒྱས་རང་གིས་ཀྱང་རྒྱལ་སྲིད་སྤངས་ཏེ་རབ་བྱུང་གནང་བའི་ཚུལ་དེས་མཁྱེན་ཐུབ་ཀྱི་རེད། འཇིག་རྟེན་གྱི་རྟེན་གྱི་དབང་དུ་བྱས་ན། རྒྱ་གར་གྱི་རྒྱལ་བོ་རྒྱ་གར་རང་ནས་བྱུང་བ་དང་ཨོ་རྒྱན་གྱི་རྒྱལ་བོ་ཨོ་རྒྱན་རང་ནས་བྱུང་ཞིང་། དེ་དག་གིས་རྒྱ་གར་དང་ཨོ་རྒྱན་གྱི་རྒྱལ་བོའི་གོ་ཆོད་པ་ལ། བོད་ཀྱི་རྒྱལ་བོ་བོད་རང་ནས་བྱུང་བས་རྒྱལ་བོའི་གོ་མི་ཆོད་པའི་རྒྱུ་མཚན་གང་ཡང་མེད་ཅིང་། སྤྱིར་བཏང་རྒྱལ་བོའི་མིང་ཡོད་ཀྱང་རུང་མེད་ཀྱང་རུང་དོན་དུ་མིས་མི་ལ་དབང་བསྒྱུར་བྱེད་ཐུབ་པ་དང་། དེ་འདྲ་བྱེད་མཁན་མང་དུ་ཡོད་པ་འདི་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ཙང་། ཐོག་མའི་རྒྱལ་བོ་ཇི་ལྟར་བྱུང་བའི་ཁུངས་ཀྱང་ཤེས་ཁག་ཡག་ཡོག་མ་རེད།

ང་ཚོ་བོད་ཀྱི་མཁས་པ་ཚོ་ཆོས་ལ་དད་ཞེན་ཆེ་དྲགས་པས། རྒྱ་གར་ལ་ཐུགས་གཅེས་ཆེ་ཞིང་། བོད་དང་བོད་རིགས་ལ་སྣང་ཆུང་གནང་བའི་བཤད་ལུགས་མང་དུ་བྱུང་བཞག  དཔེར་ན  དཔེ་ཆ་ཞིག་ལ་ཆ་བཞག་ན་དཔེ་ཆ་དེ་རྒྱ་གར་བ་ཞིག་གིས་མཛད་པ་ཡིན་ན་ཚད་ལྡན་འདྲ་པོ་ཞིག་དང་། བོད་པའི་མཁས་པ་ཞིག་གིས་མཛད་པ་ཡིན་ན། བོད་མ་ཟེར་ནས་མཐོང་ཆུང་གནང་སྲོལ་བྱུང་ཡོག་རེད། རྗེ་བཙུན་མི་ལ་རས་པའི་མགུར་འབུམ་དུ། མི་ལས་རྒྱ་གར་གྲུབ་ཐོབ་གཅིག་དང་གྲུབ་རྟགས་འགྲན་ནས་རྩི་ཐུར་ཞིག་གི་རྩེ་མོར་སྐྱིལ་ཀྲུང་བཅས་ནས་བཞུགས་པའི་ཚེ་རྒྱ་གར་གྱི་གྲུབ་ཐོབ་བཞུགས་པའི་རྩི་ཐུར་དེ་དྲང་པོར་བསྡད་ལ་རྗེ་བཙུན་མི་ལ་བཞུགས་པའི་རྩི་ཐུར་དེ་ཅུང་ཟད་གུག་པ་དེའི་རྒྱུ་མཚན་ནི་གྲུབ་ཐོབ་ཆེན་པོ་དེ་གཉིས་ཀྱི་ཉམས་རྟོགས་དང་རྫུ་འཕྲུལ་སོགས་ལ་ཁྱད་པར་མེད་ནའང་རྒྱ་བོད་གྲུབ་ཐོབ་གཉིས་ཀྱི་འཁྲུངས་ཡུལ་བཟང་ངན་གྱི་ཁྱད་པར་ཆེ་བའི་སྟབས་ཀྱིས་གནས་ཚུལ་དེ་འདྲ་བྱུང་བ་རེད་ཅེས་བཤད་ཡོག་རེད། རྒྱ་གར་དུ་སྟོན་པ་སངས་རྒྱས་སོགས་བྱོན་པ་ཡིན་ཙང་ཡུལ་ཁྱད་པར་ཅན་ཞིག་ཡིན་པ་བཤད་ཅི་དགོས། འོན་ཀྱང་ཡུལ་ཁྱད་པར་ཅན་དུ་བསམ་པ་དེ། སྟོན་པ་སངས་རྒྱས་སོགས་ཀྱི་ཐུགས་རྗེ་དང་བྱིན་རླབས་ལ་བསམས་པ་ལས་རྒྱུ་མཚན་གཞན་ཡོད་ཐབས་ཡོག་མ་རེད། འཇིག་རྟེན་སྲིད་ཀྱི་དབང་དུ་བྱས་ན་རྒྱ་གར་དང་བོད་ཀྱི་ས་མཚམས་ཞིག་ཡོད་པར་ངེས་ནའང་སྟོན་པ་སངས་རྒྱས་ཀྱི་ཐུགས་རྗེ་དང་བྱིན་རླབས་ལ་ས་མཚམས་ཤིག་ཡོང་ཐབས་རྩ ་བ་ནས་མེད་པ་ཡིན་ཙང་། དགོས་པ་དང་རྒྱུ་མཚན་གང་ཡང་མེད་པའི་ལབ་ཉོབ་དེ་ཚོས་དགོས་པ་དང་རྒྱུ་མཚན་ཆེན་པོ་ཡོད་པའི་བོད་ཀྱི་ལོ་རྒྱུས་ལ་ཉམས་ཆགས་བཏང་ན་རྩ་བ་ནས་འགྲིག་གི་ཡོག་མ་རེད།

བོད་མི་ཚོ་ཆོས་ལ་དད་ཞེན་ཧ་ཅང་ཆེ་བའི་གཞི་རྩ་དེའང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་དབུ་བརྙེས་པ་ཞིག་ཡིན་ལ། དེ་ནི་བོད་མིའི་ཤེས་རིག་གི་ཁུངས་གནའ་བོའི་ཞང་ཞུང་གི་ཤེས་རིག་དེ་དང་འབྲེལ་བའི་བོན་པོ་རྣམས་ལ་འདྲེན་མ་དགོས་པར། བོད་རང་ལ་ཤེས་རིག་གི་ཆ་རྐྱེན་རང་རྐྱ་ཐུབ་པ་ཞིག་གི་རྐང་བཙུགས་པའི་ཆེད་དུ་རྒྱ་གར་དང་རྒྱ་ནག་སོགས་ནས་ཆོས་དང་རིག་གནས་དུ་མ་སྤྱན་དྲངས་ཤིང་དར་རྒྱས་སུ་བཏང་བའི་སྲིད་དོན་གྱི་མཛད་པ་ཞིག་ཡིན་གྱི་རེད།

བོད་ཀྱི་སྐད་ཡིག

     བོད་དང་བོད་ཀྱི་མི་རིགས་ཡུན་རིང་དུ་གནས་དང་མི་གནས་ཀྱི་རྩ་བ་ནི་བོད་ཀྱི་ཤེས་རིག་ཡུན་རིང་དུ་གནས་དང་མི་གནས་ལ་རག་ལས་ཀྱི་ཡོག་རེད། ཤེས་རིག་གི་རིན་ཐང་གཙོ་བོ་ནི་ཤེས་རིག་རང་གི་ལོ་རྒྱུས་རང་རྐྱ་ཐུབ་པ་ཞིག་ཡོད་མེད་ལ་ཐུག་ཡོག་རེད། དེ་དག་གི་རྩ་བ་ནི་སྐད་དང་ཡི་གེ་ཡིན་ཙང་དེའི་ཁུངས་ལ་ཐུགས་བསམ་བཞེས་དགོས་པ་ཞིག་ཆགས་ཡོད།

སྔོན་དུས་བོད་ཀྱི་མཁས་པ་ཕལ་མོ་ཆེས་དཀའ་བ་གྲངས་མེད་པ་སྤྱད་དེ་ཨོ་རྒྱན་དང་རྒྱ་གར་གྱི་ཡུལ་ནས་དམ་པའི་ཆོས་བོད་ཡུལ་དུ་སྤྱན་དྲངས་པ་ཡིན་ཙང་བོད་ཀྱི་ཤེས་རིག་གི་ཁུངས་དེ་རྒྱ་གར་ལ་གཏུག་སྲོལ་བྱུང་ཡོག་རེད། གནས་ཚུལ་དེས་དམ་པའི་ཆོས་ཀྱི་ཆེ་བ་བསྟན་ཐུབ་པ་དང་སྔོན་གྱི་ཆོས་རྒྱལ་དང་ལོ་པཎ་རྣམས་ཀྱི་བཀའ་དྲིན་ངོ་ཤེས་ཤིང་རྗེས་སུ་དྲན་པ་སོགས་ཀྱི་དགོས་པ་ངེས་ཅན་ཞི ག་ཡོད་པ་ནི་བཤད་མ་དགོས་པ་རེད། ཡིནའང་བོད་རང་གི་ཤེས་རིག་གི་སྟེང་ནས་དཔྱད་ན་བོད་རང་ལ་ཁུངས་མེད་བཟོས་པ་འདྲ་བོ་ཞིག་ཆགས་ཡོག་རེད། བོད་ཀྱི་མཁས་པ་ཚོས་སངས་རྒྱས་འདས་ལོ ༡༡༨༤ སྤྱི་ལོ ༦༤༠ ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་སྲིད་དབང་བསྒྱུར་བ་དེ་སྔོན་བོད་དུ་ཡི་གེ་མེད་པ་དང་། ཆོས་རྒྱལ་གྱི་བློན་པོ་ཐོན་མི་སམྦྷོཊ་རྒྱ་གར་དུ་སོང་ནས་རྒྱ་གར་གྱི་སྐད་ཡིག་མཁས་པར་བསླབས་པ་དང་། སླར་བོད་དུ་ཕེབས་ཤིང་རྒྱ་གར་གྱི་ཡི་གེ་ལས་དཔེར་བླངས་ཏེ་བོད་ཡིག་གསར་དུ་བརྩམས་པ་དང་། ལེགས་སྦྱར་ལས་དཔེ་བླངས་ཏེ་བོད་ཀྱི་བརྡ་དག་གི་གཞུང་སུམ་ཅུ་བ་དང་། རྟགས་ཀྱི་འཇུག་པ་སོགས་མཛད་ཅིང་ཆོས་ཀྱི་དཔེ་མང་པོ་བོད་སྐད་དུ་བསྒྱུར་བ་རེད། ཅེས་གསུང་སྲོལ་བྱུང་ཞིང་དེང་དུས་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་བཤད་སྲོལ་དེ་འདྲ་ཞིག་ཆགས་ཡོག་རེད། དེ་འདྲ་ཡིན་ནའང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྔོན་དུ་བོད་ལ་ཡི་གེ་མེད་པ་ཡིན་ཙང་།བོད་ཀྱི་ཤེས་རིག་ཀྱང་མེད་པ་དེ་ག་རང་ནས་ཐག་ཆོད་ཅིང་། བོད་ཀྱི་ཤེས་རིག་གི་ཁུངས་དེ་རྒྱ་གར་ལ་མ་གཏུགས་ཐབས་མེད་ཅིག་ཆགས་ཡོང་གི་ཡོག་རེད།

ང་ཚོས་ངེས་ཤེས་ཐུབ་པ་ནི་རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པ་སངས་རྒྱས་བྱོན་པ་དང་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཙང་། སངས་རྒྱས་པའི་ཆོས་ཀྱི་ཁུངས་དེ་རྒྱ་གར་ལ་གཏུག་དགོས་པ་ནི་ཚད་ལྡན་ཚུལ་མཐུན་ཞིག་ཡིན་པ་དང་། དེར་མ་ཟད་དམ་པའི་ཆོས་དང་འབྲེལ་ཡོད་ཀྱི་ཤེས་རིག་སྣ་ཚོགས་པ་ལ་བརྟེན་ནས་བོད་ཀྱི་ཤེས་རིག་དར་རྒྱས་དང་གོང་འཕེལ་དུ་ཕྱིན་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། ཡིན་ནའང་ཆོས་ལ་ཕུགས་གཏད་དྲགས་ནས་མི་རིགས་རང་གི་ཤེས་རིག་གི་ཁུངས་མེད་པར་བྱས་ན་འགྲིག་ཐབས་རྩ་བ་ནས་ཡོག་མ་རེད། རྒྱ་ནག་དང་། ཉི་ཧོང་གི་ཡུལ་དང་། ལྷོ་ཤར་ཨེ་ཤ་ཡའི་ཡུལ་ཁག་མང་པོ་ཞིག་ལའང་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་མྱོང་ཞིང་། དེ་ལ་བརྟེན་ནས་མི་རིགས་རང་རང་གི་ལོ་རྒྱུས་དང་། ཤེས་རིག་སོགས་དར་རྒྱས་གང་ཆེར་བྱུང་མྱོང་ཡོད་ནའང་ཡུལ་ཁག་དེ་དག་གི་ཤེས་རིག་དང་ལོ་རྒྱུས་ལ་གནོད་རྐྱེན་གང་ཡང་བྱུང་ཡོག་མ་རེད། ང་ཚོ་བོད་ཀྱི་ཆོས་དང་ཤེས་རིག་བར་གྱི་འབྲེལ་བའང་གཞི་རྩ་དེ་འདྲ་ཞིག་གི་ཐོག་ནས་བྱུང་ན་མ་འགྲིག་པ་གང་ཡང་ཡོག་མ་རེད།

བོད་ཀྱི་རྒྱལ་རབས་ཤོད་མཁན་ཚོས་བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་གནམ་གྱི་ཁྲི་བདུན་སྟོད་ཀྱི་སྟེང་གཉིས་བར་གྱི་ལེགས་དྲུག་ས་ཡི་ལྡེ་བརྒྱད ་འོག་གི་བཙན་གསུམ་ལྷ་ཐོ་ཐོ་རི་སོགས་རྒྱལ་རབས་ལྔ་སྟེ་མདོར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྔོན་དུ་རྒྱལ་རབས་སུམ་ཅུ་སོ་གཉིས་བྱུང་བའི་ལོ་རྒྱུས་རོབ་ཙམ་རེའང་ཤོད་སྲོལ་ཡོག་རེད།

དེང་སང་ཕྱི་ནང་གི་མཁས་པ་ཚང་མས་ཚད་འཛིན་གནང་བ་ཏུན་ཧོང་གི་དཔེ་མཛོད་ནས་ཐོན་པའི་ཡིག་རྙིང་བོད་ཀྱི་རྒྱལ་རབས་དེ་ཚོ་ལས་ཀྱང་གནའ་དུས་བོད་ཀྱི་རྒྱལ་བོ་རྣམས་ཀྱི་ལོ་རྒྱུས་རོབ་ཙམ་རེ་བྱུང་བ་དང་ལྷག་པར་རྒྱལ་བོ་གྲི་གུམ་བཙན་པོའི་དུས་ཀྱི་ལོ་རྒྱུས་མི་ཉུང་བ་ཡོག་རེད། གལ་ཏེ་བོད་ལ་དེ་སྔོན་ཡི་གེ་གཏན་ནས་མེད་ན་ལོ་རྒྱུས་དེ་ཚོ་བཤད་ཤེས་ཐབས་རྩ་བ་ནས་ཡོག་མ་རེད། ང་ཚོ་རང་རང་གི་ནང་མིའི་ལོ་རྒྱུས་དཔེ་ཐོག་ཏུ་བཀོད་པ་ཞིག་མེད་ན་ཕྱིན་ཆད་མི་རབས་གཉིས་གསུམ་གྱི་གོང་དུ་ང་ཚོའི་མེས་པོ་གང་འདྲ་བྱུང་ཡོད་པའི་ཚུལ་སུ་ཞིག་ལའང་བཤད་ཡག་མེད་པ་མངོན་སུམ་ཚད་གྲུབ་ཡིན་ཙང་གནའ་དུས་ཀྱི་བོད་མི་དེ་ཚོས་རྒྱལ་རབས་སུམ་ཅུ་སོ་གཉིས་རིང་གི་ལོ་རྒྱུས་བློ་འཛིན་ཐུབ་པའི་རྒྱུ་མཚན་གང་ཡང་ཡོག་མ་རེད། བྱས་ཙང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་དུ་བོད་ལ་ཡི་གེ་མེད་པའི་ལོ་རྒྱུས་དེ་ཚོ་བཤད་པ་ཡང་དག་དང་ཚུལ་མཐུན་ཞིག་མ་ཡིན་པ་གསལ་པོར་བསྟན་གྱི་ཡོག་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན་པའི་རྗེས་སུ་བོད་ཀྱི་ཡི་གེ་ཡར་རྒྱས་བྱིན་པ་དང་ཐོན་མི་སམྦྷོཊས་རྒྱ་གར་གྱི་ཡི་གེ་ལས་དཔེར་བླངས་ནས་བོད་ཀྱི་ཡིག་གཟུགས་སྟབས་བདེར་བཅོས་གནང་བ་དང་ལེགས་སྦྱར་གྱི་དཔེ་ལ་བརྟེན་ནས་བོད་ཀྱི་བརྡ་དག་གི་ཚུལ་གཞུང་སུམ་རྟགས་སོགས་བརྩམས་མཛད་པ་ནི་ལོས་ཡིན། གནས་ཚུལ་འདི་ནི་བོད་ཙམ་དུ་མ་ཟད་ཡུལ་གཞན་དང་མི་རིགས་གཞན་དག་གི་ཤེས་རིག་ཡར་རྒྱས་སུ་འགྲོ་སྟངས་ཀྱང་དེ་ག་རང་རེད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བྱུང་བ་ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོར་ཡང་ཐོན་མི་སམྦྷོཊས་བོད་ཡིག་བསྒྱུར་ཞེས་ཁ་གསལ་བསྟན་ཡོག་རེད།

སྲོང་བཙན་སྒམ་པོའི་དུས་སུ་ཐོན་མི་སམྦྷོཊས་བོད་ཡིག་བསྒྱུར་བཅོས་གནང་ཚུལ་དེ་ལ་བལྟས་ན་དེ་སྔོན་བོད་ཀྱི་ཡིག་རྙིང་དེ་འབྲི་སྟངས་བདེ་བོ་ཞིག་རང་མེད་པ་དང་བརྡ་དག་གི་སྟེང་ནས་སངས་རྒྱས་ཀྱི་ཆོས་རྒྱ་ཆེ་ལ་གཏིང་ཟབ་པ་དེ་ཚོ་བསྒྱུར་བ་ལ་དཀའ་ངལ་ཅན་ཞིག་ཡོད་པའང་མངོན་སུམ་དུ་བསྟན་གྱི་ཡོག་རེད། བོན་གྱི་ལོ་རྒྱུས་རྣམས་ནས། བོད་ཡིག་གི་ཐོག་མའི་འབྱུང་ཁུངས་ནི་ཞང་ཞུང་གི་སྨར་ཡིག་ཟེར་བ་དེ་རེད་ཅེས་བཤད་ཡོག་རེད། གཏམ་དེ་བདེན་པའི་ཁུངས་ཞེ་དྲག་མང་བོ་ཡོག་རེད། གང་ལགས་ཟེར་ན་ང་ཚོ་བོད་ཀྱི་དགོན་རྙིང་ཁག་གི་དཔེ་མཛོད་རྣམས་སུ། ལག་བྲིས་ཀྱི་དཔེ་རྙིང་དམར་ཚུགས་ཟེར་བ་དབུ་མེད་འབྲུ་དཔངས་མཐོ་ལ་དབྱངས་ཡིག་རྣམས་ཐུང་བ་དེ་འདྲའི་རིགས་ཞེ་དྲག་མང་བོ་ཡོག་རེད། ང་རང་ཕ་ཡུལ་དུ་སྡོད་སྐབས་རྒན་བཟོད་པ་ཟེར་བ་དགུང་ལོ་བརྒྱད་ཅུ་ལྷག་ཙམ་དུ་ཕེབས་པའི་ཡིག་བྲིས་པ་ཧ་ཅང་མཁས་དྲག་ཆེ་བ་ཞིག་ཡོད། ངས་ཁོང་གི་མདུན་ནས་དབུ་ཅན་དང་དབུ་མེད་ཀྱི་ཚུགས་སྦྱངས་པ་ཡིན། ཉིན་ཞིག་ན་ཁོང་གིས་ལྷ་བབས་ཀྱི་ཡི་གེ་ཟེར་བ་བོད་ཡིག་གི་ཚུགས་ཤིག་ཀྱང་བསླབས་གནང་བྱུང་། དེ་སྐབས་ངས་བྲིས་ཚུགས་དེ་གང་ནས་བྱུང་བ་སོགས་ཀྱི་ལོ་རྒྱུས་གང་ཞིག་ཀྱང་ཤེས་ཀྱི་མེད་ནའང་དུས་ཕྱིས་སུ་སྨར་ཚུགས་ཀྱི་དཔེ་རྙིང་རྣམས་བཀླགས་པའི་ཚེ་སྨར་ཡིག་དངོས་གནས་ནི་ལྷ་བབས་ཀྱི་ཡི་གེ་ཟེར་བ་དེ་རང་ཡིན་པ་ངེས་ཤེས་ཐུབ་པ་བྱུང་། ཡོངས་གྲགས་ཀྱི་སྨར་ཚུགས་ཟེར་བ་དེ་དང་ད་ལྟ་ང་ཚོས་སྤྱོད་བཞིན་པའི་དབུ་མེད་ཀྱི་ཁུངས་གཅིག་པ་རང་མཐོང་ཐུབ་པ་ཡོག་རེད། བོད་ཡིག་དབུ་ཅན་དང་དབུ་མེད་ཚུགས་འདི་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེ་ཙམ་ཡོད་པ་དེའང་དབུ་མེད་ཀྱི་ཚུགས་དེའི་བྱུང་ཁུངས་ཞང་ཞུང་ཡིན་པ་དང་དབུ་ཅན་གྱི་ཚུགས་དེའི་བྱུང་ཁུངས་ལེགས་སྦྱར་གྱི་དཔེ་ཡིན་པའི་མངོན་རྟགས་ཞེ་དྲག་གསལ་བོ་ཡོག་རེད། བོད་ཀྱིས་ཞང་ཞུང་གི་སྨར་ཡིག་སྤྱད་པ་དེའང་བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སམ་དེའི་གོང་ཙམ་ཞིག་ནས་བྱུང་བ་ཞིག་ཡིན་དགོས་ཀྱི་ཡོག་རེད། གང་ལགས་ཟེར་ན། བོན་གྱི་ལོ་རྒྱུས་ཕལ་ཆེ་བ་ན་གཉའ་ཁྲི་བཙན་པོའི་དུས་སུ་ཞང་ཞུང་ནས་བོན་གྱི་མཁས་པ་མང་བོ་བོད་ཡུལ་དབུས་སུ་ཕེབས་ཏེ་བོན་གྱི་སྐོར་མང་པོ་བོད་སྐད་དུ་བསྒྱུར ་བའི་ལོ་རྒྱུས་ཁ་གསལ་བཤད་ཡོག་རེད། གལ་ཏེ་དེ་དུས་སྨར་ཡིག་ལ་སྤྱད་མེད་ན་བོད་སྐད་དུ་བསྒྱུར་ཐབས་རྩ་བ་ནས་མེད་པ་དངོས་གསལ་རེད། གཉའ་ཁྲི་བཙན་པོས་བོད་ཡིག་སྨར་ཚུགས་ཀྱི་སྲོལ་གསར་དུ་གཏོད་པའི་ལོ་རྒྱུས་ཤིག་རྩ་བ་ནས་མེད་པ་ཡིན་ཙང་། ཕལ་ཆེར་བོད་མི་ཚོས་སྨར་ཡིག་སྤྱད་པའི་སྲོལ་དེ་གཉའ་ཁྲི་བཙན་པོའི་སྔོན་ནས་བྱུང་བ་ཞིག་ཏུ་ངོས་འཛིན་ཆོག་གི་ཡོག་རེད། གང་ལགས་ཟེར་ན་བོད་ཀྱི་ཐོག་མའི་རྒྱལ་བོ་གཉའ་ཁྲི་བཙན་པོ་ནི། ཕལ་ཆེར་སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་དང་མཉམ་ལ། དེ་ལས་ཆེས་སྔ་བའི་དུས་ནས་ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་བྱུང་ཡོག་རེད། རྒྱལ་རབས་བཅོ་བརྒྱད་ཀྱི་དང་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ཟེར་བ་དེ་ཕལ་ཆེར་གཉའ་ཁྲི་བཙན་པོའི་གོང་ལོ་གྲངས་སྟོང་ཕྲག་གཅིག་ལས་མི་ཉུང་བ་ཞིག་ན་བྱུང་ཡོད་ཚུལ་བོན་གྱི་ལོ་རྒྱུས་རྣམས་ལས་ཤེས་ཐུབ་པར་མ་ཟད་རིག་པས་དཔྱད་ནའང་དོན་ལ་གནས་ཀྱི་ཡོག་རེད། ཞང་ཞུང་གི་རྒྱལ་བོ་ཁྲི་ཝེར་གྱི་དུས་སུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་བོད་ཡུལ་དབུས་སུ་ཞབས་བཀོད་ཅིང་། ཀོང་ཡུལ་བོན་རི་ལ་བཞུགས་ནས་བོན་བསྟན་པའི་ཚེ། བོད་ཡུལ་དབུས་སུ་བོན་པོའི་རིགས་མི་འདྲ་བ་མང་དུ་ཡོད་པ་དེ་དག་ལ་གཡུང་དྲུང་གི་བོན་གསུངས་པའི་ལོ་རྒྱུས་མང་དུ་ཡོད་པ་དེ་ལ་བལྟས་ན། དེ་དུས་ཀྱི་བོན་པོ་དེ་ཚོས་སྨར་ཡིག་སྤྱད་སྲོལ་ཡོད་པའང་སྲིད་ཀྱི་རེད། བོན་པོའི་རིགས་མི་འདྲ་བ་དེ་དག་གི་ཁོངས་སུ། མདོས་གཏོང་བ་དང་། སྲི་འདུལ་བ་དང་། གཡང་འབོད་པ་དང་། ཇུ་ཐིག་གི་མོ་རྒྱག་པ་དང་། སྨན་བཤད་བྱེད་པ་སོགས་ཀྱི་དར་སྲོལ་བྱུང་ཡོག་རེད། དུས་སྐབས་དེ་དག་ཏུ། མདོས་ཆོག་དང་། ཇུ་ཐིག་དང་། སྨན་དཔྱད་སོགས་ད་ལྟའི་དུས་ནང་བཞིན་རྒྱས་པོ་ཞིག་མེད་པར་ངེས་ནའང་། ཡི་གེ་གཏན་ནས་མེད་པར་མི་གཅིག་གི་བློ་ལ་ཆུད་ཆོག་ཆོག་དེ་འདྲའི་ལས་སླ་པོ་ཞིག་ནི་ད་ལྟའང་མེད་པ་དངོས་གསལ་ལ། གནའ་བོའི་དུས་སུ་ཡོང་ཤེས་ཐབས་རྩ་བ་ནས་ཡོག་མ་རེད།

བོད་ཡིག་གྲུབ་ཚུལ་གྱི་དབང་དུ་བྱས་ན་བརྐྱངས་ཞེས་པ་ལྟ་བུའི་ཚིག་གཅིག་ལ་དཔེར་མཚོན་ན་མིང་གཞི་ཀ་ལ། སྟེང་དུ་ར་མགོ། འོག་ཏུ་ཡ་བཏགས། སྔོན་དུ་བ་འཕུལ། རྗེས་སུ་ང་འཇུག་དང་། ཡང་འཇུག་ས་དང་བཅས་པ་ལྷན་ཅིག་ཏུ་ཚོགས་པ་དེ་འདྲ་ཞིག་གི་སྒོ་ནས་ཚིག་ཏུ་འགྲུབ་དགོས་ཀྱི་ཡོག་རེད། བོད་སྐད་ཀྱི་འགྲོས་ཀྱང“ཡག་པོ”དང“ཆེན་པོ”ཟེར་བ་འདྲ་པོའི་ཁྱད་ཆོས་ཀྱི་ཚིག་དེ་“མི”དང“ཁང་པ”ཟེར་བ་འདྲ་པོ་མིང་ཚིག་གི་རྗེས་སུ་ཁ་ཐུག་ཏུ་སྦྱར་ཆོག་པ“མི་ཡག་པོ”དང“ཁང་པ་ཆེན་པོ”ཟེར་བའི་ཚིག་སྒྲུབ་ཀྱི་ཚུལ་འདི་ནི་བོད་སྐད་དམ་གནའ་དུས་ཞང་ཞུང་གི་སྐད་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ཤིག་རེད། བརྗོད་བྱའི་དབང་དུ་བྱས་ན། བོད་སྐད་དུ་དོན་གཅིག་ལ་མིང་གི་རྣམ་གྲངས་ཞེ་དྲག་མང་པོ་ཡོང་སྲིད་པ་དཔེར་ན། བློ། སེམས། ཡིད། རྣམ་ཤེས། ཟེར་བ་འདྲ་པོ་དེ་འདྲའི་རིགས་མང་པོ་ཡོད་པ་རེད། དེ་ཚོ་ལས་འགའ་ཞིག་ནི་ལེགས་སྦྱར་ལས་དཔེར་བླངས་ཏེ། ཆོས་བསྒྱུར་བའི་ཆེད་དུ་གསར་བཟོ་གནང་བའི་ཚིག་ཡིན་ལ། མང་ཤོས་ནི་གནའ་དུས་ཀྱི་ཞང་བོད་རང་གི་ཁུངས་གཙང་མ་ནས་བྱུང་བ་ཞིག་ཡིན་པ་བཤད་མ་དགོས་པ་རེད། སུམ་རྟགས་ཀྱི་འགྲོས་ཀྱང་། ཞང་ཞུང་གི་གནའ་སྐད་དུ། ལ་དོན་གྱི་ཕྲད“གུ་ཅུ་ད་དུ་ཏུ་ཨུ་སུ་ཏུར་སུར”རྣམས་སུ་ཡོད་པ་ལ། ཐོན་མི་སམྦྷོཏས“སུ་ར་རུ་དུ་ཏུ”ལྔ་རུ་བསྡུས་མཛད་པ་དང་། “ན་ལ་ལུ་ལེ”རྣམས“ན་ལ”གཉིས་སུ་བསྡུས་པ་དང་། འབྲེལ་སྒྲའི་ཕྲད“གི་གྱི་ཀྱི་འི་ཡི་ཏི་ནི་པི་བི་ཙི་རི་སི”རྣམས“གི་ཀྱི་གྱི་འི་ཡི”ལྔའི་ཁོངས་སུ་བསྡུས་པ་སོགས་ཞང་ཞུང་གི་སྐད་ཡིག་རྙིང་པར་ཐུགས་གཞིག་གནང་ན་གསལ་བོར་མཁྱེན་ཐུབ་པ་ཡོད། བྱས་ཙང་བོད་ལ་གནའ་དུས་ནས་ཡི་གེ་ཡོད་པ་དང་དེ་དང་འབྲེལ་ཡོད་བོད་ཀྱི་ལོ་རྒྱུས་དང་རིན་ཐང་ཤིན་ཏུ་ཆེ་བ་ཞང་བོད་ཀྱི་ཤེས་རིག་རང་རྐྱ་ཐུབ་པ་ཞིག་ཡོད་ངེས་པའི་ཚུལ་འདི་མཁྱེན་ཐུབ་ཀྱི་ཡོག་རེད། ང་ཚོས་བོད་ལ་གནའ་དུས་ནས་ཡི་གེ་ཡོད་པའི་ཚུལ་དེ་ཙམ་ཤེས་པས་འགྲིག་ཡག་ཡོག་མ་རེད། གལ་ཆེ་ཤོས་ནི་སྐད་ཡིག་དེ་དང་འབྲེལ་ཡོད་སྐད་ཡིག་རང་གི་ཁུངས་དང་མི་རིགས་ཀྱི་ལོ་རྒྱུས་དེའི་ཤེས་རིག་སྣ་ཚོགས་པའི་སྐོར་རྣམས་ཕུགས་ཐག་ཆོད་ངོ་ཤེས་ཤིག་དགོས་ཀྱི་ཡོག་རེད། དེ་ཚོས་གསལ་པོར་ཤེས་པར་བྱེད་པ་ལ་བོད་རང་གི་ལོ་རྒྱུས་དང་ཤེས་རིག་སྣ་ཚོགས་དང་དམ་ཟབ་ཏུ་འབྲེལ་བ་བོན་གྱི་ཁུངས་ལ་རྟོག་གཞིག་མཐིལ་ཕྱིན་པ་ཞིག་མ་གནང་ཐབས་མེད་ཅིག་ཆགས་ཡོག་རེད།

བོན་དང་བོན་པོ།

བོན་ཟེར་བ་དེ་ནི་བོད་ཀྱི་བརྡ་རྙིང་བ་ཞིག་སྟེ་དེང་དུས་ཀྱི་དབང་དུ་བྱས་ན་བརྗོད་པའི་ཚིག བཟླ ཟེར་བའི་དོན་རེད། སྔོན་གྱི་ཡིག་རྙིང་རྣམས་སུ་བོན་ཟེར་བའི་རྗོད་ཚིག་གི་དོད་དུ་ “གྱེར” ཞེས་སྤྱད་པའི་སྐབས་ཀྱང་བྱུང་ཡོག་རེད། མིང་དེའི་ཐོག་མའི་འབྱུང་ཁུངས་ཀྱི་དབང་དུ་བྱས་ན་གནའ་དུས་ཀྱི་བོན་པོ་དེ་ཚོས་སྔགས་མང་དུ་བཟླས་པའི་སྒོ་ནས་རང་དང་གཞན་གྱི་ནད་སོགས་འགལ་རྐྱེན་རྣམས་བསལ་བ་དང་། གནོད་བྱེད་ལ་མཐུ་གཏོང་བ་སོགས་དྲག་པོའི་ལས་མཐའ་དག་བསྒྲུབ་ཀྱི་ཡོད་ཙང་མིང་དེ་འདྲ་ཞིག་བྱུང་བ་རེད། སྔོན་དུས་བོད་ཡུལ་དུ་སོག་པོ་ཇུན་གར་གྱི་དམག་བྱུང་བའི་དུས་སྤྱི་ལོ་༼༡༧༡༧༽རྙིང་མ་བ་དང་། བོན་པོ་མང་པོའི་སྐུ་སྲོག་ལ་རྒོལ་ཞིང་། བོད་མི་རྣམས་སོག་པོའི་དཔོན་རིགས་ཚོའི་དྲུང་དུ་བཅར་དགོས་པའི་ཚེ་ཐོག་མར་ལྕེ་ལེབ་བརྐྱང་དགོས་ཀྱི་ཡོག་རེད། གང་ལགས་ཟེར་ན། སྔགས་མང་དུ་བཟླས་པའི་རྙིང་མ་བ་དང་བོན་པོ་ཚོའི་ལྕེ་ལེབ་གྱི་མདོག་ནག་པོའམ་སྨུག་པོ་འདྲ་ཞིག་མཐོང་གི་ཡོད་ཙང་། རྙིང་མ་བ་དང་། བོན་པོ་ཡིན་མིན་རྟོགས་དཔྱོད་བྱེད་ཐུབ་ཀྱི་ཡོག་རེད། ལུགས་དེ་དར་རྒྱས་གོང་འཕེལ་དུ་ཕྱིན་ནས། དུས་ཕྱིས་ཀྱང་བོད་མི་མང་དག་གིས་བླ་ཆེན་དང་། དཔོན་ཆེན་རྣམས་མཇལ་བའི་ཚེ། གུས་པའི་རྟགས་སུ་ལྕེ་ལེབ་བརྐྱང་ཙམ་རེ་བྱེད་པ་དེ་འདྲ་ཞིག་བྱུང་ཡོག་རེད། གནས་ཚིལ་འདིས་བོན་པོ་རྣམས་ཀྱིས་སྔགས་མང་དུ་བཟླ་གི་ཡོད་པ་མཁྱེན་ཐུབ་ཀྱི་རེད།

ང་ཚོས་ནམ་རྒྱུན་དུ་བོན་པོ་ཟེར་བའི་ཚེ་སངས་རྒྱས་པ་ཟེར་བ་འདྲ་པོ་ཆོས་ལུགས་གཅིག་གི་བསམ་མནོ་འཁོར་གྱི་ཡོད་ནའང་། དངོས་དོན་དེ་འདྲ་ཞིག་མ་རེད། བོད་དུ་སངས་རྒྱས་པའི་ཆོས་མ་བྱུང་བའི་གོང་དུ། ཆོ་ག་འདྲ་མི་འདྲ་གཏོང་མཁན་དང་། སྔགས་འྡར་མི་འྡར་རྒྱག་མཁན་སོགས་མཐུ་དང་ནུས་པའི་ལས་སྤྱོད་བྱེད་མཁན་ཐམས་ཅད་ལ་བོན་པོ་དང་། དེ་དག་གི་བྱ་བ་དེ་ལ་བོན་ཟེར་གྱི་ཡོད་ཙང་ཁུངས་གཅིག་ཏུ་གཏུག་ཡག་ཡོག་མ་རེད། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འཇིག་རྟེན་དུ་བྱོན་དུས། བདུད་ལ་བརྟེན་མཁན་གྱི་བདུད་བོན་ཟེར་བ་དང་། བཙན་ལ་བརྟེན་མཁན་གྱི་བཙན་བོན་ཟེར་བ་འདྲ་པོ་བོན་པོའི་རིགས་མི་འདྲ་བ་འགའ་ཞིག་ནི་དེ་དུས་ནས་ཡོད་པ་དང་། དེ་ཚོས་སེམས་ཅན་གཞན་དག་གི་ལུས་སྲོག་ལ་འཚེ་བའི་དམར་མཆོད་བྱེད་སྲོལ་ཡོད་པ་ལ། གཤེན་རབ་མི་བོ་ཆེས་དགག་པ་མཛད་ཅིང་། དམར་མཆོད་ཀྱི་དོད་དུ་སེམས་ཅན་གྱི་གཟུགས་བརྙན་སོགས་ཀྱིས་འཐུས་པར་གནང་བའི་མདོས་དང་། ཡས་སོགས་ཀྱི་སྲོལ་གསར་དུ་བཏོད་པའི་ཚུལ་ཚད་ལྡན་བོན་གྱི་མདོས་དཔེ་རྣམས་ལས་གསལ་གྱི་ཡོག་རེད། བདུད་བོན་དང་བཙན་བོན་གྱི་རིགས་དེ་ཚོ་ནི་ཕལ་ཆེར་གཤེན་རབ་མི་བོ་ཆེ་མ་བྱོན་པའི་གོང་དུ་ལོ་གྲངས་བརྒྱ་ཕྲག་མང་པོའི་སྔོན་རོལ་ནས་བྱུང་བ་ཞིག་ཡིན་སྲིད་ཀྱི་རེད། དེ་ལྟར་ནའང་ཡོངས་གྲགས་ཀྱི་བོན་ཟེར་བ་དེའི་ལྟེ་བ་ནི་གཤེན་རབ་མི་བོ་ཆེས་བོན་ལུགས་སྔར་ཡོད་ལེགས་སུ་བཅོས་པ་དང་སྔར་མེད་གསར་དུ་བསྟན་པ་གཡུང་དྲུང་བོན་ཅེས་སུ་གྲགས་པ་དེ་ག་རང་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད།

དུས་ཕྱིས་ཕྱི་རྒྱལ་གྱི་མཁས་པ་བོན་ལ་རྟོག་གཞིག་གནང་མཁན་འགའ་ཤས་ཀྱིས་དེང་དུས་ཡོངས་གྲགས “ཤ་མའི་རིང་ལུགས”ཟེར་བ་འདིའི་ཁུངས་ནི་བོན་ཡིན་ལ། མིང་དེ་སྐད་དུ་བྱུང་བའང་བོན་གྱི་སྟོན་གཤེན་རབ་མི་བོ་ཆེའི་གདུང་རུས“གཤེན་”ཡིན་སྟབས་དེའི་སྒྲ་ཟུར་ཆགས་པ་མ་གཏོགས་དོན་དུ་“གཤེན་ལུགས”ཟེར་གྱི་ཡོག་རེད། ཅེས་བཤད་སྲོལ་བྱུང་བཞག  གཏམ་དེའང་ཁུངས་མེད་པ་ཞིག་མ་རེད། གཤེན་རབ་མི་བོ་ཆེའི་གདུང་རུས་ལ་ “གཤེན་”ཟེར་གྱི་ཡོད་ཙང་གཤེན་རབ་མི་བོ་ཆེ་མ་བྱོན་པའི་གོང་དུ་གཤེན་གྱི་མི་རྒྱུད་མང་དུ་བྱུང་ཡོད་པ་ནི་བཤད་མ་དགོས་ཤིང་། དེ་དག་གི་དུས་སྐབས་སུ་གཤེན་རབ་ཀྱི་བསྟན་པ་གཞི་ནས་འབྱུང་དགོས་སྟབས། བདུད་བོན་དང་བཙན་བོན་གྱི་རིགས་ལས་གཞན་ཡོང་ཐབས་ཡོག་མ་རེད། དཔེར་ན། སྟོན་པ་སངས་རྒྱས་དེ་ཤཱཀྱའི་རྒྱལ་རྒྱུད་དུ་བྱོན་ཀྱང་སྟོན་པ་སངས་རྒྱས་མ་བྱོན་པའི་གོང་དུ་ཤཱཀྱའི་རྒྱུད་པ་དེ་ཚོས་རྒྱ་གར་གྱི་གནའ་བོའི་ཆོས་ལུགས་བྱས་ཡོད་པ་ལྟ་བུ་རེད། འོན་ཀྱང་གཤེན་རབ་མི་བོ་ཆེའི་གདུང་རུས་གཤེན་ཡིན་པའི་རྒྱུ་མཚན་གྱིས་ཤ་མའི་རིང་ལུགས་བྱུང་བར་བཤད་པ་ནི་ལོ་རྒྱུས་ཕུགས་མ་ཆོད་པའི་གཏམ་ཞིག་ཡིན་པ་མངོན་གསལ་རེད།

གཤེན་རབ་མི་བོ་ཆེ་ནི་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས་པའི་ཞང་ཞུང་བའམ་་བོད་པ་ཞིག་རེད། ཡིན་ནའང་དུས་སྐབས་དེར་ཁོང་གིས་གསུངས་པའི་བོན་གྱིས་དེ་སྐབས་ཞང་ཞུང་གི་མངའ་ཁོངས་ཙམ་དུ་མ་ཟད་ཏ་ཟིག་དང་རྒྱ་དཀར་ནག་གི་ཡུལ་སོགས་སུའང་ཁྱབ་ཐུབ་པ་བྱུང་ཡོག་རེད། བོན་གྱི་ལོ་རྒྱུས་ཁུངས་ཡོད་འགའ་ནས། གཤེན་རབ་མི་བོ་ཆེས་བསྟན་པའི་བོན་ཕྱྭ་གཤེན་དང་། སྣང་གཤེན་དང་། འཕྲུལ་གཤེན་དང་། སྲིད་གཤེན་བཅས་བོན་སྒོ་བཞི་ཟེར་བ་དེ་ཚོ་དང་། བཤོས་ཀྱི་ལྷ་བོན་དང་། གྲོང་གི་འདུར་བོན་དང་། ཡང་དག་པའི་སེམས་བོན་བཅས་བོན་སྐོར་རྣམ་པ་གསུམ་པོ་དེ་ཚོ། ཏ་ཟིག་གི་མཁས་པ་ཆེན་པོ་དམུ་ཚ་ཏྲ་ཧེ་དང་། སུམ་འབའི་མཁས་པ་ཆེན་པོ་ཧུ་ལུ་སྤ་ལེགས། རྒྱ་གར་གྱི་མཁས་པ་ཆེན་པོ་ལྷ་བདག་སྔགས་རྡོ། རྒྱ་ནག་གི་མཁས་པ་ཆེན་པོ་ལེགས་ཐད་རྨད་པོ། ཁྲོམ་གྱི་མཁས་པ་ཆེན་པོ་གསེར་ཐོག་ལྕེ་འབྱམས་ཟེར་བ་དེ་ཚོས་རང་རང་གི་སྐད་དུ་བསྒྱུར་ནས་དར་རྒྱས་སུ་མཛད་ཚུལ་བཤད་ཡོག་རེད།

བོད་ཀྱི་སངས་རྒྱས་པ་རྣམས་ཀྱིས་ཆོས་ཀྱི་ཁུངས་རྒྱ་གར་དང་ཨོ་རྒྱན་གྱི་ཡུལ་རྣམས་སུ་གཏུགས་ཤིང་། རྒྱ་གར་དང་ཨོ་རྒྱན་ནས་བྱུང་བ་ཞིག་ཡིན་ན་རྩ་བ་ཆེན་པོར་བརྩི་བ་དང་། བོད་རང་ནས་བྱུང་བ་ཞིག་ཡིན་ན་སྣང་ཆུང་བྱེད་ཀྱི་ཡོད་ཙང་། དུས་ཕྱིས་ཀྱི་བོན་པོ་ཚོས་ཀྱང་སངས་རྒྱས་པའི་ལད་ཟློས་བྱས་ཏེ། བོན་གྱི་ཁུངས་ཏ་ཟིག་ལ་གཏུགས་ཤིང་། གཤེན་རབ་མི་བོ་ཆེ་འཁྲུངས་པའི་ཡུལ་དང་། བོན་བསྟན་པའི་ཡུལ་འོལ་མོ་ལུང་རིང་ཟེར་བ་དེའང་ཏ་ཟིག་གི་ཡུལ་དུ་ཡོད་པའི་བཤད་པ་བྱས་ནའང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བྱུང་བ་བོན་གྱི་སློབ་དཔོན་དྲན་པ་ནམ་མཁའ་ནས་བརྒྱུད་པ། “སྲིད་རྒྱུད”ཅེས་བྱ་བའི་དཔེ་རྙིང་དེ་དང་། གཤེན་རབ་མི་བོ་ཆེའི་མཛད་མདོ་བསྡུས་པ“མདོ་འདུས”ཞེས་བྱ་བའི་དཔེ་དེ་དག་རྒྱུ་བོན་གྱི་སྟོན་པ་དང་། བསྟན་པ་ཐམས་ཅད་ཀྱི་ཁུངས་དེ་ཞང་ཞུང་རང་ཡིན་པ་གསལ་བོར་བཤད་ཡོག་རེད།

ཡང་དུས་ཕྱིས་ཀྱི་བོན་པོ་ཚོས་གཤེན་རབ་མི་བོ་ཆེས་རྒྱ་གར་དུ་སངས་རྒྱས་ཤཱཀྱའི་རྒྱལ་བོར་སྤྲུལ་ནས་རྩིས་བསྟན་པ་སོགས་མདོར་ན་ཕྱི་རོལ་བ་རྣམས་ཀྱི་ཁྱབ་འཇུག་གི་འཇུག་པ་བཅུའི་ཚུལ་འདྲ་བོ་ཞིག་བཤད་ཡོག་རེད། ལོ་རྒྱུས་དེ་ཚོ་ལ་ཁུངས་དེ་ཙམ་མ་མཐོང་ནའང་། གཤེན་རབ་མི་བོ་ཆེའི་བསྟན་པ་ཡང་དག་པའི་སེམས་བོན་ཟེར་བ་དེའི་སྙིང་བོ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་སྐོར་བརྒྱུད་པ་བར་མ་ཆད་པར་བྱུང་བའི་ལོ་རྒྱུས་གསལ་ཁ་ཅན་དེ་ག་རང་ནས་མཁྱེན་ཐུབ་ཀྱི་རེད། གཤེན་རབ་མི་བོ་ཆེས་རྫོགས་པ་ཆེན་པོ་བསྟན་ཡོད་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་ཐམས་ཅད་ཀྱི་མཐའ་ཐུག་ཡང་དེ་ལས་གཞན་པ་ཞིག་མེད་པ་ཡིན་ཙང་། སྐྱེས་བུ་ཚད་མ་ཡིན་མིན་ལ་ཐེ་ཚོམ་མི་དགོས་པ་ཞིག་ཆགས་ཡོང་གི་ཡོག་རེད། གཤེན་རབ་མི་བོ་ཆེས་རྫོགས་ཆེན་བསྟན་པ་དེས། བོད་ལ་མི་རིགས་རང་གི་ཤེས་རིག་དང་། ཤེས་རིག་གི་ལོ་རྒྱུས་ཡོད་པ་ཙམ་དུ་མ་ཟད། ཧ་ཅང་གཟི་བརྗིད་ཆེ་བ་དང་། ཧ་ཅང་གཏིང་ཟབ་པའི་ནང་དོན་རིག་པའི་ཁུངས་ཁྱད་པར་ཅན་ཞིག་ཡོད་པའང་བསྟན་ཐུབ་ཀྱི་ཡོག་རེད། འགའ་ཞིག་གི་བསམ་པར་རྫོགས་པ་ཆེན་པོ་ནི་ཨོ་རྒྱན་གྱི་ཡུལ་ནས་བྱུང་བའི་གཤེན་རབ་མི་བོ་ཆེས་བསྟན་པ་ཞིག་ག་ལ་ཡིན་བསམ་སྲིད་ཀྱི་རེད། ད་ག་རང་རེད། རྫོགས་པ་ཆེན་པོའི་ཁུངས་དེ་ཨོ་རྒྱན་གྱི་ཡུལ་དུ་བྱོན་པའི་སྟོན་པ་དགའ་རབ་རྡོ་རྗེ་ནས་བྱུང་བ་ཞིག་ཡིན་པ་ནི་ཡོངས་གྲགས་སུ་ངོས་འཛིན་གྱི་ཡོག་རེད། དེ་ཙམ་དུ་མ་ཟད་ནང་བ་སངས་རྒྱས་པའི་གསང་བ་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་མཐར་ཐུག་གི་ཁུངས་གཏུག་ས་དེ་ཨོ་རྒྱན་གྱི་ཡུལ་ལ་བྱེད་ཀྱི་ཡོག་རེད། ཡིན་ནའང་ཨོ་རྒྱན་གྱི་ཡུལ་འདི་རེད་ཅེས་མཐའ་གཅིག་ཏུ་ཐག་ཆོད་པའི་ངོས་འཛིན་ཡུལ་རྙེད་དཀའ་བ་ཞིག་ཆགས་ཡོག་རེད། དེང་དུས་ཕྱི་རྒྱལ་གྱི་མཁས་པ་མང་པོས་འཚོལ་གཞིག་གནང་བཞིན་པ་དང་མང་པོ་ཞིག་གིས་པ་ཀི་སྠིན་གྱི་སྭ་ཏི་ཟེར་བ་དེ་ལ་ངོས་འཛིན་གྱི་ཡོག་རེད། གང་ལྟར་ཡང་སྔོན་གྱི་ལོ་རྒྱུས་ཐམས་ཅད་ཁ་མཐུན་པར་རྒྱ་གར་གྱི་ནུབ་བྱང་ཕྱོགས་ཤིག་ཏུ་ཡོད་པ་གསལ་གྱི་ཡོག་རེད། དེ་དང་འདྲ་བ་ཤམ་བྷ་ལའི་ཡུལ་ཟེར་བ་དེའང་ལོ་རྒྱུས་ཙམ་མ་གཏོགས་དངོས་སུ་ངོས་འཛིན་ཡུལ་མ་རྙེད་པ་ཞིག་ཆགས་ཡོག་རེད། དོན་དུ་ལོ་རྒྱུས་རྣམས་ལ་དཔྱད་ན་ཕལ་ཆེར་ཨོ་རྒྱན་གྱི་ཡུལ་དང་ཕྱོགས་གཅིག་པ་འདྲ་ཞིག་ཡོག་རེད། ལོ་རྒྱུས་མང་པོ་ཞིག་ཏུ། ཨོ་རྒྱན་དང་། ཤམ་བྷ་ལའི་ཡུལ་དེ་དག་ཞིང་ཁམས་སུ་གྱུར་ཏེ་ཐུན་མོང་གི་མིག་ལམ་དུ་མི་མངོན་པར་གྱུར་བར་བཤད་མོད། ལོ་རྒྱུས་རྣལ་མ་ནི་གནའ་བོའི་དུ་རུ་ཁའམ་དེང་དུས་ཏུར་ཀིར་གྲགས་པའི་ཨིའི་སི་ལམ་གྱི་དམག་གིས་ཡུལ་ཁོམ་དེ་དག་བཅོམ་ནས་ཆོས་པ་ཐམས་ཅད་ཨིའི་སི་ལམ་དུ་བསྒྱུར་བར་བརྟེན། ཆོས་དང་ཤེས་རིག་མཐའ་དག་རྩ་བ་ནས་བརླགས་ཏེ་མི་རབས་འགའི་རྗེས་སུ་ལོ་རྒྱུས་ཀྱང་མི་མངོན་པར་གྱུར་བ་དེ་ག་རེད། གནའ་དུས་སུ་གྲགས་ཆེ་བའི་ཨོ་རྒྱུན་གྱི་ཡུལ་དང་ཤམ་བྷ་ལ་ཟེར་བ་རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱིས་དཀའ་བ་གྲངས་མེད་པ་སྤྱད་དེ་ཕེབས་ཡུལ་དེ་ཞང་ཞུང་དུ་གཏོགས་པའི་ཡུལ་ཞིག་ཀྱང་ཡིན་སྲིད་ལ་དེ་འདྲ་མིན་ནའང་ཞང་ཞུང་དང་ས་མཚམས་དམ་དུ་འབྲེལ་བའི་ཡུལ་ཞིག་ཡིན་པ་ནི་བཤད་མ་དགོས་པ་རེད། དེ་འདྲ་ཡིན་ཙང་གཤེན་རབ་མི་བོ་ཆེས་བསྟན་པའི་རྫོགས་ཆེན་གནའ་བོའི་ལུགས་དེ་རིམ་བཞིན་དར་རྒྱས་སུ་ཕྱིན་པ་ཞིག་ཀྱང་ཡིན་སྲིད་ཀྱི་རེད། བོན་གྱི་རྫོགས་ཆེན་ཞང་ཞུང་སྙན་རྒྱུད་ཀྱི་ལོ་རྒྱུས་ནང་དུ་གཤེན་རབ་མི་བོ་ཆེ་ནས་སློབ་བརྒྱུད་བཅུ་གཉིས་ཀྱི་རྗེས་སུ་རྫོགས་ཆེན་གྱི་སློབ་དཔོན་ཞང་ཞུང་དགའ་རབ་ཟེར་བ་ཞིག་བྱོན་པའི་ལོ་རྒྱུས་ཡོག་རེད། ཞང་ཞུང་དགའ་རབ་ཟེར་བ་འདི་ཡོངས་གྲགས་རྫོགས་ཆེན་གྱི་སློབ་དཔོན་དགའ་རབ་རྡོ་རྗེ་ཡིན་སྲིད་ཀྱི་རེད། རྫོགས་ཆེན་གྱི་ལོ་རྒྱུས་ཡོངས་གྲགས་རྣམས་སུ་སྔོན་བྱོན་རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་ཞེས་བཤད་པ་དེ་ཚོ་གཅིག་བྱས་ན་ཞང་ཞུང་དགའ་རབ་ཀྱི་སྔོན་དུ་བྱོན་པའི་སློབ་དཔོན་ཆེན་པོ་བཅུ་གཉིས་ལས་འཕྲོས་པའི་བཤད་པ་ཞིག་ཀྱང་ཡིན་སྲིད་ཀྱི་རེད། ལོ་རྒྱུས་འཁྲུགས་པོ་འདི་འདྲ་བཤད་པ་ལ་རང་རིགས་ཀྱི་མཁས་པ་མང་པོ་ཡ་མཚན་པ་དང་ཐུགས་མ་མཉེས་པ་འདྲ་བོ་ཡོང་སྲིད་ནའང་དོན་དུ་ང་ཚོའི་ཆོས་དང་ཤེས་རིག་གི་ཁུངས་ཡང་དག་པ་དེ་ལ་བསམ་གཞིག་ཡག་པོ་ཞིག་མ་བཏང་ཐབས་མེད་ཆགས་ཡོད་ཙང་ཐུགས་བསམ་ཞིབ་ཏུ་བཞེས་གནང་དགོས་ཀྱི་ཡོག་རེད། རྫོགས་ཆེན་ཞེས་པའི་དགོངས་དོན་རྣལ་མ་ནི། སྐྱེས་ཕོ་མོ་སུའང་རུང་བ་དེའི་རང་བཞིན་གྱི་གནས་ལུགས་མ་བཅོས་པའི་ཚུལ་ཇི་བཞིན་དུ་རྟོགས་པའི་རྟོགས་པ་དེ་ལ་ཟེར་བ་ཡིན་ཙང་། ཆོས་ལུགས་ཤིག་གམ། ནང་དོན་རིག་པའི་ལྟ་སྟངས་ཤིག་གམ། གཞུང་གི་ཡིག་ཆ་ལྟ་བུ་འགའ་ཞིག་ལ་ངོས་འཛིན་བྱས་ན་འགྲིག་གི་ཡོག་མ་རེད། རྫོགས་ཆེན་གྱི་དཔེ་རྙིང་འགའ་ཞིག་ལས། སངས་རྒྱས་ཀྱི་ཆོས་རྩ་བ་ནས་དར་མ་མྱོང་བའི་ཀླ་ཀློའི་ཡུལ་དུའང་རྫོགས་ཆེན་གྱི་རྟོག་པ་རྣལ་མ་རང་རྒྱུད་ལ་སྐྱེས་པའི་རྣལ་འབྱོར་ཕོ་མོ་དུ་མ་ཞིག་ཡོད་སྲིད་པར་གསུངས་ཡོག་རེད། དེ་འདྲ་ཡིན་ནའང་། ཆོས་དང་བོན་གཉིས་ཀའི་ནང་ཡང་དག་པའི་རྟོགས་པ་རང་རྒྱུད་ལ་བསྐྱེད་པའི་གདམས་པ་ཟབ་མོ་རེ་ངེས་པར་དུ་བཞུགས་སྲིད། རྙིང་མ་དང་བོན་པོ་གང་རུང་ཞིག་ཡིན་དགོས་པའི་གུ་དོག་གནང་དགོས་ཡག་ཡོག་མ་རེད། གང་ལྟར་ཡང་རྫོགས་པ་ཆེན་པོ་ནི་དུས་མཐའ་མཚམས་ལས་ཡོངས་སུ་འདས་པའི་རྟོགས་པ་ཞིག་ཡིན་པ་དང་། རྟོགས་པ་དེ་ལྡན་གྱི་རིག་འཛིན་དང་དེ་དག་གི་བསྟན་པ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པར་བཞུགས་པ་དང་། ལྷག་པར་དུ་འཇིག་རྟེན་གྱི་ཁམས“ཐལ་བ”ཞེས་པ་བཅུ་གསུམ་དུ་རྫོགས་ཆེན་གྱི་བསྟན་པ་རྣལ་མ་བཞུགས་པའི་ཚུལ་སྒྲ་ཐལ་འགྱུར་སོགས་སུ་གསལ་བར་བསྟན་པ་དེ་དག་ལ་བསམ་ན་གུ་དོག་གི་ལྟ་ཕྱོགས་ལས་བརྒལ་ཐུབ་པ་ཡོང་གི་རེད།

བོད་ཀྱི་ལོ་རྒྱུས་ཡོངས་གྲགས་རྣམས་སུ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ། རྒྱ་ནག་ནས་བོད་དུ་རྩིས་ཀྱི་སྐོར་བྱུང་ཚུལ་བཤད་ཡོག་རེད། རྒྱ་ནག་ནི་རྩིས་ཀྱི་ཁུངས་འདྲ་བོ་ཞིག་ཡིན་ཙང་དུས་སྐབས་དེར་རྒྱ་ནག་ནས་རྩིས་ཀྱི་སྐོར་འགོ་འདྲ་མི་འདྲ་མང་པོ་ཞིག་བོད་དུ་བྱུང་ཡོད་ངེས་པ་ནི་བཤད་མ་དགོས་པ་རེད། འོན་ཀྱང་གཤེན་རབ་མི་ཆེའི་ལོ་རྒྱུས་རྣམས་ནས་གཤེན་རབ་མི་བོ་ཆེ་ལ་སྐུའི་གདུང་སྲས་བརྒྱད་ཡོད་པའི་ནང་ནས་གཞོན་པ་འཕྲུལ་བུ་ཆུང་ཟེར་བ་དེས་རྩིས་ཀྱི་བསྟན་པ་དར་རྒྱས་མཛད་ཚུལ་གསལ་གྱི་ཡོག་རེད། གཞན་ཡང་བོན་གཞུང་བྱམས་མ་ཟེར་བ་སངས་རྒྱས་ཀྱི་འདས་ལོ་༡༥༠༠ སྤྱི་ལོ་ ༩༥༦ པར་བྱུང་བའི་ཁྲོ་ཚང་འབྲུག་ལྷས་གཏེར་ནས་བཏོན་པར་གྲགས་པའི་དཔེ་རྙིང་དེ་ལས་རྒྱལ་བོ་གཉའ་ཁྲིའི་རིང་ལ་རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་དར་ཏེ། མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་བོན། འགྲོ་ཤེས་གླུད་གཏོང་། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་རྟ་བོན། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ། ལྡིང་ཤེས་ཤྭ་བ། འཕུར་ཤེས་ཇུ་ཐིག  འགྲོ་ཤེས་འཕྲུལ་བོན། དེ་རྣམས་ལ་ཤེས་པ་ཅན་བཅུ་གཉིས་བྱའོ། ཞེས་བཤད་པ་དེ་ལས་ཀྱང་རྩིས་ཀྱི་སྐོར་ཡོད་པ་གསལ་གྱི་ཡོག་རེད།

སྨན་དཔྱད་ཀྱང་དེ་དང་འདྲ་སྟེ་སྟོན་པ་གཤེན་རབ་མི་བོ་ཆེའི་སྐུའི་གདུང་སྲས་བརྒྱད་ཀྱི་ནང་ནས་རྒན་གྲས་དཔྱད་བུ་ཁྲི་ཤེས་ཟེར་བ་དེ་སྨན་དཔྱད་ཀྱི་བསྟན་པའི་རྐང་ཡིན་པ་ལོ་རྒྱུས་རྣམས་ལས་གསལ་བ་དང་རྒྱལ་སྟག་རི་གཉན་གཟིགས་ཀྱི་དུས་སུ་སུམ་པའི་སྨན་པ་གདན་དྲངས་ཏེ་སྤྱན་བཅོས་པའི་ལོ་རྒྱུས་ཡོག་རེད། དེ་སྐབས་སུམ་པ་ཟེར་བ་དེ་ཞང་ཞུང་གི་མངའ་ཁོངས་སུ་གཏོགས་པ་ཞིག་ཡིན་ནའང་དེང་སང་གི་དབང་དུ་བྱས་ན་ཨ་མདོའི་ཕྱོགས་ལ་ཟེར་གྱི་ཡོག་རེད། ཡོངས་གྲགས་བོད་ཀྱི་སྨན་ཁུངས་གཏུག་ས་ནི་གཡུ་ཐོག་ཡོན་ཏན་མགོན་པོ་ཡིན་ལ། ཁོང་གིས་ཀྱང་རྒྱ་དཀར་པོའི་ལུགས་དང་། རྒྱ་ནག་པོའི་ལུགས་དང་། སྟོད་ཕྱོགས་བོད་ཀྱི་ལུགས་གསུམ་གཅིག་ཏུ་དྲིལ་བའི་ཚུལ་གསལ་བར་བཤད་པ་དེས་ཀྱང་སྨན་དཔྱད་ཀྱི་ཁུངས་བོད་རང་ལ་ཡོད་པ་བསྟན་གྱི་ཡོག་རེད། དེང་སངས་ཕྱི་རྒྱལ་བ་རྣམས་ཀྱིས་མེ་བཙའི་མིང་ལ་མོག་ཟ་ཟེར་སྲོལ་ཡོད་ཅིང་། ཁོང་ཚོས་རྒྱ་ནག་གི་མིང་ཞིག་ཏུ་ཆ་འཇོག་བྱེད་ཀྱི་ཡོག་རེད། ཡིན་ནའང་རྒྱ་ནག་གི་སྐད་དུ་མོག་ཟ་ཟེར་བ་ཞིག་མེད་པ་དང་། བོད་སྐད་དུ་མེ་གཙའ་ནི་ཡོངས་གྲགས་ཀྱི་མིང་ཞིག་ཡིན་ལ། དོན་གྱི་དབང་དུ་བྱས་ནའང་མེའི་དམིགས་ཟེར་བ་ཡིན་ཙང་སྒྲ་ཟུར་ཅུང་ཟད་ཆགས་པ་ཞིག་ཡིན་པའི་མངོན་གསལ་དོད་པོ་ཡོག་རེད། གནས་ཚུལ་དེ་དག་གིས་ཀྱང་བོད་ལ་གནའ་དུས་ནས་བྱུང་བའི་སྨན་དཔྱད་ཀྱི་ཁུངས་ཡོད་པའི་བདེན་དཔང་བྱེད་ཡོང་ཀི་ཡོག་རེད། ཏུན་ཧོང་གི་ཡིག་རྙིང་དུ་གནའ་བོའི་མེ་གཙའི་ཡིག་ཆ་ཞིག་ཡོད་པ་དང། དཔེ་དེར་མེ་གཙའི་ཁུངས་དེ་ཞང་ཞུང་ནས་བྱུང་བ་ཁ་གསལ་དུ་བསྟན་ཡོག་རེད། བོད་ཀྱི་སྨན་མིང་རྣམས་སུའང་དུར་བྱིད། ད་ཏྲིག  སླེ་ཏྲེས་ཟེར་བ་འདྲ་པོ་ཞང་ཞུང་གི་བརྡ་རྙིང་ཞེ་དྲག་མང་པོ་ཡོང་བ་དེ་ཚོའང་སྨན་དཔྱད་ཀྱི་ཁུངས་རང་ལ་ཡོད་ནས་བྱུང་བ་ཞིག་རེད་མ་གཏོགས་ཞང་ཞུང་གི་བརྡ་རྙིང་ལ་དུས་ཕྱིས་བོད་པས་བེད་སྤྱོད་གཏང་དགོས་པའི་རྒྱུ་མཚན་གཞན་པ་གང་ཡང་བཤད་ཡོང་ཡག་ཡོད་མ་རེད། དེ་འདྲ་ཡིན་ཙང་བོད་ཀྱི་ཤེས་རིག་ཚང་མའི་འབྱུང་ཁུངས་དངོས་དེ་བོན་ཡིན་པ་དང་། བོན་གྱི་ཁོངས་སུ་རྒྱ་ཆེ་ལ་གཏིང་ཟབ་པའི་ཤེས་རིག་མཐའ་ཡས་པ་ཞིག་ཡོད་པ་གསལ་བོར་མཁྱེན་ཐུབ་ཀྱི་རེད།

སྟབས་ཉེས་པ་ཞིག་ལ་བར་སྐབས་བོད་དུ་བོན་དང་བོན་པོ་རྣམས་ལ་མཐོང་ཆུང་བྱེད་པའི་ལུགས་སྲོལ་ཤུགས་ཆེན་པོ་ཞིག་བྱུང་མྱོང་བ་དེས་བོད་རང་གི་ཤེས་རིག་ལ་གནོད་སྐྱོན་གང་མཚམས་ཤིག་བྱུང་ཡོག་རེད། ང་རང་བཤད་གྲྭར་སྡོད་སྐབས་ང་ཚོའི་ཆོས་གྲོགས་ཀྱི་གྲས་སུ་ལྕགས་ལུང་སྤྲུལ་སྐུ་ཞུ་བའི་བོན་པོ་སྐུ་ཡོན་བཟང་ཞིང་ཐུགས་ཉམས་ཆུང་བ་ཞིག་ཡོད་པ་ཁོང་དང་ང་གཉིས་གྲོགས་པོར་ཆགས་སོང་། ཡིན་ནའང་ངའི་ཆོས་གྲོགས་གཞན་དག་གིས་ང་ལ་མི་དགའ་བའི་རྣམ་འགྱུར་མང་དུ་བསྟན་མྱོང་བ་དང་། སྐུ་ཡོན་དང་ལྡན་པའི་ཆོས་གྲོགས་འགའ་ཤས་ཀྱིས་མར་སྤར་གྱི་ཡོག་རེད། ཟེར་བ་དང་། བོན་གྱི་ལྷ་དབལ་གསས་ཟེར་བ་དེའི་འདོན་ཆོག་ཏུ། ཤཱག་ཐུབ་པད་འབྱུང་བསྣོལ་བའི་གདན་སྟེང་དུ། །དབལ་གསས་སྟག་ལྷ་མེ་འབར་བཞུགས་སུ་གསོལ། །ཟེར་བའང་ཡོག་རེད། ཟེར་མཁན་འདྲ་བོ་བོན་ལ་དམའ་འབེབས་ཀྱི་གཏམ་ཞེ་དྲག་མང་པོ་ཐོས་མྱོང་། གཏམ་དེ་ཚོ་གང་མཚམས་ཤིག་ན་ངའི་སེམས་པ་ལའང་བོན་དང་བོན་པོ་རྣམས་ལ་སྐྱུགས་བྲོ་མཁན་འདྲ་བོ་ཞིག་ཆགས་བྱུང་། དུས་ཕྱིས་བོན་གྱི་སྐོར་ལ་རྟོག་གཞིག་ནན་ཏན་བྱས་པས། གཏམ་དེ་ཚོ་ཁུངས་ལུང་རྩ་བ་ནས་མེད་པ་ཞིག་ཡིན་པའི་བདེན་པ་ར་འཕྲོད་བྱུང་། རིག་པས་དཔྱད་ནའང་བོན་ཡང་དག་ཅིག་ཡིན་ན་གཤེན་རབ་མི་བོ་ཆེ་ཕེབས་པའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་དང་། ཨོ་རྒྱན་པདྨ་འབྱུང་གནས་གཞི་ནས་འབྱོན་རྒྱུ་ཡིན་ཙང་དབལ་གསས་ཀྱི་ཞབས་ལ་མནན་ཡོང་ཡག་ཡོད་མ་རེད། ཁུངས་མེད་ཀྱི་གཏམ་དེ་འདྲ་བ་མང་པོ་ཞིག་ལ་བརྟེན་ནས་བོད་མི་ཚོའི་བློ་ལ་དོག་པ་མང་པོ་ཞིག་བྱུང་ཡོག་རེད།

ཞང་ཞུང་དང་བོད།

        ད་ལྟའི་དུས་སུ་ཞང་ཞུང་ཟེར་བའི་མིང་གི་གདག་གཞི་ལྟེ་བ་ནི་སྟོད་མངའ་རིས་ཀྱི་ཕྱོགས་རྣམས་ཡིན་ལ་དེའི་ནང་ནས་ཀྱང་ཡུལ་གྱི་ལྟེ་བ་ནི་གུ་གེ་དང་།  ཁྱུང་ལུང་ཟེར་བ་དེ་དག་རེད།  སྔོན་དུས་ཞང་ཞུང་གི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ལ་སོགས་པའི་དུས་སྐབས་དེ་དག་ཏུ་ཞང་ཞུང་སྒོ་ཕུགས་བར་གསུམ་ཟེར་སྲོལ་བྱུང་བཞག   དུས་དེར་མངའ་རིས་ཀྱི་ནུབ་ཕྱོགས་དང་།  ནུབ་མཐའི་ཡུལ་འགའ་ཞིག་དེང་དུས་སུ་པ་ཀི་སི་ཐན་དང་ཨ་ཕུ་ཧན་དང་།  པར་སིག་དང་།  ཨུ་རུ་སུ་རྣམས་ཀྱི་ཁོངས་སུ་གཏོགས་པ་དེ་དག་ལ་ཞང་ཞུང་ཕུགས་པ་ཞེས་བྱ་བ་དང་།   ད་ལྟའི་སྟོད་མངའ་རིས་ལ་དྭགས་དང་བཅས་པ་དེ་ཚོ་ལ་ཞང་ཞུང་བར་བ་ཞེས་སུ་གྲགས་པ་དང་།  དབུས་གཙང་དང་།  ཞང་ཞུང་བར་མདོ་ཁམས་ཀྱི་ཕྱོགས་རྣམས་ལ་ཞང་ཞུང་སྒོ་ཞེས་གྲགས་ཀྱི་ཡོག་རེད།   ཞང་ཞུང་གི་རྒྱལ་ཁམས་ལ་མངའ་དབང་བསྒྱུར་བའི་རྒྱལ་པོ་གྲགས་པ་ཆེ་བ་རྣམས་ཀྱང་།  མཚོ་མ་ཕམ་གྱི་ལོ་རྒྱུས་ལས།  “ཁྱད་པར་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་གཙོས་པའི་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་ཆེ་བའི་རྒྱལ་པོ་སྲིད་པ་གནམ་ནས་བསྐོས་པའི་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་དང་།  ཞུང་ཞག་ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན་དང་།  ཧྲི་དོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱི་བྱ་རུ་ཅན་དང་གསུམ་ནི་གངས་རིན་པོ་ཆེའི་མདུན།  རྒྱབ་རི་གཡུ་ལོ་ལྗོན་པའི་རྫོང་མཁར་དུ་ཆགས་སོ།།

དེ་ལྟར་དུའང་།   ཁྱུང་ལུང་རྒྱལ་བ་མཉེས་ཡུལ་དུ་སྲས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང་།  རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་།  ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན་དང་གསུམ་མོ།།  ཞང་ཞུང་པུ་མར་ཧྲིང་གི་ཡུལ་དུ་སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་བྱ་རུ་ཅན་དང་།  ཉེ་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ།།  ཞང་ཞུང་ཙི་ཎའི་ཡུལ་དུ་སྟག་རྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན་དང་། ཛྭོ་དམར་ཐིས་སྤུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ།།  ཞང་ཞུང་ཏ་རོག་ཡུལ་དུ་བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང་།  ལི་ཝིར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ།།  ཞང་ཞུང་སྟ་གོའི་ཡུལ་དུ་ཤེལ་རྒྱུད་ཧྲི་དོ་རྒྱལ་པོ་ཛྭོ་དམར་འོད་ཀྱི་བྱ་རུ་ཅན་དང་།  ལིག་མུར་ནམ་མཁའི་རྒྱལ་པོ་བྷེ་ངྷུས་འོད་ཀྱི་བྱ་རུ་ཅན་དང་གཉིས་སོ།།   ཞང་ཞུང་ཁ་སྐྱོར་ཡུལ་དུ།    མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་དང་།    ཞང་ཞུང་ཁ་ཡུག་ཡུལ་དུ།    སད་ཧྲི་གྱེར་གྱི་རྒྱལ་པོ་ཨུད་པལ་འོད་ཀྱི་བྱ་རུ་ཅན་དང་།   ཞང་ཞུང་ལ་དྭགས་ཡུལ་དུ།  ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན་དང་།    ཞང་ཞུང་རུ་ཐོག་ཡུལ་དུ།    མུ་མར་ཐོག་རྒོད་རྒྱལ་པོ་ཨཎ་འོད་ཀྱི་བྱ་རུ་ཅན་སོགས་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་” ཅེས་བཤད་ཡོད་པ་ལྟ་བུ་རེད།       རྒྱལ་པོ་དེ་ཚོ་བྱུང་བའི་དུས་ལ་དཔྱད་ན་གཤེན་རབ་མི་བོ་ཆེའི་སྐུ་ཚེའི་སྨད་ཙམ་ན་ཞང་ཞུང་གི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་བྱུང་ཞིང་།  གཤེན་རབ་མི་བོ་ཆེའི་དངོས་སློབ་གཤེན་ཐང་མ་འོད་རྒྱལ་གྱིས་རྒྱལ་པོ་འདིའི་སྐུ་གཤེན་མཛད་པ་དང་།  གཤེན་ཐང་མ་འོད་རྒྱལ་གྱི་དངོས་སློབ།   དྭངས་པ་ཡི་རིང་གིས་སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་བྱེ་རུ་འོད་ཀྱི་བྱ་རུ་ཅན་གྱི་སྐུ་གཤེན་མཛད་པ་དང་།   དྭངས་བ་ཡིད་རིང་གི་དངོས་སློབ་གུང་རིམ་གཙུག་ཕུད་ཀྱིས་མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་གྱི་སྐུ་གཤེན་མཛད་པ་དང་།   གུང་རིམ་གཙུག་ཕུད་ཀྱི་དངོས་སློབ་རྫུ་འཕྲུལ་ཡེ་ཤེས་ཀྱིས་སྟག་རྣ་གཟི་བརྗིད་རྒྱལ་པོ་ཁྲི་ལྡེ་ལྕགས་ཀྱི་བྱ་རུ་ཅན་གྱི་སྐུ་གཤེན་མཛད་པ་དང་། རྫུ་འཕྲུལ་ཡེ་ཤེས་ཀྱི་དངོས་སློབ་གཤེན་པོ་ཡེ་ཤེས་ཚུལ་ཁྲིམས་ཀྱིས་སད་ཧྲི་གྱེར་གྱི་རྒྱལ་པོ་ཨུས་ལ་འོད་ཀྱི་བྱ་རུ་ཅན་གྱི་སྐུ་གཤེན་མཛད་པ་དང་།   གཤེན་པོ་ཡེ་ཤེས་ཚུལ་ཁྲིམས་ཀྱི་དངོས་སློབ་གཤེན་པོ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་སྲས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་གྱི་སྐུ་གཤེན་མཛད་པ་དང་།   གཤེན་པོ་གཡུང་དྲུང་ཚུལ་ཁྲིམས་ཀྱི་དངོས་སློབ་གཙུག་ཕུད་རྒྱལ་བས་མུ་མར་ཐོག་རྒོད་རྒྱལ་པོ་ཨཎ་འོད་ཀྱི་བྱ་རུ་ཅན་གྱི་སྐུ་གཤེན་མཛད་པ་ཚུལ་དེ་ཚོས་གསལ་གྱི་ཡོག་རེད།

གཤེན་གྱི་གདུང་བརྒྱུད་ཀྱི་དབང་དུ་བྱས་ན། གཤེན་རབ་མི་བོ་ཆེ་ལ་སྐུའི་གདུང་སྲས་བརྒྱད་བྱུང་བའི་ནང་ནས།  ཀོང་བཟའ་ཁྲི་ལྕམ་གྱི་སྲས་གཡུང་དྲུང་དབང་ལྡན་དང་།    དེའི་སྲས་འབྲུག་གི་རྒྱལ་པོ།   དེའི་སྲས་དམུ་བོན་ཡོའུ་བརྟན།    དེའི་སྲས་དམུ་བོན་ཐང་རྡོལ།    དེའི་སྲས་སྐྱེས་ལོ་ཚལ།    དེའི་སྲས་གཤེན་གྲོལ་བ།   དེའི་སྲས་དམུ་ཁ་སྤོ་མི་སྤོ་གདན་དྲངས་ནས་བོན་ཞུས་པའི་ཚུལ་བོན་གྱི་ལོ་རྒྱུས་འགའ་ཤས་ནས་གསལ་གྱི་ཡོད་ཙང་།  གཤེན་རབ་མི་བོ་ཆེ་དང་།   རྒྱལ་པོ་གཉའ་ཁྲི་བཙན་པོའི་བར་དུ་མི་རབས་བདུན་ཙམ་བྱིན་ཡོད་པ་དང་གཤེན་གྱི་གདུང་བརྒྱུད་དུ་བྱོན་པ་དེ་ཚོ་མཐུ་ནུས་དང་ལྡན་པའི་བོན་པོ་ཤ་སྟག་ཡིན་སྟབས་མང་ཞིག་ནི་སྐུ་ཚེ་རིང་པོར་བཞུགས་པའང་ཡོག་རེད།

ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་གཙོ་བོ་རིང་བརྒྱུད་ཀྱི་དབང་དུ་བྱས་ན། གཤེན་རབ་མི་བོ་ཆེ་ནས་ཡོངས་སུ་དག་པ་དང་།  དེ་ནས་ཀླུ་བོན་བ་ནམ།   མི་བོན་ཁྲི་ལྡེ་ཟམ་བུ།  བ་ནམ་སྐྱོལ་པོ།   ཁྲི་ཤོ་རྒྱལ་བ།  ར་སངས་བསམ་འགྲུབ།  དར་མ་ཤེས་རབ།  དར་མ་འབོད་དེ།   ཞང་ཞུང་ཁྲི་འཕན།   མུ་ཡེ་ལྷ་བརྒྱུད།  རྨ་གཤེན་ལེགས་བཟང་།  གྱེན་གཤེན་སྟག་ལྷ།  ར་སངས་གཡུང་དྲུང་གསས།  ར་སངས་གཡུང་འཕན། དགེ་འཕར་དོན་གྲུབ།  གྱེར་སྤུངས་དགེ་འཕན། དགེ་རྒྱལ། ཞང་ཞུང་རྣམ་རྒྱལ། མུ་རྒྱུད་དཀར་པོ། ཧོར་ཏི་ཆེན་པོ། དོན་ཀུན་གྲུབ་པ། ར་སངས་འཕན་རྒྱལ། གུ་རིབ་གསས་དགའ། ཟླ་བ་རྒྱལ་མཚན་དང་། དེས་གྱེར་ཆེན་སྣང་བཞེར་ལོད་པོ་ལ་བརྒྱུད་པས་གྱེར་ཆེན་གྱི་བར་དུ་བླ་རབས་ཉེར་ལྔ་བྱིན་ཡོག་རེད། གྱེར་ཆེན་སྣང་བཞེར་ལོད་པོ་ནི་ཞང་ཞུང་གི་རྒྱལ་བོ་ལིག་མི་རྐྱ་ཡི་དུས་སུ་བྱུང་ཞིང་། ལིག་མི་རྐྱ་ནི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་དང་མཉམ་པ་ལོ་རྒྱུས་ཀུན་གསལ་རེད། གནས་ཚུལ་དེ་དག་ཐམས་ཅད་གོ་ལེགས་པར་བསྒྲིགས་ནས་དཔྱད་པ་ཡིན་ན་ལོ་རྒྱུས་ཡོད་པ་ནས་བཟུང་ཞང་ཞུང་དང་བོད་གཅིག་གྱུར་གྱི་དུས་སྐབས་ལོ་གྲངས་ཆིག་སྟོང་ཙམ་ཕྱིན་ཡོད་པ་དང་། བོད་ཀྱི་རྒྱལ་རབས་དབུ་བརྙེས་པ་ནས་བཟུང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བར་དུ་ལོ་གྲངས་ཆིག་སྟོང་ལྷག་པ་ཞིག་ཕྱིན་ཡོད་པ་མཁྱེན་ཐུབ་ཀྱི་རེད། དུས་སྐབས་དེ་དག་ཏུ་ཞང་ཞུང་གི་རྒྱལ་པོ་དེ་ཚོས་ད་ལྟའི་དུས་སྐབས་ནང་བཞིན་སྲིད་དབང་བསྒྱུར་བའི་སྲོལ་ལུགས་བྱུང་ཡོད་མེད་མ་ངེས་ནའང་ད་ལྟ་ཡོངས་གྲགས་ཀྱི་བོད་འདི་ཡོངས་རྫོགས་ལ་དུས་སྐབས་དེར་ཞང་ཞུང་ཞེས་པ་ཙམ་ལས་མིང་གཞན་ཞིག་མེད་པ་ནི་མངོན་གསལ་ཐུབ་པ་དེ་ག་རེད། མཁས་པ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས་བོད་དང་བོན་ཟེར་བ་འདི་གཉིས་དོན་གཅིག་པ་ཡིན་སྲིད། གང་ལགས་ཟེར་ན། གནའ་དུས་ཀྱི་ཡིག་རྙིང་དུ་བོན་ཟེར་བ་དེ་ལ“བོནད”ཅེས་ཡང་འཇུག་ད་དྲག་དང་བཅས་ཏེ་འབྲི་སྲོལ་ཡོད་པ་དང་དེ་དང་འདྲ་བ་རྒྱལ་པོ་ལ“བཙན་པོ”ཟེར་བ་དེའང“བཙནད་པོ་”ཞེས་ཡང་འཇུག་ད་དྲག་དང་བཅས་ཏེ་འབྲི་སྲོལ་ཡོག་རེད། རྗེས་སུ་ད་དྲག་ཡོད་པའི་ཚིག་འགའ་ཤས་ཀྱི་རྗེས་འཇུག་བརླགས་ནས་ཡང་འཇུག་ད་དྲག་དེ་རྗེས་འཇུག་ཏུ་ཆགས་པ་དཔེར་ན་བཙན་པོ་ལ“བཙད་པོ”ཟེར་བ་འདྲ་པོ་ཡི་གེའི་འགྱུར་བ་བྱུང་ཡོད་ཙང་བོན་ཟེར་བའི་ཚིག་དེའང་“བོད”ཟེར་བར་གྱུར་ཡོད་སྲིད་ཀྱི་རེད།

དོན་གྱི་དབང་དུ་བྱས་ནའང་དེ་སྔོན་བོད་ཀྱི་ཡུལ་ཁམས་ཚང་མར་བོན་དར་ཁྱབ་ཆེན་པོ་བྱུང་ཡོད་ཙང་ཡུལ་གྱི་མིང་ལའང་བོན་གྱི་ཡུལ་ཟེར་བ་འདྲ་བོ་ཡོང་སྲིད་ཀྱི་རེད་ཅེས་གསུངས་པ་དེ་ཞེ་དྲག་འབྲེལ་ཆགས་པོ་ཡོག་རེད།   ང་རང་བཤད་གྲྭར་སྡོད་སྐབས་“བོད་སྐད་”དུ་ཟེར་བའི་ཁ་ཐུག་ཏུ་བོད་ཟེར་བའི་དོན་ནི་རྒྱ་གར་ལྟ་བུའི་ཡུལ་གྲུ་ཆེན་པོ་མེད་ཅིང་མི་གྲངས་ཀྱང་ཉུང་ལ་འབོད་སྐད་རེའི་མཚམས་སུ་མི་རེ་གནས་ཀྱི་ཡོད་སྟབས་བོད་ཟེར་གྱི་ཡོག་རེད། ཅེས་འགྲེལ་བཤད་རྒྱག་པ་ཐོས་མྱོང་། བཤད་པ་དེ་ནི་རྒྱ་གར་ལ་ཁུངས་གཏུགས་དྲགས་པའི་བཤད་པ་རང་རེད། བཤད་ཚུལ་དེ་ལ་བལྟས་ན། རྒྱ་གར་བས་བོད་ལ་ཚུར་བཏགས་པའི་མིང་ཞིག་ཡིན་ལ་རྒྱ་གར་བས་མིང་དེ་འདྲ་མ་བཏགས་པའི་གོང་དུ་བོད་ལ་མིང་གང་ཡང་མེད་པ་འདྲ་པོ་ཞིག་ཆགས་ཀྱི་ཡོག་རེད། དོན་དུ་གནའ་བོའི་དུས་བོད་ལ་ཞང་ཞུང་གི་མིང་ཆགས་ཀྱི་ཡོད་པ་ལ་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་བྱུང་བ་ནས་བཟུང་ཞང་ཞུང་དང་བོད་གཉིས་ཀྱི་དབྱེ་བ་ཆགས་པ་འདི་མཁྱེན་དགོས་ཤིན་ཏུ་གལ་ཆེན་པོ་ཞིག་རེད།

བོད་ཀྱི་རྒྱལ་པོ་གྲི་གུམ་བཙན་པོའི་དུས་སུ་རྒྱལ་པོ་དེས་བོད་ཀྱི་བོན་པོ་རྣམས་ལ་ཉམས་ཆག་ཤུགས་ཆེན་བཏང་ཡོག་རེད། གང་ལགས་ཟེར་ན། དེ་སྐབས་བོད་ཀྱི་རྒྱལ་ཁབ་དེ་གསར་བ་ཞིག་ཡིན་སྟབས། བོད་ཀྱི་བོན་དང་ཤེས་རིག་གང་ཅིའི་ཐད་ཞང་ཞུང་ལས་ཁྱད་ཐོན་པ་ཞིག་མེད་པ་དང་།  བོད་ཀྱི་བོན་པོ་རྣམས་མཐུ་དབང་ཆེ་ཞིང་། དེ་དག་གི་རྒྱབ་བརྟེན་དུ་ཞང་ཞུང་གི་རྒྱལ་པོ་ཡོད་པ་ཡིན་ཙང་། བོད་ཀྱི་རྒྱལ་སྲིད་དེ་བོན་པོ་རྣམས་ལ་ཤོར་དུ་དོགས་ནས་བོན་པོ་རྣམས་ལ་ཉམས་ཉེས་བཏང་ཡོད་པ་ནི།  བོན་གྱི་དཔེ་རྙིང་རྣམས་ལས། རྒྱལ་པོ་གྲི་གུམ་བཙན་པོས་ཡུལ་འདིར་ངའི་རྒྱལ་སྲིད་དང་།  ཁྱོད་ཀྱི་བོན་སྲིད་གཉིས་མི་ཤོང་བས་བོན་པོ་རྣམས་སྤྱུགས་ཤིག   ཅེས་བཀའ་ཕེབས་པའི་ཚུལ་གསལ་པོར་མཁྱེན་ཐུབ་པ་ཡོག་རེད། བོད་ཀྱི་རྒྱལ་པོ་དེ་དག་གི་དུས་སུ་ཞང་ཞུང་གི་ཤེས་རིག་དར་རྒྱས་ཆེན་པོར་བྱུང་ཡོད་པའི་མངོན་རྟགས་ནི་གནའ་དུས་བོད་ཀྱི་རྒྱལ་པོ་རྣམས་ཀྱི་མཚན་དུ།   མུ་ཁྲི་བཙན་པོ།  སོ་ཁྲི་བཙན་པོ།   ཨ་ཤོ་ལེགས།   ཐི་ཤོ་ལེགས།    གུ་རུ་ལེགས་སོགས་དུ་མ་ཞིག་ཡོད་པ་དང་། དུས་སྐབས་དེ་དག་ཏུ་མ་ཟད།  བོད་དུ་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་པ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུའང་།  ཁོང་རང་གི་སྲས་ལ་མུ་ནེ་བཙན་པོ་སྟེ་དོན་དུ་ནམ་མཁའ་བཙན་པོ་ཞེས་མཚན་དུ་གསོལ་བ་འདི་དག་གིས་ཀྱང་ཞང་བོད་ཤེས་རིག་གི་གནས་སྟངས་གསལ་བོར་སྟོན་གྱི་ཡོག་རེད།

ང་ཚོའི་བཤད་སྲོལ་ཡོངས་གྲགས་སུ།  ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་ཙང་། བོད་ཡུལ་མུན་པའི་གླིང་དུ་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་བ་རེད་ཅེས་པ་དེ་ག་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་པ་ལ་ཐེ་ཚོམ་ཅི་ཡོད་ཀྱང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་སངས་རྒྱས་ཀྱི་ཆོས་བོད་དུ་སྤྱན་དྲངས་པའི་མཛད་པ་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་པའི་རྒྱུ་མཚན་ཁོ་ན་ལས་བྱུང་བ་རེད་ཟེར་ནས་བཤད་ཐུབ་ཡག་རྩ་བ་ནས་ཡོག་མ་རེད། སྲོང་བཙན་སྒམ་པོས་ཐོག་མར་ཁོང་རང་གི་མཆེད་མོ་སད་མ་ཀར་ཟེར་བ་དེ་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་ཡི་བཙུན་མོར་བཏང་ནས་ཞང་ཞུང་དང་གཉེན་འབྲེལ་གནང་བའི་ཚུལ་ཏུང་ཧོང་ནས་ཐོན་པའི་རྒྱལ་རབས་ལས་གསལ་བ་དང་། སྲོང་བཙན་སྒམ་པོའི་བཙུན་མོ་དང་པོ་དེ་ཞང་ཞུང་གི་རྒྱལ་པོའི་སྲས་མོ་ལི་ཐིག་སྨན་ཟེར་བ་དེ་ཡིན་པ་བོན་དང་ཆོས་ཀྱི་ལོ་རྒྱུས་གཉིས་ཀ་ལས་བཤད་ཅིང་། དེའི་ཚུལ་མཁས་དབང་དམ་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་ཞལ་བཞེས་གནང་ཡོག་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐོག་མར་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་དང་གཉེན་གྱི་འབྲེལ་བ་དམ་ཟབ་གནང་། རིམ་པར་བལ་ཡུལ་ནས་བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་ནས་རྒྱ་གར་གྱི་ཕྱོགས་དང་ཆོས་དང་ཤེས་རིག་གང་ཅིའི་འབྲེལ་ཟམ་གསར་དུ་བཙུགས། དེ་ནས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་ནས་རྒྱ་ནག་ཕྱོགས་དང་ཆོས་སྲིད་ཤེས་རིག་གང་ཅིའི་འབྲེལ་ཟམ་གསར་དུ་བཙུགས། འབྲེལ་བའི་ཕྱོགས་དེ་གཉིས་ལ་བརྟེན་ཏེ་བོད་ཀྱི་སྟོབས་ཤུགས་དང་ཤེས་རིག་གང་ཅིའི་ཐད་ཞང་ཞུང་ལས་རྣམ་པ་ཐ་དད་པའི་དར་རྒྱས་ཐུབ་པ་བྱུང་ནས་མཐར་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་དེ་སུམ་འབར་བགྲོད་པའི་ལམ་ཁར་དམག་གིས་བཀྲོངས་པ་དང་། ཞང་ཞུང་གི་མངའ་རིས་བོད་རྒྱལ་པོའི་དབང་དུ་བསྡུས་ཏེ་སླར་ཡང་ཞང་བོད་གཅིག་གྱུར་གྱི་བོད་རྒྱལ་ཁབ་ཟེར་བ་རྣམ་པ་གསར་བ་ཞིག་བསྟན་ཐུབ་པ་བྱུང་བ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཞང་ཞུང་གི་མངའ་རིས་དབང་དུ་བསྡུས་པ་དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་ཉིད་ཀྱི་སྐུ་རིང་ལ་བྱུང་བའི་གནས་ཚུལ་ཙམ་ཞིག་མ་ཡིན ་པར་བོད་ཀྱི་རྒྱལ་རབས་གོང་མ་རྒྱལ་པོ་གྲི་གུམ་བཙན་པོ་སོགས་ཀྱིས་ཀྱང་ཐུགས་འཁུར་གནང་མྱོང་བའི་རྒྱལ་ཁ་ཞིག་ཡིན་པ་གསལ་པོར་བསྟན་གྱི་ཡོག་རེད།  བྱས་ཙང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་དཀར་ནག་དང་གཉེན་འབྲེལ་གནང་ཞིང་ཆོས་དང་ཤེས་རིག་གང་ཅིའི་འབྲེལ་ཟམ་གསར་འཛུགས་གནང་བ་དེ་ཆོས་ཁོ་ན་ལ་དགོངས་པའམ་བོད་ལ་ཤེས་རིག་གི་ཁུངས་མེད་ནས་གནང་བ་ཞིག་མ་ཡིན་པར་སྲིད་དོན་གྱི་དགོས་པ་ངེས་ཅན་ཞིག་བྱུང་ཡོད་པའི་མངོན་རྟགས་གསལ་བོར་བསྟན་གྱི་ཡོག་རེད།

 

ཆོས་དང་སྲིད།

ཆོས་སྲིད་ཟུང་འབྲེལ་ཟེར་བ་འདི་ང་ཚོ་བོད་ཀྱི་ཡུལ་ན་གནའ་དུས་ནས་ཡོངས་སུ་གྲགས་པ་ཞིགརེད། གནས་ཚུལ་འདིའི་ཐོག་ནས་འདས་པའི་ལོར་རང་རིགས་ཡར་ཐོན་ཅན་གྱི་གཞོན་ནུ་འགའ་ཤས་ཀྱིས་གླེང་སློང་གནང་སོང་བ་ད་ལྟ་ངའི་བློ་ལ་དྲན་གསོ་བཞིན་ཡོད། གནའ་དུས་ཀྱི་དབང་དུ་བྱས་ན། ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་བོད་ཀྱི་རྒྱལ་བོ་དང་། བློན་པོ་ཚོ་ཆོས་དད་ཆེ་ཞིང་ཆོས་མཛད་པ་ཙམ་གྱི་སྐད་ཆ་ཞིག་མ་རེད། བོད་སུལ་བུར་གྱུར་བའི་རྗེས་སུ། འགྲོ་མགོན་ཆོས་རྒྱལ་འཕགས་པ་༼འདས་ལོ༡༧༧༩ —- ༡༨༢༤   ཕྱི་ལོ ༡༢༣༤ —- ༡༢༨༠༽དང་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན༼འདས་ལོ༡༨༤༦ —-༡༩༠༨   ཕྱི་ལོ ༡༣༠༢ —- ༡༣༦༤༽དང་རྒྱལ་དབང་ལྔ་བ་ཆེན་པོ༼འདས་ལོ༢༡༦༡ —-༢༢༢༦   ཕྱི་ལོ ༡༦༡༧ —- ༡༦༨༢༽ སོགས་རབ་ཏུ་བྱུང་བས་བོད་ཀྱི་རྒྱལ་སྲིད་བསྐྱངས་པས་ཆོས་སྲིད་ཟུང་འབྲེལ་དུ་གནང་བའི་སྐད་ཆ་ཙམ་ཞིག་ཀྱང་ཡིན་ཐབས་ཡོག་མ་རེད། སྤྱིར་བཏང་བོད་ཀྱི་ཤེས་རིག་ཆེ་ཕྲ་མཐའ་དག་བོན་དང་། ཡང་ན་ཆོས་ཀྱི་རིག་གཞུང་གང་རུང་དང་མ་འབྲེལ་བ་ཞིག་རྩ་བ་ནས་ཡོག་མ་རེད། ཡུལ་ལུང་གང་འདྲ་ཞིག་ཡིན་ཡང་རུང་། ཡུལ་ལུང་དེ་ག་རང་གི་རིག་གཞུང་ལ་མ་བརྟེན་པར་ཡུལ་གྱི་ཆབ་སྲིད་བསྐྱངས་པའི་ཐབས་མེད་པ་ཞིག་ཡིན་ཙང་། བོད་ཀྱི་ཆོས་སྲིད་གཉིས་ཀྱི་འབྲེལ་བའི་གཞི་རྩ་གཙོ་བོའང་གནས་ཚུལ་དེ་འདྲ་ཞིག་གི་སྟེང་ནས་བྱུང་ཡོད་པར་ངེས་ཤིང་། རྒྱལ་ཁྲིམས་ཀྱི་ནང་དུ་དགེ་བ་བཅུའི་ཁྲིམས་སོགས་ཆོས་སྤྱོད་མང་པོ་ཞིག་ཚུད་པའི་རྒྱུ་མཚན་ཡང་དེ་རང་ཡིན་པར་མཁྱེན་ཐུབ་ཀྱི་རེད། གཞོན་ནུ་འགའ་ཤས་ཀྱིས་ཆོས་ཀྱི་དམིགས་ཡུལ་གཞན་ཕན་གཙོར་བྱེད་པ་དེ་དང་། སྲིད་ཀྱི་དམིགས་ཡུལ་རང་ཕྱོགས་རྒྱལ་ཞིང་གཞན་ཕྱོགས་ཕམ་པར་བྱེད་པའི་ལྟ་སྤྱོད་དེ་དག་ཕན་ཚུན་དངོས་འགལ་ཡིན་ཙང་། ཆོས་སྲིད་ཟུང་དུ་འབྲེལ་དཀའ་བའི་དགོངས་འཆར་བཏོན་གནང་བ་དེ་ནི་དངོས་གནས་བསམ་མནོར་ཡར་ཐོན་ཧ་ཅང་ཆེན་པོར་ཆགས་པའི་དགོངས་འཆར་ཞིག་ཏུ་མཐོང་གི་འདུག  ཆོས་དང་སྲིད་གཉིས་ཀྱི་འགྲོ་སྟངས་རྩ་བ་ནས་གཅིག་པ་མ་རེད། དེ་འདྲ་ཡིན་ན་སྟོན་པ་སངས་རྒྱས་ཀྱིས་རྒྱལ་སྲིད་སྤངས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལའང་དགོས་པ་མེད་པ་འདྲ་བོ་ཞིག་ཆགས་ཀྱི་ཡོག་རེད། ཡིན་ནའང་། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །ཀུན་ཏུ་བསམ་པ་བཟང་ལ་བརྩོན་པར་བགྱི། །ཞེས་གསུངས་པ་ལྟར། མིའི་བསམ་མནོ་བཟང་ལོད་ལ་རག་ལས་ཀྱི་ཡོད་ཙང་། མཐའ་གཅིག་ཏུ་ཆོས་སྲིད་གཉིས་འགལ་བ་རེད་ཟེར་ནས་ཐག་གཅད་ཐུབ་ཡག་ཡོག་མ་རེད། ད་ལྟའི་སྤྱི་ཚོགས་ཀྱི་དབང་དུ་བྱས་ན། ང་ཚོས་སྤྱིར་བཏང་ཆོས་སྤྱོད་དུ་བརྩིས་པའི་དགེ་བའི་ལས་དང་། ཆོས་ཀྱི་སྙིང་བོ་གང་ཡིན་པ་དེ་གཉིས་ཁ་མཚོན་ཡག་པོར་ཆོད་པ་ཞིག་བྱུང་བ་ཡིན་ན་ཆོས་སྲིད་བར་གྱི་འགལ་བའི་ཆ་དེ་གང་ནས་ཡོང་གི་ཡོད་པ་ད་གཟོད་མཁྱེན་ཐུབ་པ་ཡོང་གི་རེད། བོད་ཀྱི་ཆོས་དང་ཤེས་རིག་འབྲེལ་ཤིན་ཏུ་ཆེ་བར་བརྟེན་བོད་དུ་དུས་ཡུན་རིང་མོ་ཞིག་ནས་ཡུལ་ཁམས་གཞན་དག་ལྟར་སྲིད་ཀྱི་ལུགས་སྲོལ་རང་རྐྱ་ཅན་ཞིག་བྱུང་ཡོག་མ་རེད། གལ་ཏེ་སྲིད་ལུགས་རང་རྐྱ་ཐུབ་པ་ཞིག་བྱུང་ཡོད་པའི་དབང་དུ་བྱས་ན། བོད་ཀྱི་མི་འབོར་དངོས་ཡོད་ལས་ཆེས་མང་བ་ཞིག་དང་། སྲིད་ཀྱི་སྟོབས་འབྱོར་དངོས་ཡོད་ལས་ཆེས་ཆེ་བ་ཞིག་བྱུང་ཡོད་ངེས་ཀྱི་རེད། ཡིན་ནའང་དངོས་ཡོད་བོད་མིའི་ཤེས་རྒྱུད་ཀྱི་ཡར་ཐོན་དང་། ནང་དོན་རིག་གཞུང་གི་ཆུ་ཚད་མཐོན་པོ་གཞན་མངོན་ཆོག་ཏུ་ཡོད་པ་འདི་ཚོ་ཡོང་ཐུབ་ཡག་ཡོག་མ་རེད། དེང་དུས་སྤྱི་ཚོགས་ཀྱི་ངོ་བོ་དང་། སྤྱི་ཚོགས་ཀྱི་གནས་སྟངས་གང་ཅིའི་ཐད་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་ཡིན་ཙང་གནའ་དུས་སུ་བྱུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལུགས་དེས་དངོས་ཡོད་སྤྱི་ཚོགས་ཀྱི་ཁེ་བདེ་མཚོན་ཐུབ་མིན་སྣ་ཚོགས་ཡོང་བ་དང་། སྐབས་འགར་ཆོས་སྲིད་ཀྱི་གནས་ཚུལ་མ་མཐུན་པའི་སྟེང་ནས་འགལ་བ་མང་པོ་ཞིག་ཀྱང་ཐོན་ཡོང་གི་རེད། དོན་དུ་འགལ་བ་འདི་རིགས་མིའི་ཆ་ནས་ཡོང་གི་ཡོད་པ་མ་གཏོགས་ཆོས་ཀྱི་ཆ་ནས་ཡོང་གི་མེད་པའི་ཚུལ་འདི་ཁ་ཚོན་ཆོད་དགོས་པ་གལ་ཧ་ཅང་ཆེན་པོ་རེད། ཆོས་ཟེར་བ་དེའི་མདོ་འགགས་ཧྲིལ་གྱིས་དྲིལ་ན། སྟོན་པ་སངས་རྒྱས་ཀྱིས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་གསུངས་པ་དེ་ག་རེད། རང་གི་སེམས་འདུལ་ཟེར་བ་དེ་དོན་དུ་རང་སེམས་ལ་ཚོད་ཡོད་པ་ཞིག་ཡིན་དགོས་པའི་དོན་ཡིན་ཙང་། རང་སེམས་ལ་ཚོད་ཡོད་པ་ཞིག་བྱས་པ་ཡིན་ན། མིས་མི་ལ་ཐུབ་ཚོད་བཏང་བ་དང་། མིས་མི་ལ་མཐོང་ཆུང་བྱེད་པ་དང་། ལྷག་པར་དུ་གནོད་པ་གང་ཆེ་ཞིག་མ་གཏོགས་ཕན་པ་དང་དགོས་པ་ཏིལ་འབྲུ་ཙམ་ཡང་མེད་པ། བོད་རིགས་ནང་ཁུལ་ཡུལ་ལུང་གི་ཁྱད་པར་དང་། ས་དགེ་བཀའ་རྙིང་བོན་དང་བཅས་པའི་གྲུབ་མཐའི་ཕྱོགས་ཞེན་འདྲ་པོ་མི་དང་མིའི་བར་གྱི་འགལ་བ་དེ་དག་ཡོང་ཡག་མ་རེད། དེ་འདྲ་ཡིན་ཙང་། ཆོས་ཟེར་བ་འདིའི་རྣམ་པ་དང་། ཚུལ་སྤྱོད་ཅི་དང་ཅི་འདྲ་བ་ཞིག་བསྟན་ཀྱང་རུང་། དོན་དུ་མིའི་རང་རྒྱུད་དང་འབྲེལ་བ་ཞིག་རེད་མ་གཏོགས་ཡུལ་གྱི་སྟེང་ནས་ཚུར་བཞག་པ་ཞིག་རྩ་བ་ནས་མིན་པའི་ཚུལ་འདི་རང་རིགས་གཞོན་སྐྱེས་ཡར་ཐོན་ཅན་རྣམས་ནས་མཁྱེན་དགོས་ཀྱི་ཡོག་རེད། སྲིད་ཟེར་བ་དེ་ནི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཞིག་ལ་ངོས་འཛིན་དགོས་ཀྱི་ཡོག་རེད།

སྤྱི་ཚོགས་ཀྱི་འགྲོ་སྟངས་གཏན་ལ་འབེབས་མཁན་ནི་མི་རེད་མ་གཏོགས་སྤྱི་ཚོགས་མ་རེད། གང་ལགས་ཟེར་ན་སྤྱི་ཚོགས་ཟེར་བ་དེ་མི་རེ་རེ་ནས་གྲུབ་དགོས་ཀྱི་ཡོག་རེད། དེ་ཡང་མི་གཅིག་ནས་བརྒྱ་སྟོང་ཁྲི་འབུམ་སོགས་མང་དུ་ཚོགས་པ་དེ་ལ་སྤྱི་ཚོགས་ཟེར་དགོས་པ་མ་གཏོགས་དེ་ལས་གཞན་པ་སྤྱི་ཚོགས་ཟེར་བ་ཁག་ཁག་ཏུ་གནས་པ་ཞིག་ཡོག་མ་རེད། དེ་འདྲ་ཡིན་ཙང་མི་དང་སྤྱི་ཚོགས་ཀྱི་འབྲེལ་བ་རང་ཤུགས་སུ་གྲུབ་པ་ཞིག་ཡིན་པ་ང་ཚོས་མངོན་སུམ་དུ་མཐོང་ཐུབ་པ་འདི་ག་རེད།

དེང་དུས་སྤྱི་ཚོགས་ཀྱི་ལྟ་བ་ཕལ་ཆེ་བ་ནི་དངོས་གཙོ་སྨྲ་བའི་ལུགས་རེད། དངོས་གཙོ་སྨྲ་བ་དང་། སེམས་གཙོ་སྨྲ་བའི་ལུགས་འདི་གཉིས་ཀྱི་འཇིག་རྟེན་མཐོང་ཕྱོགས་མི་འདྲ་བ་གཉིས་ཆགས་ཡོག་རེད། དངོས་གཙོ་སྨྲ་བ་རྣམས་ཀྱིས་སྤྱི་ཚོགས་ཀྱི་ནུས་པ་ལ་བརྟེན་ནས་འཇིག་རྟེན་ཡར་རྒྱས་ཀྱི་ལས་རྩོལ་ལ་འཐབ་བརྩོན་གཙོར་བྱེད་ཀྱི་ཡོད་ཙང་། དངོས་སྣང་གི་སྟོབས་ཤུགས་ཆེན་པོར་ཆགས་ཀྱི་ཡོག་རེད། དུས་མཚུངས་སུ་དེ་ལ་སྐྱོན་ཞིག་ཀྱང་ངེས་པར་ཡོང་གི་ཡོག་རེད། གང་ལགས་ཟེར་ན། ཁོང་ཚོས་དངོས་པོའི་ནུས་ཤུགས་ཀྱི་ཚོད་འཛིན་དེ་ཡུལ་གྱི་སྟེང་ནས་ཚུར་བཞག་གི་ཡོད་ཙང་། མི་རྣམས་ཡུལ་ལ་ཕར་བརྟེན་མཁན་ཞིག་ཏུ་མི་ཆགས་ཐབས་ཡོག་མ་རེད། དེ་འདྲ་ཡིན་ཙང་། སྤྱི་ཚོགས་ཀྱི་དར་རྒྱས་ཇི་ཙམ་ཆེ་བར་ཕྱིན་ཀྱང་རུང་། མི་དང་མིའི་བར་གྱི་འགལ་བ་དང་། ཚོགས་པ་དང་ཚོགས་པའི་བར་གྱི་འགལ་བ་དང་ཡུལ་དང་ཡུལ་ཅན་བར་གྱི་འགལ་བ་སོགས་འགལ་བ་འདི་ཚོ་ལས་གྲོལ་བའི་དུས་སྐབས་རྩ་བ་ནས་ཡོག་མ་རེད། དེ་མ་ཡོང་ཕྱིན་ཆད་མིའི་རང་དབང་དང་། ཞི་བདེ་དང་། འདྲ་མཉམ་ཟེར་བ་དེ་ཚོ་ཚང་མ་སྐད་ཆའི་རྣམ་པ་ཙམ་མ་གཏོགས། དོན་ཐོག་ཏུ་ཡོང་ཡག་མེད་པ་ཞིག་ཆགས་ཀྱི་ཡོག་རེད། བྱས་ཙང་མིའི་ཤེས་རྒྱུད་ཡར་རྒྱས་འགྲོ་དགོས་པ་འདི་ལས་གལ་ཆེ་བ་གང་ཡང་མེད་ཅིང་། མིའི་ཤེས་རྒྱུད་ཡར་རྒྱས་བྱུང་བ་ཡིན་ན་ད་གཟོད་སྤྱི་ཚོགས་ཀྱི་རྣམ་པ་གསར་བ་ཞིག་ཏུ་འགྱུར་ཐུབ་པ་དང་། དེ་འདྲ་བའི་སྤྱི་ཚོགས་དེ་དར་རྒྱས་ཀྱིས་མིའི་འགྲོ་བ་ཐམས་ཅད་ཀྱི་ཁེ་བདེ་མཚོན་ཐུབ་པ་ཞིག་མི་ཡོང་ཐབས་མེད་ཅིང་། སྤྱི་ཚོགས་ཀྱི་རྣམ་པ་དེ་ལ་ཆོས་སྲིད་ཟུང་འབྲེལ་ཟེར་ན་མ་འགྲིག་པ་མེད་ལ་དོན་གྱི་དབང་དུ་བྱས་ནའང་ཆོས་སྲིད་ཟུང་འབྲེལ་ཡང་དག་པ་ཞིག་མཚོན་ཐུབ་ཀྱི་ཡོག་རེད།

ཆོས་མིན་བོན་མིན་ལྟས་ངན་གཏམས་སོ་ཞེས། །རིས་ཅན་འགའ་ཡི་ཐུགས་ལ་གཟན་སྲིད་མོད། །ལྟས་ངན་གཡང་དུ་ལེན་ལ་མཁས་པ་དག །ཁུངས་ལྡན་རིག་གཞུང་འཚོལ་ལ་བརྩོན་པར་འོས། །ཇི་སྲིད་བོན་གྱི་ཤེས་རིག་མངོན་འཚོ་བ། །དེ་སྲིད་བོད་ཀྱི་མི་རིགས་གནས་ངེས་པས། །ཡང་དག་བོད་ཀྱི་ལོ་རྒྱུས་འཛིན་པར་བསྐུལ། །བདག་འདྲས་གྲོས་སུ་འདེབས་པ་དོན་ཆུང་ཡང་། །བོད་དུ་སྐྱེས་ནས་བོད་རྩམ་ཟོས་པའི་དྲིན། །ཅུང་ཟད་བསབ་པའི་རྣམ་དཀར་མཐུ་བཙན་པས། །བོད་ཀྱི་ཤེས་རིག་སྣང་བའི་རྒྱན་དུ་ཤོག །  ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།