མང་རི་བཀྲ་ཤིས་མཐོང་གྲོལ་གླིང་གི་གདན་རབས།

མང་རི་བཀྲ་ཤིས་མཐོང་གྲོལ་གླིང་གི་གདན་རབས་ཀེ་ཏའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
མང་སྤྲུལ་གཙུག་ཕུད་རྣམ་རྒྱལ།

        ༄༅། །སྐྱབས་མཆོག་ཀུན་འདུས་ངོ་བོ་བླ་མ་རྗེ། །སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །བདེན་གཉིས་ཟུང་འབྲེལ་འཕྲུལ་ངག་གཡུང་དྲུང་བོན། །སྐྱབས་གནས་དཀོན་མཆོག་གསུམ་ལ་གུས་པས་འདུད། །མང་རི་མཐོང་གྲོལ་གླིང་གི་ལོ་རྒྱུས་ཀྱི། །བྱུང་རིམ་ཉུང་ངུ་ཀེ་ཏའི་ཕྲེང་བ་ཞེས། །ཡིན་ལུགས་མ་བཅོས་རྒས་པའི་གནའ་གཏམ་ལྟར། །གོང་གི་བཀའ་དགོངས་བཞིན་དུ་འདི་ན་འགོད། །དེང་རབས་གསར་བའི་སྐྱེད་ཚལ་ཡངས་པ་རུ། །རང་དགོན་ལོ་རྒྱུས་གེ་སར་གཞོན་ནུ་ལ། །བདེན་དོན་འགྱུར་མེད་རྩི་བཅུད་གང་མཆིས་པ། །བློ་གསར་རྐང་དྲུག་དགྱེས་པའི་སྟོན་མོར་འབུལ། །
ཞེས་པའི་སྔོན་འགྲོའི་ཚིག་བཤད་སྲིད་པའི་གྲངས་ལྡན་གྱིས་མདུན་བསུས་ཏེ། སྐབས་འདིར་གླེང་བར་བྱ་བ་ལས་ས་བཅད་རྣམ་པ་གསུམ་སྟེ། བོན་གྱི་བསྟན་པའི་ངོ་སྤྲོད་མདོར་ཙམ་བརྗོད་པ་དང་། དགོན་པ་འདི་ཉིད་ཐོག་མར་ཆགས་ནས་ད་བར་གྱི་བྱུང་རིམ། བསྟན་འཛིན་གྱི་སྤྲུལ་སྐུ་རྣམ་པའི་སྐུ་ཕྲེང་བྱོན་ཚུལ་ལོ། །
     དང་པོ། སྟོན་པ་རྣམ་པར་དག་པ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཏེ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་བསྟན་པ་རྣམ་པར་དག་པ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱའི་མདོ་བཞི་དང་ལྡན་པ་དང་། སྤྱོད་པ་སེམས་ཅན་ལ་འཚེ་བ་མེད་པ། སྒོམ་པ་བླ་མེད་རྫོགས་པ་ཆེན་པོ་ཚེ་གཅིག་ལ་འཇལ་ལུས་འཕོ་བ་ཆེན་པོའི་སྐུ་རུ་བརྙེས་ནུས་པ་དང་། ཁྱད་པར་དུ་སྟོན་པ་དེ་ཉིད་ཀྱིས་བཀའ་ཡི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་ནང་དོན་མདོ་སྔགས་སེམས་གསུམ་གྱི་བསྟན་དོན་ཕུན་སུམ་ཚོགས་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་རྣམ་པར་དག་པས་གཞི་བཏིང་བ་སོགས་ལམ་ལྔ་ས་བཅུ་དང་ཕ་རོལ་དུ་ཕྱིན་པ་བཅུ་ལ་ཉམས་ལེན་བྱས་ན་མཐར་ཐུག་བླ་མེད་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་རིན་པོ་ཆེ་མངོན་དུ་གྲུབ་པའི་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པ་ཁྱད་པར་འཕགས་པ་འདི་ད་ལྟ་ཁྱབ་རྒྱ་ཆེ་མིན་ལ་མ་ལྟོས་པར་འཛམ་གླིང་སྟེང་སྲོལ་རྒྱུན་རིན་ཐང་ཆེ་བའི་ལོ་རྒྱུས་ཀྱི་གྲལ་དུ་གལ་འགངས་ཆེ་ཞིང་། ལྷག་པར་དུ་མེས་རྒྱལ་གྱི་ཆོས་དང་ཤེས་རིག་གི་ལོ་རྒྱུས་ཀྱི་ཐོག་མའི་འབྱུང་ཁུངས་ཀྱི་རྩ་བར་གྱུར་ཡོད་པ་སུས་ཀྱང་བསྙོན་མེད་དུ་གནས་ཡོད་པ་ནི་བསྟན་པའི་བྱུང་བ་བརྗོད་པའོ། །
       གཉིས་པ། དགོན་པ་འདི་ཐོག་མར་སྤྱི་ལོ༤༩༨ཙམ་ནས་བོན་གྱི་གྲུབ་ཆེན་མེ་ཉག་ལྕེ་ཚ་མཁར་བུའི་གདན་ས་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ཞིང་། སྒོམ་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་དར་རྒྱས་བྱུང་ཡོད་པ་དང་། དེ་རྗེས་སྤྱི་ལོ༩༦༣ཙམ་ལ་གྲུབ་ཆེན་འོད་བརྒྱ་པ་ཞེས་པ་བཞུགས་ཏེ་བཤད་པ་དང་སྒྲུབ་པ་གཉིས་ཀྱི་སྡེ་རྒྱ་མི་ཆུང་བ་ཞིག་བྱུང་སྟེ་བླ་རབས་མང་པོའི་རིང་ལ་མང་རི་གྱང་དཀར་ཞེས་པའི་ལྷ་ཁང་དང་གྲྭ་ཤག་མི་ཉུང་བ་ཞིག་ཡོད་ཀྱང་སོག་པོའི་དུས་སུ་གཏོར་བརླགས་སུ་སོང་། དེ་རྗེས་སྒོ་རིགས་བླ་མ་བློ་གྲོས་བསྟན་པ་ཞེས་པ་ལུང་གིས་ཟིན་པ་དེ་ཉིད་ཀྱིས་བསྟན་དགོན་བསྐྱར་གསོ་གནང་བ་ནི༼སྲིད་པ་རྒྱུད་ཀྱི་ཁ་བྱང༽ལས། སྟོང་རྒྱུང་མཐུ་ཆེན་སྤྲུལ་བ་ནི། །སྒོ་ལ་བློ་གྲོས་མཚན་ཅན་འབྱུང་། །ཞེས་གསུངས་པའི་ལུང་གིས་ཟིན་པའི་བླ་མ་དེ་ཉིད་སྟོད་ཀྱི་གནས་རི་ཁག་ལ་བསྐོར་བ་ལ་ཕེབས་སྐབས། དང་རའི་བླ་མ་རྣམ་དག་འོད་ཟེར་མཆོག་གིས་མདོ་ཁམས་མང་རི་གྱང་དཀར་དུ་བསྟན་དགོན་ཉམས་གསོ་བྱས་ན་མ་འོངས་བསྟན་འགྲོའི་དོན་ཆེན་འབྱུང་བའི་བཀའ་གནང་བ་ལྟར། སྤྱི་ལོ༡༧༣༨ལ་གྲུབ་ཆེན་འོད་བརྒྱ་པའི་གདན་ས་མང་རི་གྱང་དཀར་ཞེས་པ་དེ་ཉིད་བསྐྱར་བཞེངས་གནང་སྟེ་སྤྱི་ལོ༡༩༥༩ལོའི་བར་བླ་རབས་བདུན་གྱི་རིང་ལ་བཤད་པ་ཐོས་བསམ་དང་སྒྲུབ་པ་ཉམས་ལེན་རྒྱ་མི་ཆུང་བ་གནང་སྟེ་བསྟན་འགྲོ་སྤྱི་ལ་ཕན་པའི་དགོན་པ་ཞིག་ཡིན། སྤྱི་ལོ༡༩༦༢ལོར་རྫོང་སྲིད་གཞུང་གིས་གཏན་འཇགས་དགོན་པའི་ཆོག་མཆན་གནང་ཡོད། དེ་རྗེས་རིག་གནས་གསར་བརྗེའི་སྐབས་སུ་རིག་དངོས་སོགས་ལ་གཏོར་བརླག་གྱོང་གུད་ཆེན་པོ་བྱུང་ཡོད་ཀྱང་། སྤྱིལོ༡༩༨༦ ལོར་རྫོང་མི་དམངས་སྲིད་གཞུང་གིས་དགོན་པ་ཉམས་གསོའི་ཆོག་མཆན་གནང་སྟེ། ལྷ་ཁང་དང་བཤད་གྲྭ་ལྷ་ཁང་། གྲྭ་ཤག སྒྲུབ་ཁང་སོགས་གང་ལ་གང་འཚམས་ཀྱི་ཉམས་གསོ་ཐུབ་ཡོད་ཀྱང་། ད་ལྟ་དགོན་པ་འདི་ཉིད་ས་ཆའི་ཆ་རྐྱེན་ཤིན་ཏུ་ཞན་པ་དང་ཕྱི་ནང་གི་རྟེན་འབྲེལ་ཡ་མཚན་དུ་མ་ལ་བརྟེན་ནས་སྤྱི་ལོ༢༠༠༣ལོར་ཆབ་མདོ་ས་ཁུལ་མན་ཆད་ཀྱི་རིམ་པ་གོང་འོག་གི་འབྲེལ་ཡོད་ལས་ཁུངས་ཁག་དང་བླ་གྲྭ་སེར་སྐྱ་མང་ཚོགས་ཀུན་གྱིས་མ་གྲོས་གཅིག་མཐུན་གྱི་ཐོག་ནས་གནས་སྤོས་ཆོག་པའི་ཆོག་མཆན་ཞུས་པ་ཐོབ་སྟེ། གུག་རྩའམ་དུང་དཀར་མདའ་ལ་དགོན་ས་སྤོས་ཏེ་ལྷ་ཁང་དང་གྲྭ་ཤག་གསར་བཞེངས་བྱེད་མུས་ཡིན། དགོན་པ་འདི་ལ་སྔོན་དར་རྒྱས་ཤིན་ཏུ་ཆེ་སྐབས་བླ་གྲྭ་གྲངས་ཆིག་བརྒྱ་ལྷག་ཙམ་ཡོད་ཅིང་། དེ་དག་གིས་ལོ་རེ་བཞིན་ཕུར་བའི་སྒྲུབ་ཆེན་ཉིན་བཅུ་གསུམ་དང་མ་རྒྱུད་དང་ཞི་ཁྲོ་གཉིས་ལ་ཉིན་བདུན། དགུ་ཆུང་ལ་ལྷ་མོའི་སྒྲུབ་པ་ཉིན་བདུན། དགུ་ཆེན་ལ་ཁྲོ་བོ་རོལ་བའི་སྒྲུབ་པ་ཉིན་བདུན། དེ་བཞིན་དབྱར་གནས་དང་གདུགས་དཀར་དབྱར་འཚོགས་སུ་སྒྲུབ་པ་ཆེ་ཕྲ་གྲངས་མང་ཡོད་པ་དང་། མདོར་ན་ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་ལ་འཆད་ཉན། མར་ངོ་ལ་བསྙེན་བསྒྲུབ་སོགས་བསྟན་པ་དང་འགྲོ་དོན་ཁོ་ནར་བརྩོན་པའི་དགོན་པ་ཞིག་ཡིན་ཞིང་། ཆབ་མདོ་རྫོང་གི་གཙོ་གནད་ཀྱི་དགོན་པའི་གྲས་སུ་བཞག་ཅིང་། གོང་རིམ་ནས་ནམ་རྒྱུན་མཐོང་ཆེན་གནང་བཞིན་ཡོད་པ་དང་དགོན་པ་འདི་ཡི་རྟེན་གསུམ་རིག་དངོས་སྐོར་ལ་སྔོན་མ་ལྟར་སྐད་གྲགས་ཤིན་ཏུ་ཆེ་བའི་རིག་དངོས་གྲངས་མང་ཡོད་ཀྱང་གཏོར་བརླགས་སུ་སོང་འཕྲོ་ཡོད་ལ། སྟོན་པ་འཛམ་གླིང་འཇིགས་སྐྱོབ་མ་སོགས་སྐུ་རྟེན་རྩ་ཆེན་འགའ་དང་། གཤང་ཉི་ཟེར་མ་ཞེས་ངོ་མཚར་ཆེ་བ་དང་། ཚེམས་དུང་འཕར་ཆེན་སིལ་རོལ་རྙིང་བ་ཁ་ཤས་དང་ཐང་སྐུ་རྙིང་བ་བྱིན་ལྡན་ཉི་ཤུ་ཙམ། གསུང་རབ་དཔེ་རྙིང་པོད་གྲངས་ལྔ་བཅུ་ལྷག་ཡོད་ལ། ད་ལྟ་ནང་གི་རྟེན་བཞེངས་སྐོར་ལ་སྟོན་པ་རྫོགས་སྐུའི་ཆ་ལུགས་ཅན་དང་། གཤེན་ལྷ་འོད་དཀར། རྣམ་པར་རྒྱལ་བ། བྱམས་མ་ཆེན་མོ། སྟག་ལ་སོགས་ཟངས་གསེར་གྱི་སྐུ་ཁྲུ་དགུ་བ་ཅན་བཞེངས་བཞིན་ཡོད་ལ། བླ་གྲྭ་ལྔ་བཅུ་ལྷག་ཙམ་བཞུགས་པ་བཅས་དགོན་འདི་ཡི་བྱུང་རིམ་མདོར་ཙམ་བརྗོད་པའོ། །
གསུམ་པ། བསྟན་འཛིན་གྱི་སྐྱེས་བུ་རིམ་པར་བྱོན་ཚུལ་ལ་ཐོག་མར་མཁས་གྲུབ་ཆེན་པོ་མེ་ཉག་ལྕེ་ཚ་མཁར་བུ་ནས་གྲུབ་ཆེན་འོད་བརྒྱ་པའི་བར་ལ་ལོ་གྲངས་ཉིས་བརྒྱ་དགུ་བཅུ་གོ་ལྔའི་རིང་དང་། གྲུབ་ཆེན་འོད་བརྒྱ་པ་ནས་སྒོ་བླ་མ་བློ་གྲོས་བསྟན་པའི་བར་ལ་ལོ་གྲངས་བདུན་བརྒྱ་བརྒྱད་ཅུ་གྱ་ལྔའི་རིང་ལ་བླ་རབས་རིམ་བྱོན་གྱི་གྲངས་ཀ་གསལ་ཁ་མ་རྙེད་ཀྱང་། བླ་རབས་མང་དག་ཅིག་བྱོན་ཡོད་པ་ནི་དངོས་གསལ་ཡིན་ཁར། བླ་མ་བློ་གྲོས་བསྟན་པ་ནས་ད་ལྟའི་བླ་མ་གཙུག་ཕུད་རྣམ་རྒྱལ་བར་ལོ་གྲངས་བཞི་བརྒྱ་ཙམ་གྱི་རིང་ལ་བླ་རབས་བརྒྱད་བྱོན་ཡོད་པ་དང་། ཡང་སྒོ་སྟོན་ཉི་མ་འོད་ཟེར་ནས་བླ་མ་བསྟན་པའི་ཉི་མའི་བར་ལ་བླ་རབས་ལྔ་བྱོན་ཞིང་། ལྷ་གདོང་བླ་མ་རྟ་མགྲིན་ནས་བླ་མ་བསོད་ནམས་དགེ་ལེགས་བར་བླ་རབས་གཉིས་བྱོན་པ་སོགས་མདོར་ན་དགོན་པ་འདི་ལ་སྤྲུལ་སྐུ་གསུམ་དང་གྲྭ་བཙུན་སུམ་ཅུའི་ཆོག་མཆན་ཡོད་པས་དགོན་པ་འདི་ཡི་ལོ་རྒྱུས་ཉུང་བསྡུས་འདི་དག་རེ་ཞིག་རྫོགས་སོ། །

      སླར་སྨྲས་པ། བདག་བློ་མ་རིག་ཆུ་འཛིན་སྟུག་པོའི་གསེབ། །སྐྱེས་སྦྱོང་ཤེས་རབ་ཚ་ཟེར་འོད་དམན་པས། །འདི་ལ་ནོར་ཆའི་སྦྲང་ཆར་གང་འཐོར་བ། །མཆོག་གསུམ་ལྷ་ཡི་ལམ་དུ་བཟོད་པར་གསོལ། །འདི་འབད་རྣམ་དཀར་རྟ་བདུན་དབང་པོའི་ཟེར། །དེང་རབས་གསར་བའི་སྐྱེད་ཚལ་ཡངས་པ་རུ། །བསྟན་འགྲོའི་གེ་སར་གཞོན་ནུའི་གསོས་གྱུར་ཏེ། །བདེ་སྐྱིད་ཟེའུ་འབྲུ་བཞད་པའི་རྒྱུ་རུ་སྨོན། །ཅེས་པ་འདི་ནི་མང་སྤྲུལ་གཙུག་ཕུད་རྣམ་རྒྱལ་གྱིས་མི་ཟད་ཅེས་པ་མེ་ཕོ་ཁྱི་ལོའི་སྣྲོན་ཟླའི་དཀར་ཕྱོགས་སྟོང་བ་དང་པོའི་རྒྱལ་ཕུར་འགྲུབ་སྦྱོར་ཉིན་བྲིས་པའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།