ལྷ་རི་གྱང་ཐོ་དགོན།

ལྷ་རི་གྱང་ཐོ་དགོན།

     ༄༅།།བོད་ཀྱི་ལོ་རྒྱུས་དེབ་ཐེར་གང་ཞིག་ཡིན་རུང་བོད་ཀྱི་བཙན་པོ་དང་པོ་ལྷ་རི་གྱང་ཐོའི་རྩེར་ཕེབས་ཞེས་པ་མ་འཁོད་པ་གཅིག་ཀྱང་མེད་མོད། འོན་ཀྱང་ལྷ་རི་གྱང་ཐོ་ཡང་སྙིང་གང་དུ་ཡོད་མེད་ངོས་འཛིན་ཐད་གསལ་པོ་རང་མེད་པ་མ་ཟད། རིས་ཅན་འགས་ཡར་ལུང་རྒྱུད་དུ་ཡོད་པའི་ཕྱོགས་བཤད་བཞིན་འདུག ཡིན་ནའང་སངས་རྒྱས་གཡུང་དྲུང་བོན་གྱི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ལྷ་རི་གྱང་ཐོའི་རི་བོ་དེ་ས་ཁུལ་གང་དུ་ཡོད་པ་དང་རི་བོ་གང་ཡིན་པའི་སྐོར་ཡིད་ལ་གསལ་ལེར་ཤེས་ཀྱི་ཡོད་པས་འདིར་མང་པོ་ཞུ་མི་དགོས།
དེ་ཡང་དགོན་པ་འདི་ནི་མི་ཁྲི་ལྷག་གི་གོང་ནས་སྟོན་མཆོག་གཤེན་རབ་མི་བོས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཡིན། རང་རེའི་བོད་རྒྱལ་གཉའ་ཁྲི་བཙད་པོ་དེ་ཕྱྭ་རྗེ་ཡབ་བླ་བདལ་དྲུག་གི་སྲས་རྒྱུད་གནམ་ནས་དོག་ལ་བྱོན་སྐབས་ཐོག་མར་ལྷ་རི་གྱང་ཐོའི་དབུ་ལ་ཕེབས་པ་དང་། བོད་རྒྱལ་གཉིས་པ་མུ་ཁྲི་བཙད་པོ་ནས་བཟུང་། གཤེན་སྣང་བ་མདོག་ཅན་དང་རྒྱལ་གཤེན་མི་ལུས་བསམ་ལེགས། སྙ་ཆེན་ལི་ཤུ་སྟག་རིང་སོགས་དང་། རྣལ་འབྱོར་ནམ་མཁའ་ལྷུན་གྲུབ་སོགས་ཀྱི་སྒྲུབ་པའི་གནས་ཁྱད་པར་ཅན་ཡིན། རྒྱལ་གཤེན་བསྟན་པ་ཉམས་ཆག་གི་རིང་ལའང་བོད་ཀྱི་རྒྱལ་བློན་འཁོར་འབངས་རྣམས་ཀྱིས་ལོ་ལྟར་བོད་ཟླ་ལྔ་བའི་ནང་ལྷ་གསོལ་དུ་ཕེབས་ཀྱི་ཡོད་པ་མ་ཟད། དགོན་སྡེ་ཚུགས་རྗེས་ལུགས་གཉིས་ཀྱི་བཀའ་ཁྲིམས་ཡོད་པ་ཡིན་འདུག རིག་གསར་སྐབས་རྨང་ནས་བཤིག་རུང་སྤྱི་ལོ༡༩༩༡ལོ་ནས་དགེ་སློང་སྐལ་བཟང་བསྟན་འཛིན་རིན་པོ་ཆེ་དང་སྟག་ཞིག་བསྟན་པ་དར་རྒྱན་ལྷན་རྒྱས་ཀྱིས་ཉམས་གསོ་མཛད་དེ། གཙུག་ལག་ཁང་ཀ་བ་བཅོ་ལྔ་ཅན་དང་། སྐུ་འདྲ་ཆེ་ཆུང་བཅོ་ལྔ། གསེར་གདུང་དྲུག གསུང་རྟེན་དུ་བཀའ་དང་བཀའ་རྟེན་སོགས་བཞུགས་པ་དང་། རྒྱུན་བཞུགས་བླ་གྲྭ་ལྔ། དགོན་པའི་ལྷ་སྡེ་ཐེམ་དུད་ཉིས་བརྒྱ་ལྷག་ཡོད།
1
༼གསང་བའི་གནས་མཆོག་ཐུགས་སྤྲུལ་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ༽ཞེས་པའི་དེབ་ལས་འཕྲི་སྣོན་གྱིས་བཀོད་པའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།