བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ལོ་རྒྱུས་མདོར་བསྡུས།།

༄༅། །བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ལོ་རྒྱུས་མདོར་བསྡུས།།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

          རེབ་གོང་བོན་བརྒྱ་དགོན་པའམ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ཞེས་པ་འདིའི་མིང་གི་བཤད་པ་ནི། ཡུལ་མདོ་སྨད་དུ་རོང་ཆེན་བཞིའི་ཡ་གྱལ། བྱང་ཨཀྟ་རོང་གི་རེབ་གོང་གསེར་མོ་ལྗོངས་ཀྱི་སྟོད་དུ། བླ་མ་ཆོས་རྗེ་བོན་བརྒྱ་ཚང་གིས་ཕྱག་བཏབས་པས། བོན་བརྒྱ་དགོན་པ་ཞེས་ཡོངས་སུ་གྲགས། མིང་ཕྱི་མ་ནི། རྒྱབ་རི་ཆེན་པོ་བྱ་ཁྱུང་དང་འབྲོང་རྩེ་གཉིས་ཀྱི་རི་རྒྱུད་འབྲེལ་བའི་མདུན་ན་སྨན་རི་ ཞེས་སྤང་རི་ལྷུན་ཆཊ་པའི་མདུན་དུ་ཡོད་ཅིང༌། བཤད་པ་དང་སྒྲུབ་པ་གཉིས་ཟུང་འབྲེལ་གྱི་སྒོ་ནས་ཐར་པ་སྨིན་གྲོལ་དོན་དུ་གཉེར་བའི་ཆ་ནས་མིང་དེ་ལྟར་བཏགས། གླིང་ཞེས་པ། གྲོང་པ་དང་ཐག་ཉེ་ན་དགོན་པ་ཁོ་ནའི་མཚན་ཉིད་མི་ལྡན་པས་དེ་ལྟར་བརྗོད་དོ།།

ཉེ་འཁོར་བཤད་པ། བྱང་ཕྱོགས་ཀྱི་རྒྱབ་རི་ཆེ་བ་བྱ་ཁྱུང་ཡིན་པ་ནི་རེབ་གོང་སྤྱིའི་རྒྱབ་རི་གྲཊ་ཆེན་ཡིན། རེབ་གོང་ན་ལྷ་བྱ་ཁྱུང་ཆེན་པོ་མི་མཆོད་མཁན་མེད། དེའི་མདུན་གྱི་རྒྱབ་རི་འབྲིང་པོ་སྨན་རི་ཡིན། སྤང་རི་དེ་ལ་གནས་པའི་ལྷ་ནི་རུས་སྦལ་སྟེང་ན་སྨན་མོ་མདའ་དར་འཛིན་པ་ཞིག་ཡིན། ཁྱུང་སྨན་གཉིས་ཀ་རྒྱབ་རི་ཡིན་པའི་རྟེན་འབྲེལ་གྱིས། དཔལ་ལྡན་སྨན་རི་བའི་སྲོལ་འཛིན་དུ་གྱུར། རི་ཆུང་བ་སྒོམ་ཤར་ཞེས་པའི་ངོས་སུ་ཆགས་ཡོད་པ་དང་རྒྱབ་ན་  སྒོམ་པའི་བྲག་ཁུང་ཟེར་བ་ཡོད་པར་སྒོམ་པ་ཉམས་སུ་བླང་ན། ལྟ་བ་འཁྲུལ་མེད་དུ་རྟོགས་པའི་རྟེན་འབྲེལ་ཡོད་ཅེས་བཤད་སྲོད་ཡོད། གཡོན་བྱང་ཤར་གྱི་བྲག་ཕག་མོ་གྲུབ་ཆུ་ཟེར་བ་སྐོར་ལམ་དུ་ཡོད་པར་བྲག་ལས་ཆུ་ཐིགས་རྒྱུན་མི་ཆད་པར་འབབ་པས་མི་བཅུ་ལ་﹙འཐུང་ཆུ་﹚འདང་བ་དང་མི་གཅིག་གཉིས་ཙམ་ལའང་འདང་ཙམ་ལས་མི་ལྷག དེར་སྔོན་ཨ་ལགས་རིན་ཆེན་རྒྱལ་བ་ཞེས་རྟོགས་ལྡན་གཅིག་བཞུཊ། ད་ལྟ་རི་ཁྲོད་ཡོད། སྒོམ་ཤར་རིའི་ངོས་ནས་གཤོང་ཆེན་པོ་ཡོད་སར་དུར་ཁྲོད་ཡོད། དེའི་མདུན་བོན་བརྒྱ་གཡུང་དྲུང་ཕུན་ཚོཊ་ཀྱིས་ཆུ་མིག་ཅིག་བཏོན་པ་ནི། དབྱར་དགོན་པའི་འཐུང་ཆུ་ཡིན། གཡས་ནུབ་ཕྱོཊ་སུ། སྤང་རི་ནཊ་ཚལ་ཅན་བརྗིད་ཆགས་པ་ལ་དགེ་བསྙེན་ཞོ་ལུང་མཆེད་གཉིས་ཞེས་དཀར་ཕྱོགས་སྐྱོང་བ་ཞིག་གནས་པ་ནི་མག་སར་སྡེ་བའི་སྐྱེས་ལྷ་རུ་མཆོད། ཤར་ཕྱོགས་མདུན་རི་ཆེ་བ་ནགས་ཚལ་ཅན་རྒྱལ་པོའི་ནང་ཟེར་བར། རི་ནོར་བུ་ཞེས་པ་ནི་དཔལ་ཁ་ཡིན་པས། དཔལ་འབྱོར་ཆོག་ཙམ་ཡིན་ཟེར། ཤར་ལྷོའི་ཉེ་བའི་མདུན་རི་ཆུང་བ།  སྤང་བྲག་འདྲེས་མའི་རི་རྩེ་རལ་གྲིའི་དབྱིབས་ཅན་དང༌། དེའི་གཡས་གཡོན་གླེགས་བམ་བརྩེགས་པའི་རྣམ་པ་ཅན་མང་དུ་ཡོད་པ་ནི། ཤེས་རབ་སྨྲ་སེང་གི་ཕྱག་མཚན་དབྱིབས་ཀྱི་རྟེན་འབྲེལ་ལེགས་པས་མཁས་པ་བྱོན་པ་ཡིན་ཟེར། ཤར་མདུན་ཉེ་བར་རི་ཟླུམ་ཞེས་པ་སྤང་རི་ལྷ་བཤོས་ཟླུམ་པོའི་གཟུགས་སུ་ཡོད་པ་ནི། ཞི་བའི་ལས་འགྲུབ་པ་དང་འབལ་ཚའི་ལུང་པའི་ཆུ་འབྲོང་རྩེའི་རྫ་མདུན་ནས་གཡས་ཕྱོཊ་སུ་འགྲོ་བ་དང༌། རོང་བོ་དགུ་ཆུ་ཆེན་པོ་ཤར་མདུན་ན་བྱང་དུ་འབབ་པས་རྒྱས་པའི་ལས་འགྲུབ་པ་དང། ཆུ་བྲག་ནགས་གསུམ་རྩི་ཤིང་མེ་ཏོག་གི་ཚལ་ཕྱོགས་གཅིག་ཏུ་བསྡུས་པ་ལྟར་ཡོད་པས་དབང་གི་ལས་འགྲུབ་པ་དང༌།  ཤར་མདུན་འབལ་ཚའི་ལུང་མདོ་ན་བྲག་དམར་གཏོར་ཟོར་འདྲ་བ་བཞིའི་བར་ན་ཆུ་དང་ལམ་རྒྱ་གྲམ་གྱི་ཚུལ་དུ་ཡོད་པས་དྲག་པོའི་ལས་རྣམས་ལྷུན་གྱིས་གྲུབ་ཅེས། གྲུབ་ཐོབ་རྣམ་གསུམ་གྱིས་ཐོག་མར་ཞབས་ཀྱིས་བཅཊ་པ་ནས་བཟུང་སྟེ་ད་ལྟའི་བར་དུ་བཤད་སྲོལ་ཡོད། དེ་དག་ཀྱང་བཤད་སྲོལ་ཙམ་མ་ཡིན་པར། རེ་རེ་ནས་མངོན་རྟགས་གྲུབ་ཚུལ་ཡོད་ཀྱང་མང་དུ་དོགས་ནས་འདིར་མ་བྲིས།།ཁྱད་པར་རྒྱབ་རི་བྱང་སྨན་དང་མདུན་རི་རྒྱལ་པོའི་ནང་ཟེར་བ་འདིས། སྔོན་རྫོགས་པ་ཆེན་པོའི་སྲུང་མར་ཁས་བླངས་པ་རྒྱལ་པོ་ཉི་པང་སད་དང་བྱང་སྨན་རྒྱལ་མོ་གཉིས་ཡིན་པ་ཡོངས་སུ་གྲགས་པས། འདིར་སྒྲུབ་གྲྭ་ལོ་མཚམས་པ་རྣམས་ཀྱིས་རྫོགས་ཆེན་སྔོན་དངོས་རྗེས་གསུམ་ཚང་བར་ཉམས་སུ་ལེན་པ་ལ་སྲུང་མས་སྡོངས་ གྲོགས་མཛད་པའི་རྟེན་འབྲེལ་ཡོད་དོ།།

སྤྱིར་འཛམ་གླིང་དུ་བསྟན་པ་སྔ་དར་དང་ཕྱི་དར་གྱི་སྐབས་ཞེས་བཞག་པའི་དབང་དུ་བྱས་ན།  སྔ་དར་ནི་གདུང་སོབ་ཀྱི་སློབ་མ་འཛམ་གླིང་མཁས་པ་རྒྱན་དྲུག་བྱུང༌། དེའི་ནང་གི་ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་ཀྱིས། མཚོ་སྔོན་ཕྱོགས་སུ་བསྟན་པ་སྤེལ་བ་ཡིན་ཏེ། གེ་སར་ཕྲོམ་གྱི་ཡུལ་གྲུ་ན། ། ཁྲི་གཤོག་རྒྱལ་མོའི་མཚོ་མོ་ཡོད། ཅེས་པ་དང༌། ཕྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་བྱོན།སྟོང་རྒྱུང་གིས་གསུངས་ཞེས་ལུང་གིས་གསོལ། དུས་ཚིཊ་ནི་གཉའ་ཁྲིའི་སྔོན་ལ་རྒྱུ་བོན་དར་བ་དང༌། གཉའ་ཁྲིའི་དབུ་བླར་སྣང་མདོག་﹙གཤེན་ནམ་མཁའ་སྣང་བ་མདོག་ཅན་﹚བྱོན་ནས་འབྲས་བུའི་བོན་སྤྱི་སྤུངས་བསྒྲགས་པ་སྐོར་གསུམ་དར་ནས་བོད་རྒྱལ་ཁྲི་སྲོང་གི་བར་དུ་བོན་དར་རྒྱས་བྱུང་ངོ༌། ཁྲི་སྲོང་གི་དུས་ཙམ་ན། སློབ་དཔོན་དྲན་པ་བྱོན་ནས། རེབ་གོང་བྱང་ཕྱོགས་གོང་མོའི་གུར་ཁང་དུ། །བོན་སྟོན་དྲན་པ་ནམ་མཁའི་གྲུབ་གནས་ཡོད། ཅེས་པ་ལྟར། དྲན་པས་ཨ་བ་ངོས་བཟང་གི་དགོན་སྡེ་ཆེན་པོ་བཏབས་དུས་དེར། ལྷ་རི་དཀར་པོའི་རྩ་བ་རུ་དབལ་མོ་གནས་ཀྱི་དགོན་སྡེ་སོགས་ཡོད་པ་ནི་སྔ་དར་གྱི་སྐབས་ཡིན། གླང་དར་མའི་སྐབས། དབུས་ནས་དམ་པ་ཁྱུང་གི་གདུང་ལ་འཁྲུངས་པའི་གྲུབ་ཐོབ་མཆེད་གསུམ་བྲོས་བཤོལ་གྱི་ཚུལ་དུ་ས་འདིར་བྱོན། དགོན་སྡེ་འདིའི་མདུན་ཕྱོགས་སུ་ཆད་ལུང་ཐང་ཟེར་བ་རུ་བཞུགས། འབལ་ཚའི་ཉག་དམར་ན་བཙན་གྱི་དུག་སྡོང་ཡོད་པ་གཏོར་མས་བཅད་དེ་ཕུར་བུ་སྟོང་ཕྲག་དུ་མ་བཞེངས།  སླར་ཡང་བོན་བསྟན་དར་བའི་ཐུགས་སྨོན་གནང༌། ཉག་གའི་རྒྱལ་མོ་བྱམས་ཟེར་བའི་བུ་མོ་ལོ་བཅུ་དྲུག་ཅན་གྱིས་གསོལ་ཇ་དྲངས། གྲུབ་ཐོབ་གསུམ་པོ་ཡང་སྤྱི་རྟིང་འཁོར་ལོས་བསྒྱུར་རྒྱལ་གྱིས་སྤྱི་ཚང་ནས་གཞི་བཟུང༌། ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས་ངོ་མོ་ནས་གཞི་བཟུང༌། ཁྱུང་དཀར་ཚང་བས་ཁྱུང་བོ་ནས་གཞི་བཟུང༌། སློབ་རྒྱུད་དང་གདུང་རྒྱུད་ཕྱོགས་སུ་འཕེལ་ཏེ། སྟོང་ཆེ།  ཧོར་ནག གླིང་བརྒྱའི་བོན་ཚང་མ། གྱང་རུ། དར་གྲོང༌། ཞོ་འོང་ཉིན་ཐ། སྡོང་སྐམ་སོགས་སུ་སྒྲུབ་སྡེ་ཆགས། བྲ་བོ་རེ་རྒན། སྦལ་ཏིང་སྐར་མིག་སོགས་གྲུབ་རྒྱུད་ཕྱོགས་སུ་མཆེད་པའི་ཁྲི་ཀ་སྟོང་ཆེ་ ནས་བོན་པོ་དབྱིངས་ཀློང་རིན་ཆེན་ས་འདིར་བྱོན། ཉག་གའི་རྒྱལ་མོ་བྱམས་ཁབ་ཏུ་བཞེས་ཏེ་ཁྱིམ་གཞི་བཟུང་བ་བོན་བརྒྱ་ཡིན། ཐོག་མར་བོན་བརྒྱ་དབྱིངས་ཀློང་རིན་ཆེན་གྱི་རྒྱུད་འཛིན་དང་གདུང་འཛིན་མང་དུ་འཕེལ་ཞིང༌། ཁྱད་པར་བོན་བརྒྱའི་ཁྲོ་ཁོ་དང་ཚེ་དབང་ཞེས་སྤུན་གཉིས་ཡོད་པའི་ཁྲོ་ཁོ་ལ་བུ་བདུན་ཡོད་པ་ལས་ཁྱིམ་གཞིས་བཅུ་ལྷག་ཙམ་འབྲོག་ཕྱོགས་སུ་འགྲོ་སྐབས་མཚམས་པ་བྱ་བཏང་བ་ཞིག་གིས་མདུན་ཕྱོཊ་རི་ཟླུམ་ངོས་ནས་ཁང་ཆུང་གཅིག་ཕུབ་ནས་བཞུཊ། དེ་ནས་བཟུང་གཅིག་གཉིས་རེ་མཚམས་པ་བྱས་པ་ནི་དགོན་འདིའི་ཐོག་མའི་གཞི་འཛིན་ཡིན་ཞེས་མཁས་པ་སྔ་མ་དང་རྒན་པོའི་ངག་རྒྱུན་ལས་བཤད་ཀྱང་སོ་སོའི་མཚན་མ་ངེས། བོན་བརྒྱ་ཁྱིམ་གྲངས་བདུན་བརྒྱ་རུ་འཕེལ་བ་འདི། དགོན་འདིའི་ལྷ་སྡེ་གཙོ་བོ་ཡིན།  ད་སྐབས་མག་སར་སྡེ་བ་ཡང་དེའི་ཉེ་འདབས་སུ་ཡོད་ལ་རྗེས་ནས་སྡེ་བའི་གནས་སྤོར་ཏེ་ཐང་སྡོང་འོག་ཏུ་ཆགས། སྐབས་དེར་མཚམས་པ་རྣམས་ཀྱང་གནས་སྤོར་ཏེ་ད་ལྟའི་དགོན་གནས་འདིའི་སྒོམ་ཤར་ངོས་སུ་ཆགས་པ་ཡིན་ནོ།།

བསྟན་པ་ཕྱི་དར་གྱི་སྐབས་ཤིག     རྩེ་ཞིག་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་དབུས་གཙང་དུ་བྱོན། རིས་མེད་ཀྱི་གྲྭ་ས་ཆེན་པོ་རྣམས་སུ་བཞུགས་ནས་མཁས་གྲུབ་གཉིས་འཛོམས་ཀྱི་སྙན་པའི་གྲགས་པ་ཕྱོགས་སུ་ཁྱབ། བྲུའི་གདུང་ལ་འཁྲུངས་པའི་པཎ་ཆེན་སྐུ་ཕྲེང་ལྔ་བའི་ཞལ་ནས་མདོ་སྨད་དུ་བོན་གྱི་བསྟན་པ་བདག་གིར་མཛོད་ཅེས་བཀའ་ཤོག་གསེར་གྱི་ཐམ་ག་དང་བཅས་པ་གནང༌། བཀའ་དང་དུ་བླངས་ཏེ་ཁྲི་བ་དྲུང་རམས་པ་ཕྱོགས་འདིར་ཕེབས་ནས་དགོན་སྡེ་ཡོངས་ལ་བཀའ་དྲིན་གྱིས་བསྐྱངས། ཁྱད་པར་དགོན་འདི་དང་ཤར་གཡུང་དྲུང་ཀུན་ཁྱབ་གླིང༌། བྱང་གནམ་སྟེང་ཞྭ་དཀར་གླིང་སོགས། འོག་ཏུ་བཤད་འགྱུར་གྱི་སྒྲུབ་སྡེ་ཉི་ཤུ་ལྷག་དང༌། གཞན་སྟོང་ཆེ་སྟོང་ཆུང་སོཊ་གང་གི་སློབ་རྒྱུད་ཡིན། དེ་རྗེས་རྩེ་ཞིག་འགྱུར་མེད་ཀུན་བཟང་རྒྱ་མཚོ་དང་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས། རྩེ་དབུས་གཡུང་དྲུང་བསྟན་རྒྱས་སོགས་བྱོན། དྲུང་རམས་པའི་སློབ་རྒྱུད་ལ་སོ་ནག་གྲུབ་ཆེན་ཐོག་འཛིན། བོན་བརྒྱ་རང་ཤར་རིག་གྲོལ། མཁར་ནག་གྲུབ་ཆེན་སྐུ་མཆེད། སྦ་སར་པཎྚི་ཏ་ནམ་མཁའ་དབང་ཕྱུག་སོཊ་བྱོན་ནས་དགོན་མ་ལག་སྒྲུབ་སྡེ་ཉི་ཤུ་ལྷག་ལ་དབང་ལུང་ཁྲིད་གསུམ་གྱིས་བསྐྱངས། དེ་རྗེས་ཆོས་རྗེ་ཐུགས་ཀྱི་སྤྲུལ་པ་བོན་བརྒྱ་གཡུང་དྲུང་ཕུན་ཚོཊ་མཁས་གྲུབ་འཇིཊ་མེད་དང་གྲུབ་དབང་ནམ་མཁའ་རྒྱལ་མཚན། སྟོང་ཆུང་ཞབས་དྲུང་གཡུང་དྲུང་དབང་རྒྱལ། སེ་བརྒྱ་ཚུལ་ཁྲིམས་མཐར་ཕྱིན། བོན་བརྒྱ་བྷ་རྩེ་ ཝེར་ཡའམ་དབྱིངས་རིག་རྣམ་གྲོལ། སྡོང་སྐམ་ཀུན་བཟང་ཀློང་གྲོལ་སོཊ་མཁས་པ་དང་གྲུབ་པ་བསམ་གྱིས་མི་ཁྱབ་པ་ཞིག་དགོན་འདིར་བཞུགས་ནས་གསང་སྔགས་ཀྱི་སྒྲུབ་སྡེ་རྨད་དུ་བྱུང་བར་གྱུར། དེ་དག་གི་སློབ་རྒྱུད་ལ་སྡོང་སྐམ་མཆོག་སྤྲུལ་སྣང་གསལ་ལྷུན་གྲུབ། སྐུ་སྲས་བཀྲ་ཤིས་ཚེ་རིང༌། སྔགས་འཆང་བསྟན་པ་ཚེ་རིང་སོཊ་རིག་པ་འཛིན་པའི་སྒྲུབ་གཤེན་དུ་མ་དང༌།  ཀུན་མཁྱེན་ཤར་རྫ་བའི་དངོས་སློབ་འདུལ་བ་འཛིན་པའི་དགེ་སློང་ཚུལ་ཁྲིམས་མཐར་ཕྱིན། སྟོང་ཆེ་གཡུང་དྲུང་བློ་གསལ། དོར་ཞིའི་དགེ་བཤེས་ཚུལ་ཁྲིམས་བསྟན་འཕེལ། བོན་བརྒྱའི་བྱ་བཏང་ཚུལ་ཁྲིམས་མཆོག་གྲུབ། དྲང་སྲོང་དགེ་འདུན་བཟང་པོ། དགེ་སློང་དགེ་ལེགས་རྒྱ་མཚོ་སོགས་ཟོལ་ཟོག་ཚུལ་འཆོས་ཀྱི་དབང་དུ་མ་སོང་རྩ་ལྟུང་ཉེས་བྱས་ཀྱི་དྲི་མས་མ་གོས་པའི་འདུལ་འཛིན་བཞི་སྡེ་ལས་ལྷག་པ་ཞིག་ནམ་ཡང་འདིར་བཞུགས་པས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་མ་ཉམས་པར་གནས་ཞེས་བཤད་ཆོག།

དམ་པ་དེ་དག་གི་ནང་ནས་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱིས། སྐྱབས་མགོན་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་དྲུག་པའི་ཞབས་བསྟེན། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་དངོས་སློབ་ཏུ་གྱུར་ནས་རིས་མེད་ཀྱི་སྐྱབས་མགོན་དེ་ཉིད་ཀྱིས་བོན་དགོན་འདིར་བདག་གྱིས་ཞེས་བཀའ་གནང་ནས། དོན་གཉིས་ལྷུན་གྱིས་གྲུབ་པའི་ལྷ་ཁང་དང་རྣམ་རྒྱལ་ཁང་བརྩེགས་ཀྱི་མཆོད་རྟེན་སོགས་བཞེངས་གྲུབ་མོད་ལ་ཤར་རྫ་ཐམས་ཅད་མཁྱེན་པས་རྟེན་སྣ་ཉིས་བརྒྱ་ལྷག་དང་གཟུངས་གཞུག་རྒྱས་པ་ཕྱག་ཡིག་དང་བཅས་འབྱོར་བ་ནི། ཆད་བགོས་པ་ལྟར་གྱུར་པས་རྟེན་གསུམ་མཐའ་དག་བྱིན་ལྡན་དུ་གྱུར། ཞལ་མ་མཇལ་ཡང་རྒྱང་རིང་པོ་ནས་མཉམ་བཞག་རྗེས་ཐོབ་ཀྱི་ངང་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར།། སྐབས་ཤིག་མ་ཇག་གིས་འཚེ་བ་ཐེངས་གཉིས་བྱུང་ནའང༌། གློ་བུར་དུ་བློ་ཁ་འགྱུར་ཏེ་རྒྱུ་ནོར་ཟས་གསུམ་ནི་ཁལ་རྟ་སུམ་ཅུས་ཉིན་གསུམ་ལ་བསྐྱེལ་ཟེར་བས་འཕྲོག་ཚར། ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་མ་བཅོམས་པས་མི་འཇིགས་བདུད་འདུལ་གཡུང་དྲུང་གླིང་ཞེས་མཚན་གྱིས་བསྔགས་བརྗོད་མཛད། སྐབས་དེར་རེབ་གོང་གི་དགོན་སྡེ་འདུ་ཁང་མང་པོ་མེར་བསྲེགས་པ་ཡིན། དེ་ནས་བཟུང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ། སྒྲུབ་སྡེ་ཉི་ཤུ་ལྷག་གིས་མཆོད་གནས་གཅིག་པུར་གྱུར། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་སློབ་མ་རྣམས་ཀྱིས་བདག་དང་ཉམས་གསོ་བགྱིས་ནས། དྲང་སྲོང་དང་རིག་འཛིན་བྱ་བཏང་བ་འགའ་རེ་རྒྱུན་དུ་བཞུཊ་པ་ལགས་སོ། མཐར་ཡིག་བརྒྱ་དུང་ཕྱུར་གྱི་འཁོར་འཕྲེང་བསྐོར་བས། བན་བོན་ཀུན་གྱིས་ཕྱག་བསྐོར་བྱེད་ཅིང་རིས་མེད་དུ་སྒྲུབ་སྡེ་བྱིན་ལྡན་དུ་གྱུར་ཏོ།།

རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ལོར། སྐྱང་སྟོན་རྒྱལ་བའི་དབང་པོ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་ཕྱོགས་འདིར་བྱོན། མཚོ་སྔོན་ཕྱོགས་ཀྱི་བོན་སྡེ་མཐའ་དག་རྗེས་སུ་བཟུང༌།  དགོན་འདིར་ལོ་གཅིག་གི་ཡུན་ལ་བཞུཊ་ནས་རིག་གནས་གཞུང་ལུཊ་ཀུན་ལ་འཆད་ཉན་མཛད། དབང་ཁྲིད་ལུང་མན་ངག་དང་བཅས་པ་བསྩལ། མཁས་པ་དང་བཙུན་པའི་སྙན་གྲཊ་ཀྱིས་རིས་མེད་དུ་ཁྱབ། ཐུགས་ཀྱི་སློ་མ་མང་དུ་བྱོན། བོན་གྱི་སྒྲུབ་སྡེ་རྣམས་ལ་ཞབས་ཀྱིས་བཅཊ་ནས་སྒྲུབ་རྒྱུད་ཀྱི་བསྟན་པའི་སྲོག་གསོ་བར་མཛད་པའི་རྣམ་ཐར་བརྗོད་ལས་འདས་པ་བྱུང༌།  ཕྱིན་ཆད་འདུལ་འཛིན་གྱི་དགོན་སྡེ་གསར་བསྐྲུན་བྱེད་ནུས་ན་ཁོ་བོས་རོགས་བྱེད་ཅེས་འབྱུང་འགྱུར་གྱི་ལུང་བསྟན་མང་དུ་བསྩལ་ནས་ཐེངས་གཉིས་ལ་ཕྱོགས་འདིར་བྱོན། བསྟན་པ་ལ་དག་ཐེར་མཛད་དོ།།

སྤྱི་ལོ་ཆིག་དགུ་ང་བརྒྱད་ལོར་སྤྱི་ཚོགས་ཀྱི་འགྱུར་བ་ལ་བརྟེན་ནས་རྟེན་གནས་གཞི་ཉམས་གུད་བྱུང་ནའང༌། བརྟེན་པ་རིག་འཛིན་འདུས་པའི་སྡེ་ལ་སྒྲུབ་སྡེ་སོ་སོ་ནས་སྔགས་འཆང་སྒྲུབ་གཤེན་དུ་མའི་ཡིད་ཀྱི་དད་པ་དང་དམ་ཚིག་སྐྱབས་འགྲོ་དང་སྡོམ་པ་སོཊ། སྐྱོ་ཤས་དང་བློ་ལྡོག་ཤུགས་དྲག་པ་སྐོམ་པས་གདུང་བའི་གང་ཟག་གིས་ཆུ་འདོད་པ་ལྟར་བླ་མ་དང་གདམས་ངག་ཡིད་ལ་བཅངས། སྒྲུབ་པ་ཉམས་ལེན་ལྐོག་ཏུ་མཛད་ནས་བསྟན་པ་མ་ཉམས་པར་སླར་གསོ་བ་ལ་མཐུན་རྐྱེན་རྨད་དུ་བྱུང་བ་ཞིག་གནས་སོ།།

དེ་ཡང་ཆིག་དགུ་བརྒྱད་ཅུ་ལོར་པཎ་ཆེན་ཐམས་ཅད་མཁྱེན་པ་ཕྱོགས་ཀུན་ཏུ་བྱོན།  ཞབས་ཀྱིས་བཅགས། བྱིན་གྱིས་བརླབས། བསྟན་པ་དང་འགྲོ་བའི་བདེ་སྐྱིད་ལ་གཟིགས་དགོངས་གནང་སྐབས། བོན་སྔགས་ཉིས་བརྒྱ་ལྷག་གིས་མཆོད་འཕྲེང་གིས་བསུ་མ་བྱས་པར་གཟིགས་ནས།  རེབ་གོང་ན་དགེ་ལུགས་པའི་དགོན་པ་མང་གི། རྙིང་མ་དང་བོན་པོ་ལ་ཡང་དགོན་སྡེ་སྤུས་གཙང་རེ་ཡོད་ན་ལེགས། ཐུགས་མཐུན་ཁྲིམས་གཙང་ཡོང་བའི་དགོན་སྡེ་གཞི་ཟུངས་ཤིག  ཨ་ལགས་བོན་བརྒྱ་ཁྱོད་ཀྱིས་བདག་གིར་མཛོད་ཅིག་ཅེས་བཀའ་ཡིག་གནང་བ་ནོར་བུའི་ཅོད་པན་སྤྱི་བོར་བསྩལ་བ་དང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ཕྱག་བསྟར་མའི་ཚེ་དཔག་མེད་ཀྱི་ སྐུ་འདྲ་དང་རྟེན་སྐལ། ཕྱག་མདུད་དམར་པོ་བརྒྱ་དང་བརྒྱད། དམངས་སྒོར་སྟོང་ཕྲག་གཅིག་དང་བརྒྱད་བརྒྱ། འདུས་པ་ལྔ་བརྒྱ་ལྷག་འཚོཊ་ནས་ཞབས་བརྟན་སྒྲུབ་པར། ཡབ་རིན་པོ་ཆེ་དངོས་སུ་ཕེབས་ཏེ་གུང་ཚིཊ་རྒྱས་སྤྲོས། དམངས་སྒོར་ལྔ་རེའི་འགྱེད་བཅས་གནང་བར་བརྟེན།  རྒྱལ་ཁབ་སྲིད་གཞུང་གིས་ཆོག་མཆན་བཀོད་ ནས་སྤྱི་ལོ་ཆིག་དགུ་གྱ་གཅིག་ལོར་སླར་གསོའི་དབུ་བཙུགས། དོན་གཉིས་ལྷུན་གྲུབ་ཀྱི་ལྷ་ཁང་གསར་བཞེངས་བྱས། བོན་བརྒྱ་བླ་བྲང་མཆོག་གསུམ་མཆོད་པའི་ལྷ་ཁང་སོགས་བཞེངས། རིམ་བཞིན་བཤད་གྲྭ་བཙུགས། སྣང་ཞིག་དགེ་བཤེས་ལུང་རྟོགས་རྒྱ་མཚོ་གདན་དྲངས་ནས་བསྡུས་གྲྭ་དང་ཕར་ཕྱིན་སོགས་མཁན་ཆེན་ཉི་  མའི་ཡིག་ཆ་ལྟར་སློབ་གཉེར་བྱས། འདུལ་བ་རྣམ་དག་ཐོས་བསམ་གླིང་ཞེས། ཚོགས་ཆེན་འདུ་ཁང་ཀ་རིང་བཅུ་གཉིས་ཅན་བཞེངས། གསང་སྔགས་ཀྱི་སྒྲུབ་གྲྭ་བཙུགས་ཏེ་ལོ་གསུམ་བསྙེན་སྒྲུབ་མཛད་པའི་སྲོལ་བཙུཊ། དོན་གཉིས་ལྷུན་གྲུབ་ཀྱི་ལྷ་ཁང་དེ་བླ་བྲང་རྩེ་ལ་གནས་སྤོར་ཏེ་སྒྲུབ་གྲྭའི་ལྷ་ཁང་གསང་བ་སྔགས་ཀྱི་གླིང་དུ་བཞེངས། ནང་དུ་ཡུམ་སྲས་གཤེན་གསུམ་ནས་དགོངས་བརྒྱུད་སྟོན་པ་རྣམས་དང་བླ་མ་ཆེ་དྲུག  གདུང་བརྒྱུད་བཅུ་གསུམ། འཛམ་གླིང་རྒྱན་  དྲུག  མཁས་པ་མི་བཞི། དྲན་པ་ཡབ་སྲས་སོགས་སྐུ་བརྙན་ཁྲི་བཞི་རེ་བ་བཞེངས། དེ་ནས་བཟུང་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་དུ་དར།།

མཁན་སློབ་ཁྲི་གདན་ཟུར་ལས་སྣེ་སོགས་ཀྱི་རིམ་པ་ནི། དགོན་བདག་གམ་གསེར་ཁྲིའི་བདག་པོ་ནི། ཆོས་རྗེའི་ཐུགས་སྤྲུལ་གསུམ་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བདག་གིར་མཛད་དེ། གཞུང་རིག་གནས། གྲྭ་ས་ཆེན་པོའི་ཕྱག་ལེན་སོགས་གང་ཅིའི་ཐད་ལ་སློབ་དཔོན་གྱི་འགན་བླངས་ཏེ་དགོན་མ་ལག་ཀུན་སྐྱོང་བཞིན་ཡོད། དེའི་སློབ་བུ་མཆོག་སྤྲུལ་ཚུལ་ཁྲིམས་ནམ་མཁའ་བསྟན་འཛིན་ནི། སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོའི་སྤྲུལ་སྐུར་  ངོས་བཟུང་སྟེ་མཁན་པོར་བསྐོས་པས། འདུལ་བའི་ཕྱག་ལེན་དབྱར་གནས་གཞི་གསུམ་གྱི་ཆོ་ག  བསླབ་བྱ་མཐའ་དག་སྣང་ཞིག་དགོན་ཆེན་ལས་བསླབ་སྟེ། ཇི་ལྟ་བ་བཞིན་བཙུགས་ནས་མཁན་  པོའི་འགན་བཞེས། རྒྱབ་རིའི་མིང་དགོན་སྡེ་ལ་བཏགས་པའི་རྟེན་འབྲེལ་གྱིས་སྨན་རིའི་སྲོལ་འཛིན་དུ་གྱུར། ཁྲི་བ་ནི། གྲུབ་དབང་ནམ་མཁའ་རྒྱལ་མཚན་གྱི་ཚ་བོ་གྲྭ་བཙུན་གཡུང་ལྷུན་གྲུབ་ཅེས་རྟོགས་ལྡན་དགོན་ཆེན་དུ་ཡོངས་འཛིན་བཟོད་པ་རྒྱལ་མཚན་རིན་པོ་ཆེའི་དྲུང་ནས་རབ་བྱུང་ཞུས་ཏེ་དགོན་འདིར་སྒྲིགས་བཞུགས་མཛད། ལོ་གསུམ་ལ་ཁྲི་བའི་འགན་བཞེས་ཏེ་འགྱེད་གཏོང་སྒོ། རྟེན་བཞེངས་སོགས་ལ་ཞབས་འདེགས་མང་དུ་བསྒྲུབས། དེ་རྗེས་སྡོང་སྐམ་མཆོག་སྤྲུལ་དཀོན་མཆོག་བསྟན་འཛིན་ལྷུན་གྲུབ་ནས་ལོ་གསུམ་ལ་ཁྲི་བའི་འགན་བཞེས་ཏེ་གྲྭ་ཚང་ལ་གཏོང་སྒོ་རྒྱས་སྤྲོས་མཛད། ད་ལྟ་སོ་ནག་མཐོ་མགོའི་དགེ་བཤེས་ཡང་སྲིད་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཁྲི་བའི་འགན་བཞེས། དེ་རྗེས་བོན་བརྒྱ་གྲུབ་དབང་ནམ་མཁའ་རྒྱལ་མཚན་གྱི་ཡང་སྲིད་སྤྲུལ་སྐུ་ནམ་མཁའ་དྲི་མེད་ཉི་མས་ཚོཊ་ཆེན་ཁྲི་བ་ལོ་གསུམ་ལ་འགན་བཞེས། རིམ་བཞིན་ཁྲི་བ་མཁན་པོ་རྣམས་ཀྱིས་གྲྭ་ཚང་སྐྱོང་བཞིན་པའོ། ཚོཊ་ཆེན་ཞལ་ངོ་ནས་སྤྱིའི་འགྲིགས་ལམ་འགན་བཞེས་ནས་བཅའ་ཡིག་ཆེན་མོའི་དགོངས་དོན་ལྟར་ལག་ལེན་བྱེད་པ་དང༌། དབུ་མཛད་ཆེ་ཆུང་གཉིས་ནས་ཆོ་ག་འཕྲིན་ལས་སོཊ་གྲྭ་སའི་ཕྱག་ལེན་ལྟར་འགན་ཁུར། དགེ་གཡོག་པས་དགེ་བསྐོས་སམ་ཞལ་ངོ་ལ་རོགས་བྱེད་པའི་ལས་འཛིན། སྤྱི་གཉེར་བ་གཉིས་ཀྱིས་དཔལ་འབྱོར་ལ་དོ་དམ་བྱེད་ཅིང་ཚོགས་ཆེན་གཉིས་ལ་གཏོང་སྒོ་ཡོད། འདུ་ཁང་དང་ལྷ་ཁང་ཆེ་ཆུང་ལ་བདག་བྱེད་པའི་དཀོར་གཉེར་བ་གཉིས་ཡོད། དེས་མཆོད་པ་མར་མེ་གཙང་སྦྲ་སོགས་ལ་དོ་དམ་བྱེད་བཞིན་པ་ཡིན། རྒྱུན་ཚོགས་ལ་དུང་བརྡ་གཏོང་ཞིང་ཚོཊ་ཆེན་ལ་འཁར་རྔ་བརྡུང་མཁན་སོགས་ཀྱིས་བརྡ་རྒྱག་གི་འགན་ཁུར་བ་ཡིན། རྒྱ་གླིང་བ་གཉིས། མཆོད་གཡོག་པ་གཉིས། དུང་ཆེན་པ་གཉིས་སོཊ་རང་རང་གི་ལས་བྱ་དང་གོ་གནས་ཆེ་ཆུང་ལྟར་འཛིན་དགོས་པ་ཡོད།།

འདུས་པའི་གྲངས་ཀ་ནི་དུས་སྔ་མོར་དགོན་འདིར་རྒྱུན་སྡོད་པ་རྟེན་སྔཊ་འཆང་ཉི་ཤུ་ནས་སུམ་ཅུ་རེ་ཡོད། དགེ་སློང་བཞི་སྡེ་ཙམ་བཞུཊ། སྐབས་རེར་མང་དུ་འཕེལ། སྐབས་རེར་རྐྱེན་དབང་གིས་ཉག་ཕྲ་བས། དར་གུད་ཅི་རིཊ་བྱུང་མྱོང༌། དགོན་མ་ལག་གི་སྒྲུབ་སྡེ་མཐའ་དག་ཕྱོགས་གཅིག་ཏུ་ལོ་རེར་གཉིས་རེ་འཚོཊ་དགོས་པས། སྐབས་དེར་སྟོང་ལྷག་ཀྱང་ཡོད། འཚོཊ་ཞན་ན་སུམ་བརྒྱ་ཙམ་ལས་མེད།  ད་ལྟ་གྲྭ་ཚང་འདུལ་འཛིན་པ་བརྒྱད་ཅུ་ལྷག་ཡོད།  གྲྭ་ས་གཞན་ནས་སློབ་གཉེར་བ་མང་པོ་ཡོད་ན་བརྒྱ་ལྷག་རེ་ཡོད། མཁན་པོ་ཚུལ་ཁྲིམས་འབྲུག་གྲགས་དང་མཁན་པོ་འཇིགས་མེད་བཤད་སྒྲུབ་རྣམས་ཀྱིས་བཤད་སྒྲུབ་ཀྱི་ཕྱག་ལེན་སྐྱོང་བཞིན་པ་ཡིན། སྒྲུབ་སྡེ་རྣམས་ཀྱི་ཚོཊ་ཆེན་སྐབས་སུ་རིག་འཛིན་འདུས་པ་བདུན་བརྒྱ་ལྷག་རེ་ཡོད།  དགོན་འདིར་ནང་ཆེན་གསུམ་དང་གྲྭ་ཤག་སུམ་ཅུ་ལྷག་ཡོད་པས་འཕེལ་བཞིན་པའོ།།

དཔེ་ཁྲིད་ཀྱི་ལུགས་སྲོལ་ནི། བཤད་གྲྭ་བ་རྣམས་ཀྱིས་མཚན་ ཉིད་དགེ་རྒན་གྱི་བཀའ་བཞིན་བསྡུས་གྲྭ བློ་རྟགས་སོཊ་ཚད་མའི་གཞུང་དང་ཕར་ཕྱིན་ལ་སྦྱངས་ནས་ཕར་ཕྱིན་དམ་བཅའ་འཇོག་དགོས། གཞན་རང་རང་གིས་རིག་གནས་སུམ་རྟཊ་དག་གསུམ། རྩིས་སྙན་ངག  ཡིག་རིགས། སྤུངས་སོ་ཆེ་ཆུང༌། ལཛྙཱ་ཝ་ཊུ་སོགས་དང༌། ལྷ་བྲིས། སྨན་སོཊ་ལ་སློབ་བཞིན་ཡོད། སྒྲུབ་གྲྭ་བ་རྣམས་ཀྱིས་ལོ་གསུམ་སྦྱངས་པ་མཐར་ཕྱིན་དགོས་པས། ལོ་དང་པོར། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་ལྟར་ཁྲིད་ལུང་དང་སྔོན་འགྲོའི་བསགས་སྦྱངས་རིམ་པ་གྲུབ་རྗེས་འཕོ་བ། དངོས་གཞི། རུ་ཤན་དང་བཅས་པ་སྦྱངས། དེ་ནས་དབང་ལུང་བླངས་ཏེ། དགུན་ཚེ་དབང་བོད་ཡུལ་མའི་བསྙེན་པ་ཚད་ལྡན་བྱེད། ལོ་གཉིས་པར། ཞི་བ་ཀུན་བཟང་གི་བསྙེན་ཆེན། ཉམས་ལེན་ལྔ་སྐོར་གྱི་ཁྲིད་ལུང༌། དགུན་རྩ་རླུང་ཞག་ བརྒྱའི་ནང་འཇམ་དྲག་འཕྲུལ་འཁོར་དང་བཅས་པ།  ལོ་གསུམ་པར། དབལ་གསས་བསྙེན་ཆེན་བཅུད་ལེན། དགུན་སྣང་བཞིའི་ཉམས་ལེན། མུན་མཚམས་སོཊ་ཀྱིས་སྔོན་དངོས་རྗེས་གསུམ་མཐར་ཕྱིན་པར་བྱ།།

ཉིན་རེ་དང་ལོ་རེའི་ཚོགས་ཆོ་ག་ནི། རྒྱུན་དུ་འཚོཊ་འདོན་ཆུ་ཚོད་གཅིག་གི་ཡུན།  དཔེ་ཁྲིད་ཆུ་ཚོད་གཉིས། རྩོད་པ་ཆུ་ཚོད་གཅིག  སྐྱོར་བརྡ་རྒྱབ་རྗེས། སྐྱོར་སྦྱོང་ཆུ་ཚོད་གཅིག  དེ་ནས་རང་སྦྱོང་བྱེད། གཟའ་ཉི་མར་ངལ་གསོ་སོགས་རྒྱུན་དུ་ཡིན།།

ཚེས་བརྒྱད་དང་བཅོ་ལྔ་ལ་ཀློང་རྒྱས་མཆོད་པ། ཚེས་བཅུ་ལ་ཚེ་དབང་ཚོཊ་འཁོར།  ཡར་ངོའི་གསོ་སྦྱོང༌། མར་ངོའི་དགུ་གཏོར་དང་གསོ་སྦྱོང༌། སྒྲུབ་ཁང་བ་གཉིས་ཀྱིས་ཀུན་བཟང་ཨ་གསལ། ཡི་དམ་དབལ་གསས། སྤུ་གྲི་དམར་པོ། མ་བདུད་བཙན་གསུམ་གྱི་ བསྐང་བ་རྣམས་རྒྱུན་དུ་ཆགས་མེད་བྱ། དཔྱིད་ཟླའི་སྨོན་ལམ་ཆེན་མོ། དབྱར་གནས་དང་དབྱར་གྱི་རྩ་གསུམ་ཡི་དམ་ཀུན་འདུས། སྟོན་དབལ་གསས་སྒྲུབ་ཆེན་ལས་མཐའ་གར་འཆམ་དང་བཅས་པ། དགུན་སྟག་ལྷའི་སྒྲུབ་ཆེན་སྲུང་ཟློག་དགུ་གཏོར་སྨོན་ལམ་དང་བཅས་པ་རྣམས་རྒྱུན་དུ་བྱས་ཏེ་མདོ་སྔཊ་ཟུང་འབྲེལ་གྱི་བསྟན་པའི་སྲོལ་དེ་ལྟར་བཟུང་ངོ༌།།

འབྲེལ་ཡོད་ཡན་ལག་ཏུ་གྱུར་པའི་སྒྲུབ་སྡེ་གཞན་ནི། དགོན་པའི་ཤར་མདུན་དུ། བོན་བརྒྱ་གསང་སྔགས་དར་རྒྱས་གླིང༌། འདི་རང་དགོན་དང་ལོ་རྒྱུས་གཅིག ལྷོ་ནུབ་ཏུ་མག་སར་གཡུང་དྲུང་དར་རྒྱས་གླིང་ཡོད། འདི་ཁྱུང་བོ་བསྟན་པ་དར་རྒྱས་ཀྱི་བརྒྱུད་འཛིན་ཡིན། དུས་སྔ་མོར་གདུང་ངེས་གྲུབ་པ་ཀུན་འདུལ་གྱི་གླིང་ཞེས་པ་ཡོད་ཀྱང༌། ད་ལྟ་གསང་སྔཊ་འཆང་བ་འགའ་རེ་མ་གཏོཊ་གཙུག་ལག་ཁང་མི་བཞུགས། ཤར་ཕྱོགས་སྤྱི་ལེ ༣༠ ཙམ་ན་སྒྲུབ་སྡེ་ལྔ་ཡོད་དེ། སྤྱི་རྟིང་ཨརྒ་སྟེང་ན་ཐེག་ཆེན་བོན་འཁོར་ལྷུན་གྲུབ་གླིང་དང་གད་པ་སྐྱ་བོ་ན་གསང་སྔགས་རིག་འཛིན་དར་རྒྱས་གླིང༌། གདོང་མགོ་ཚང་ན་ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང་ཡོད། དེ་   གསུམ་ནི་གྲུབ་ཆེན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གདན་ས་དངབརྒྱུད་འཛིན་ཡིན། དུས་སྔ་མོར་མཁར་ཞོལ་དགོན་པ་ཡོད་ལ། དེའི་ཚབས་སུ་བཀྲ་ཤིས་ཀུན་ཁྱབ་གཡུང་དྲུང་གླིང་ཞེས་པ་དགོན་པའི་ཚུལ་དུ་ཡོད། ཆོས་རྗེ་རྒྱལ་བ་མཆོག་གི་བླ་བྲང་མཆོད་ཁང་དང་བཅས་པ་ཡོད།  ངོ་མོ་ན། རྒྱལ་བསྟན་ཡེ་ཤེས་རྒྱ་མཚོའི་གླིང་ཡོད།དུས་སྔ་མོར་དཀོན་མོའི་ཉིན་གྱི་དགོན་སྡེ་ཡོད་ཀྱང་འཇིག་སྔའོ། གྱང་རུ་ན་རིག་འཛིན་ཐུགས་རྗེ་བྱང་ཆུབ་གླིང་ཡོད། དེ་དག་ནི་གྲུབ་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་བརྒྱུད་འཛིན་ཡིན། རབ་བྱུང་བཅུ་གསུམ་པའི་ནང་གྱང་རུའི་རིག་འཛིན་ཐུགས་རྗེ་འཁྲུངས། སྐུ་ཚེ་སྨད་ལ་ར་རྒྱ་དགོན་པའི་གྲྭ་སྲི་བཏུལ། གཙང་ཤིང་ཟ་པཎྚི་ཏས་དཔོན་དུ་བཀུར། བསྐྱེད་རིམ་གྱི་ནུས་མཐུ་ཆེ་བས་སྙན་གྲགས་ཕྱོགས་སུ་ཁྱབ། བྱང་ཤར་དུ་སྤྱི་ལེ་སུམ་བཅུ་ལྷག་ན་དང་པོ་དབལ་མོ་གནས་ཀྱི་དགོན་སྡེ་ཆེན་པོ་ཡོད་ཀྱང༌། དུས་དང་རྐྱེན་གྱིས་འཇིག་རྗེས། དེའི་ཤུལ་དུ་གླིང་བརྒྱ་བོན་ཚང་མའི་མདོ་སྔགས་ཕུན་ཚོགས་དར་རྒྱས་གླིང་ཡོད། དེའི་ཤར་ཕྱོགས་ལམ་དཀར་པོའི་ལ་སྟེང་ན་ཞོ་འོང་ཉིན་ཐ་ཞེས་པར་ཀུན་འདུས་གཡུང་དྲུང་འགྱུར་མེད་གླིང་ཡོད། གླིང་བརྒྱའི་ལྷོ་ཕྱོགས་ཀྱི་ལ་སྟེང་ན་དར་གྲོང་ཞེས་པར་སྒྲུབ་པའི་རྒྱལ་མཚན་མི་འགྱུར་གླིང་ཞེས་པའི་སྒྲུབ་ཁང་ཆུང་ངུ་ཡོད། དགོན་འདིའི་བྱང་ཤར་དུ་སྔོན་ཨ་བ་ངོས་བཟང་གི་དགོན་སྡེ་ཡོད། ད་ལྟ་སྤྱི་ལེ་བཞི་བཅུ་ཙམ་ན་ཁྱུང་བོ་ཐང་ཞེས་པར་ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་ཡོད། དེ་དང་ཉེ་བར་ལྷོ་ཕྱོགས་སུ་སྡོང་སྐམ་ཞེས་པར་གསང་སྔཊ་བདུད་འདུལ་ལྷུན་གྲུབ་གླིང་ཡོད། དེར་རབ་བྱུང་བཅོ་ལྔ་བའི་ནང་དུ་རྟོགས་ལྡན་ཀུན་བཟང་ཀློང་གྲོལ་འཁྲུངས། དེའི་སྐུ་སྲས་མཆོག་སྤྲུལ་སྣང་གསལ་ལྷུན་གྲུབ་བྱོན། དེ་དག་ཀུན་གྲུབ་ཆེན་ཁྱུང་དཀར་ཚངས་པའི་བརྒྱུད་འཛིན་ཡིན། བསྟན་འགྲོའི་དོན་ལ་ཕན་པ་སྒྲུབ་ནུས་པའི་སྐྱེས་བུ་དམ་པ་ཡིན་ཞེས་ཀུན་གྱིས་བསྔགས་པར་བྱེད། དགོན་འདིའི་བྱང་ཕྱོགས་སྤྱི་ལེ་བཞི་བཅུ་ལྷག་ཙམ་ན་ཧོར་ ནག་ཅེས་པར་གནམ་སྟེང་དགོན་པ་ཡོད། ད་ལྟ་གསང་ཆེན་སྨིན་གྲོལ་དཔལ་ལྡན་གླིང་དང༌། དེའི་བྱང་ཤར་དུ་སྤྱི་ལེ་གཅིག་ཙམ་ན་སྟོང་ཆེ་ཞེས་པར་རིག་འཛིན་ཀུན་འདུས་རྣམ་རྒྱལ་གླིང་ཞེས། སོག་བཙུན་ཡེ་ཤེས་རྒྱལ་མཚན་གྱི་སྐུ་འཕྲེང་རྒྱ་ནག་འཕོ་བ་གྲོང་འཇུག་རིམ་བྱོན་གྱི་ལྷ་སྡེ་ཡིན། ཁྲི་ཀའི་སྟོང་ཆེ་ནས་ཆད་པར་མངོན། དེ་ནས་བྱང་དུ་སྤྱི་ལེ་གཉིས་ཙམ་ན་ཁྱུང་བོ་ལ་ཁ་ཞེས་པར་ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་ཞེས་ཆེས་སྔ་བའི་གཙུག་ལག་ཁང་རྙིང་པ་ཞིག་བཞུགས། དེ་ན་དུས་སྔ་མོར་ཁྱུང་བོ་དར་ལྡིང་དགོན་པ་ཞེས་པ་དང་ཧོར་ནག་ན་གནམ་སྟེང་དགོན་པ་ཞེས་པ་གཉིས་འཇིག་པའི་ཚབས་སུ་གནམ་སྟེང་ཞྭ་དཀར་གླིང་ཡོད། དེ་མཁར་ནག་གྲུབ་ཆེན་གྱི་གདན་ས་ཡིན། སྔོན་བླ་མའི་བཞུགས་ཁང༌། བྱ་བཏང་བ་རྣམས་ཀྱི་ཤག་འགའ་རེ་ཡོད། ད་ལྟ་མཚམས་ཁང་ཞིག་མ་གཏོགས་མེད། དེ་དག་གི་སྤྱི་མིང་མདོར་བསྡུས་ན་ཤར་ཕྱོཊ་ཀྱི་སྒྲུབ་སྡེ་རྣམས་ལ་སྟོད་ཕྱོགས་བོན་མང་ཟེར། བྱང་ཤར་གྱི་སྒྲུབ་སྡེ་རྣམས་ལ་སྨད་ཕྱོགས་བོན་མང་ཟེར། བྱང་ཕྱོགས་ཀྱི་སྒྲུབ་སྡེ་རྣམས་ལ་སྙན་བཟང་བོན་མང་ཟེར། དགོན་﹙སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་﹚འདི་རེབ་གོང་ནུབ་ཕྱོགས་སུ་ཡོད་ལ་འདི་དང་ཉེ་བའི་བོན་སྡེ་རྣམས་ལ། ཡར་ནང་བོན་སྡེ་ཞེས་པ་སྤྱི་མིང་དུ་འབོད། དེ་དག་ཚང་མ་ཕྱོགས་གཅིག་ཏུ་འཚོགས་ན་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་ཞེས་དུས་སྔ་མོ་ནས་གྲགས་པ་མདོ་དབུས་གཙང་གསུམ་ཀུན་ཏུ་ཁྱབ། གཞུང་སྤྱིའི་ཐམ་ཀ་ཡང་མཚན་དེ་ལྟར་ཡིན། ཐམ་ཀ་ནི། དེ་ཀུན་གྱི་དགོན་བདག་བོན་བརྒྱ་ཚང་ཡིན་པས་ད་དུང་ཉར་ཡོད།།

ཕྱོགས་གཞན་དུ་འཕྲོས་པ་ནི། རྨ་ལྷོ་ཁུལ་གཅན་ཚ་རྫོང་མངའ་ཁུལ་དུ། སྣང་རའི་ཞྭ་ཁྲ་ཞེས་པར། མི་འགྱུར་དབལ་མོ་གསང་ཆེན་གླིང་ཡོད། རེབ་གོང་སྡོང་སྐམ་རྐ་བར་མ་ནས་ཆད་པ་ཡིན།  ཕྱག་ ལེན་རེབ་གོང་ལྟར་མཐུན། བོན་བརྒྱ་ཚང་གི་དངོས་སློབ་སྡོང་སྐམ་མཆོག་སྤྲུལ་སྣང་གསལ་ལྷུན་གྲུབ་ཀྱིས་བདག་གིར་མཛད། ད་ལྟ་སྡོང་སྐམ་སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན་ལྷུན་གྲུབ་ཞྭ་ཁྲ་རུ་   འཁྲུངས་ནས་བདག་མཛད་བཞིན་ཡོད། རྨ་ལྷོ་ཁུལ་བྱང་ཤར་ན་ཞིན་ཧྭ་རྫོང་མངའ་ཁུལ་དུ་མར་ནང་བོན་སྡེ་ཁ་གསུམ་ཞེས། བོན་ཚང་མ་དང་བ་ལུང་﹙དབལ་ལུང་﹚ལྷོ་བ་གསུམ་ཡོད། བོན་ཚང་མ་ནི་ པཎ་ཆེན་སྐུ་ཕྲེང་བཅུ་བའི་འཁྲུངས་ཡུལ། པིས་མདོ་དཔོན་ཚང་གི་རུས་དཔོན་ཡིན། རེབ་གོང་སྤྱི་ཚང་ནས་ཆད། སྔོན་གྲུབ་དབང་རྟོགས་ལྡན་ཀུན་བཟང་ཞེས་པ་སྔཊ་འཆང་ནུས་པ་ཅན། གཏོར་མ་དང་དབལ་ཕུར་གྱི་རྩེ་མོར་མེ་རི་འབར་ཞིང༌། གྲུབ་རྟགས་རྫུ་འཕྲུལ་ཅན་བྱོན་པའི་ལོ་རྒྱུས་ཡོད། ད་ལྟ་ཡང་ཀུན་བཟང་འབུམ་པ། དབལ་གསས་སོགས་ཀྱི་སྒྲུབ་སྲོལ་མ་ཉམས་པར་ཡོད། བ་ལུང་ངམ་དབལ་ལུང་ན་སྒྲུབ་ཁང་ཆུང་ངུ༌། སྟོང་ཆུང་ཞབས་དྲུང་རིན་པོ་ཆེའི་གཟིམ་ཁང་བཅས་ཡོད། ལྷོ་བ་ནི་གྲུབ་མཐའ་འགྱུར་ནས་ད་ལྟ་བོན་གཤེན་མི་བཞུགས།། དགོན་འདི་དང་རྨ་ལྷོའི་ལྷོ་ནུབ་ཀྱི་ཕྱོགས། སྤྱི་ལེ༡༢༠རྩེ་ཁོག་རྫོང་མངའ་ཁུལ་དུ་སོ་ནག་གྲུབ་ཆེན་ཐོག་འཛིན་གྱི་གདན་ས། ད་ལྟ་བླ་སྔགས་ལྔ་བཅུ་ཙམ་ཡོད། དབལ་གསས་དང་སྤྱི་འདུལ་གྱི་སྒྲུབ་པ་ལས་མཐའ་སྲུང་ཟློག་དང་བཅས་པ། ཟླ་བ་ཡར་ངོའི་ཚེས་བཅུ། མར་ངོའི་དགུ་གཏོར་རྣམས་ཆག་མེད་བྱས་ཏེ་སྒྲུབ་རྒྱུད་ཀྱི་སྲོལ་མ་ཉམས་པར་ཡོད། དེ་ནས་ནུབ་ཕྱོགས་སུ་སྤྱི་ལེ་བདུན་ཅུ་ཙམ་ན་བོན་བརྒྱ་དགོན་སྤྱི་བ་བླ་སྔགས༨༠ཙམ་གྱིས་སྒྲུབ་རྒྱུད་ཀྱི་བསྟན་པ་མ་ཉམས་པར་ཡོད། དེ་དག་ཐམས་ཅད་དགོན་སྡེ་འདིའི་ཡན་ལག་ཏུ་གྱུར་ཅིང་མཆོད་ཡོན་འབྲེལ་བས། ལྷ་སྡེ་ཁྱིམ་གྲངས་ཉིས་སྟོང་ལྷག་དང་མི་གྲངས་ཆིག་ཁྲི་ཙམ་ཡོད།།

སྐུ་གསུང་ཐུགས་རྟེན་དང་གླེགས་བམ་གྱི་གྲངས་ནི། དུས་སྔ་མོར་དོན་གཉིས་ལྷུན་གྲུབ་ལྷ་ཁང་དུ། དུས་གསུམ་སངས་རྒྱས་རྣམ་པར་རྒྱལ་བ་རྣམས་སྐུ་ཚད་ཁྲི་ལྔ་བ་རེ། མཛད་བཅུ་སོཊ་ཐང་ཁ་མང་པོ། བཀའ་འགྱུར་གསུང་འབུམ་སྐོར་པོད་སུམ་བརྒྱ་ལྷག་ཡོད། ད་སྐབས་ཚོཊ་ཆེན་འདུ་ཁང་དུ། རྣམ་པར་རྒྱལ་བ། འཇམ་དབྱངས་སྨྲ་སེང༌། བྱམས་མ། རྗེ་མཉམ་མེད། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་འདྲ་སྐུ་རྣམས་ཁྲུ་ཚད་བརྒྱད་པ་རེ། སྟོན་པའི་སྐུ་ལི་མ་སྟོང༌།  ཡུམ་ཆེན་མོ་བྱམས་མ། བྱམས་ལྡན། ཀུན་རིག  ཀུན་དབྱིངས། དུས་འཁོར། རྒྱལ་བ་རྒྱ་མཚོ།  སྨན་ལྷ། རྣམ་འཇོམས། དགེ་སྤྱོད། སྨོན་ལམ་མཐའ་ཡས། གནས་བརྟན། ཀུན་བཟང་ཞི་བ།  དབལ་གསས། གྲུབ་ཆེན་བརྒྱད་ཅུ། སྟག་ལྷ། སྲིད་རྒྱལ་དབུ་བརྒྱ་ཕྱག་སྟོང༌། རྟག་གཟིགས་ཞིང་ཐང་སོགས་གྱན་ཐང༌། བཀའ་འགྱུར། བཀའ་བརྟེན། གསུང་འབུམ་སོགས་དང༌། སྟེང་བརྩན་ཁང་ཆེན་མོ་ན། སྲུང་མ་དམ་ཅན་རྒྱ་མཚོ་རེ་རེ་ལ་ཐང་ཁ་རེ་རེ་གར་འཆམ་གྱི་ཞལ་འབག་སོགས་མཆོད་རྫས་མང༌། བོན་བརྒྱ་བླ་བྲང་ལྔ་ཐོག་གི་མཆོད་ཁང་དུ་མཛད་པ་བཅུ་གཉིས།  གནས་བརྟན། ཞིང་ཐང༌། ཡི་དམ་ཀུན་བཟང༌། རྗེ་ཡབ་སྲས་གསུམ། ཐང་ཁ་སྤུས་ལེགས༣༠ ལི་མ་སུམ་ཅུ། སྐུ་གདུང་མཆོད་རྟེན་ཁྲུ་ཚད་བདུན་ཅན། བླ་རབས་རིམ་བྱོན་གྱི་སྐུ་གདུང་བདུན། བཀའ་འགྱུར་ཚར་གསུམ། བཀའ་བརྟེན་གསུང་འབུམ་སོགས་པོད་སྟོང་ཕྲག་ཙམ།  བན་ཁའི་བཀའ་འགྱུར། བསྟན་འགྱུར། སྐལ་ལྡན་གསུང་འབུམ། མར་ནང་སྐུ་གཞོག་གསུང་འབུམ། འཇམ་དབྱངས་བཞད་པའི་གསུང་འབུམ། ཞབས་དཀར་གསུང་འབུམ། རྙིང་མའི་རིན་ཆེན་གཏེར་མཛོད་སོཊ་བཞུགས། མཆོད་ཆ་ཁ་ཚང་སོགས་སྤུས་ལེགས་རེ་ཡོད་དོ།།

དཔལ་འབྱོར་ཕྱོགས་ནི། སྔོན་ཆད་བོན་བརྒྱ་བླ་བྲང་ནི་རྒྱུ་ནོར་ལོངས་སྤྱོད་ཆེན་པོ་ཡོད།  རྟ་བརྒྱ་ལྷག་དང་ནོར་ལུག་སྟོང་ཕྲག་འགའ་ཡོད་པའི་ཁྱིམ་གཞི་ཆེན་པོ་ཞིག་ཀྱང་འབྲོག་ཕྱོགས་ན་ཡོད། སྐབས་ཤིག་མ་ཇག་གིས་རྒྱ་དམག་ཐེངས་གཉིས་ལ་ཡོང་ནས་བརྒྱབ། དེ་ནས་བཟུང་ཆིག་དགུ་ང་བརྒྱད་ལོའི་བར་དུ་གོང་འཕེལ་མ་བྱུང༌། ད་ལྟ་འབྲི་བརྒྱ་ལྷག་ཙམ་གྱིས། དགོན་སྡེའི་འཚོ་བ་དང་མར་མེ་སོཊ་ལ་རོགས་ཅུང་ཟད་ཐུབ་ཙམ་ལ། ལྷ་བཟོ། པར་བརྐོ། ཡིག་འབྲི།  རླངས་འཁོར་གསུམ། སྡོང་ར་མོའུ་བདུན་ཅུ་སོགས་ཚང་མས་རྙེད་པ་དང་དུ་བླངས་ན། ལོ་རེར་སྒོར་ཁྲི་གཉིས་ཙམ་གྱི་ཡོང་སྒོ་ཡོད། རང་གི་ལྷ་སྡེ་དང་ཕྱོགས་གཞན་གྱི་ཆོས་དད་པ་རྣམས་ཀྱིས་མཆོད་འབུལ་ཅུང་མང་ཡང་གྲངས་མ་ངེས། འགྲོ་གྲོན་ནི་འཛུགས་བསྐྲུན་གྲུབ་ན། རང་གི་འཚོ་བ་ལས་གཞན་འགྲོ་སོང་མང་པོ་མེད། ལྟོ་རྒྱབ་སོས་ཙམ་དུ་གནས།།

བོན་མང་སྒྲུབ་སྡེ་རྣམས་ཕྱོཊ་གཅིག་ཏུ་འཚོགས་ཚུལ་ནི། སྒྲུབ་པའི་གསས་ཁང་བཅུ་གཉིས་སུ་རེས་མོས་སུ་འཁོར་དགོས། དཔྱིད་སྨོན་ལམ་དང་བཅུ་བའི་དགུན་ཆོས་གཉིས་ཏེ་ལོ་རེར་ཆོས་ཐོག་ཆེན་མོ་གཉིས་ཡོད་པ། སྟོད་ཕྱོགས། སྨད་ཕྱོགས། སྙན་བཟང་གསུམ་ལ་འཁོར་དགོས། ཕྱོགས་ཁ་རང་རང་གིས་གསས་ཁང་རྣམས་སུ་རེས་འཁོར། ཆོས་ཐོག་ཆུང་ངུ་གཉིས་ཡོད་པ། གཅོད་དང༌། ཞི་ཁྲོ་ཡི་དམ་ཀུན་འདུས་ནི། རིམ་བཞིན་གསས་ཁང་རྣམས་ལ་འཁོར་བ་  ཡིན། ཕྱོཊ་ཁ་གསུམ་རང་རང་གི་ཆོས་ཐོག་ནང་ནས་འཁོར་དགོས། སྡེ་རང་རང་གི་ཚེས་བཅུ། དགུ་གཏོར། ལོ་སྲུང༌། སྤྱི་སྲུང༌། སྒྲུབ་ཆེན་རྣམས་རྒྱུན་དུ་རང་རང་གིས་འཚོགས་ཚུལ་ལྟར་བྱའོ།།

ད་ལྟ་སྒྲུབ་བཞིན་པ་ནི། རྩེ་ལྷ་ཁང་དུ་སྟོན་པ་འཆི་མེད་གཙུག་ཕུད་གཙོ་སྐུ་ཁྲུ་ཚད་བཅུ་བ་དང་གསང་སྔགས་རྫོགས་ཆེན་བཅས་ཀྱི་རྟེན་བཞེངས། མཐར་སྒྲུབ་གྲྭ་བ་རྣམས་ཀྱི་བཞུགས་གནས་ཁང་ཆུང་རེ་བཅས་སྐྲུན་བཞིན་ཡིན། འདུ་ཁང་ཆེན་མོའི་སྟེང་དུ་རྒྱ་ཕིབས་ནང༌། དབྱིངས་ཀྱི་ཡུམ་ཆེན་མོ་དང་ཁམས་ཆེན་དུ་མ། བཀའ་འགྱུར་བཅས་བཞུགས་པ་དང༌། འདུ་ཁང་མཐར་སྙིང་པོ་རྣམ་གསུམ་གྱི་འཁོར་འཕྲེང་བསྐོར་ཏེ། སྐོར་ལམ་དུ་རྣམ་རྒྱལ་ཁང་    བརྩེགས་ཀྱི་མཆོད་རྟེན་བཞིན་ཡིན། དེ་ཀུན་བསྟན་འགྲོར་གང་ཕན་དམིགས་པ་ལས། ཟང་ཟིང་མཛེས་ཆས་རྙེད་བཀུར་ཁོ་ན་དོན་དུ་གཉེར་བ་མ་ཡིན་ནོ། རྒྱལ་ཁབ་ཞིབ་འཇུག་པ་ཞིག་གིས་དྲིས་པ་ལ་འཕྲལ་དུ་ལན་དྲང་པོར་སྨོས་པ་སྒྲོ་བཏགས་བཅོས་བསླད་ཅུང་ཙམ་མ་འདྲེས་པའོ། ཞེས་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་སོ།།  །།།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།