སྤྱི་རྟིང་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་།

007༄༅།། དེ་ཡང་སྤུ་རྒྱལ་ལྷ་སྲས་དར་མས་དབུས་སུ་བསྟན་པ་བསྣུབས་པའི་དུས་དེར་དབུས་ས་ག་གདོང་དྲུག་ནས་བྲོས་བྱོལ་དུ་ཕེབས་པའི་རེབ་གོང་གྲུབ་ཐོབ་རྣམ་གསུམ་ལས་སྤྱི་སྟོན་འཁོར་ལོས་བསྒྱུར་རྒྱལ་གྱི་གདུང་རྒྱུད་འཕེལ་ནས་སྒྲུབ་སྡེའི་གཞི་བཟུང་བའི་ཐོག་མ་ནི་རེབ་གོང་ཤར་ཕྱོགས་སྟག་མོ་ཉལ་བ་འདྲ་བའི་རི་རྒྱུད་ཀྱི་སྒང་དུ་ཆགས་པའི་སྤྱི་ཁ་གསུམ་གྱི་གསས་མཁར་རིག་འཛིན་འདུ་གནས་སྒར་ཡིན་ལ། ཕྱིས་སུ་ཡུལ་དུས་ཀྱི་དབང་གིས་ཁྱུང་ཆེན་རི་བོའམ་བཀྲ་ཤིས་ཀུན་ཁྱབ་རི་བོའི་སྟེང་དུ་གནས་སྤར་ཏེ་གསང་སྔགས་ཀྱི་སྒྲུབ་སྡེ་དེ་དགོན་སྡེའི་ཚུལ་དུ་ཆགས་པ་ནས་མཚན་ལ་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་ཞེས་ཐོགས། 003དེར་སྤྱི་སྟོན་འཁོར་ལོའི་གདུང་རྒྱུད་ན་རིམ་གྱིས་སྒྲུབ་བརྒྱུད་བསྟན་པའི་རྒྱུན་བསྐྱངས་པ་མ་ཟད། རྩེ་ཞིག་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་དང་ཁོང་གི་སྐུ་ཚ་གྲུབ་དབང་འགྱུར་མེད་ཀུན་བཟང་རྒྱ་མཚོ། ཁྲི་ཀ་བ་མཁར་ནག་གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་དང་ཁོང་གི་དབོན་པོ་མཁར་ནག་ནམ་མཁའ་ཤེས་རབ། རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་དང་གང་གི་ཐུགས་སྤྲུལ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་དབང་པོ། སོ་ནག་བོན་པོ་གྲུབ་ཆེན་ཐོག་འཛིན་གར་གྱི་དབང་ཕྱུག གྱང་རིའི་ཐུགས་རྗེ་དབང་འབུམ། སྤྱིའི་སྔགས་འཆང་འདྲེན་པ་ཀླུ་སྒྲུབ། བྱ་བཏང་བ་ཆེན་པོ་རྟོགས་ལྡན་རྣམ་གྲོལ་སོགས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱི་རླབས་མྱོང་བ་ཞིག་ཡིན་ལ།006 ལྷག་པར་དུ་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་དགོན་བདག་དང་གདན་ས་ཀུན་ཁྱབ་དང་བཅས་པ་ཆོས་རྗེ་རིན་པོ་ཆེ་ལ་གཏད་པ་ནས་བཟུང་། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་དབང་པོ་དང་། སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སོགས་དམ་པ་དུ་མས་གནས་གཞི་སྤྲོས་ཙམ་གཙོ་བོར་མ་བཟུང་བར་གང་ཟག་གི་རྒྱུད་ཀྱི་གསང་སྔགས་སྒྲུབ་རྒྱུད་ཀྱི་བསྟན་པ་གཙོ་བོ་དོན་དུ་གཉེར་ནས་འཛིན་སྐྱོང་སྤེལ་གསུམ་མཛད་པས་རྟོགས་པ་མཆོག་ལྡན་གྱི་སྐྱེས་བུ་དམ་པ་གང་མང་བྱོན། བར་སྐབས་སུ༼ང་བརྒྱད་དང་རིག་གསར་སྐབས༽ཕྱིའི་བཀོད་པ་དང་ནང་གི་རྟེན་གསུམ་ཚང་མར་ཆགས་འཇིག་ཉམ་ང་བ་བྱུང་ནའང་། སྤྱི་ལོ1987ལོར་ཆོས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གིས་སྒྲུབ་སྡེ་དེ་བསྐྱར་བཞེངས་སླར་གསོ་སྟབས་བདེ་ཙམ་བགྱིས་ཏེ་སྒྲུབ་པའི་རྒྱལ་མཚན་གྱི་སྲོལ་གསར་དུ་བཙུགས། 002སྤྱི་ལོ2015ལོར་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་ནས་དད་ལྡན་མང་ཚོགས་ཀྱིས་ཕུལ་བའི་བརྔོ་རྟེན་མཇལ་རྟེན་གྱི་དམངས་སྒོར་འགའ་རེ་དང་། རྒྱ་ནང་གི་དད་ལྡན་སྦྱིན་བདག་འགའ་རེའི་ཚོགས་བསགས་དགེ་སྒྲུབ་ཀྱི་དོད་དུ་ཕུལ་བའི་དམངས་སྒོར་ཁྲི་བཞི་བཅུ་ལྷག་ཙམ་གྱིས་གནའ་བོའི་དགོན་རྙིང་སྤྱི་ཀུན་ཁྱབ་གཡུང་དྲུང་བདུད་འདུལ་གླིང་འདི་ཉིད་སླར་གསོ་རྒྱ་བསྐྱེད་གནང་སྟེ་འོག་སོ་གྱན་ཉེར་ལྔ་ཅན་གྱི་ཡང་སྟེང་དུ་རྒྱ་ཕིབས་བརྩེགས་རིམ་དང་བཅས་པའི་བཟོ་བཀོད་ཁྱད་དུ་འཕགས་པ་ཞིག་གསར་བཞེངས་ལེགས་གྲུབ་བྱུང་ཞིང་། བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བླ་གྲྭ་ཡོངས་དང་རེབ་གོང་བོན་མང་འདུས་པ་རྒྱ་མཚོ་ཡོངས་ནས་བཀྲ་ཤིས་རབ་གནས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ་བ་དང་། ལོ་རེ་རེའི་ལོ་སར་ཚེས་ཉེར་གསུམ་ཉིན་གསུམ་སྤྱིའི་སྔགས་འཆང་བ་ཡོངས་ཀྱིས་བླ་མ་ཚེ་དབང་རིག་འཛིན་གྱི་ཆོ་གའི་གཞུང་ལུགས་ལྟར་ཚོགས་འཁོར་བསྐོར་བ་སོགས་སྒྲུབ་བརྒྱུད་བསྟན་པའི་སྲོལ་མ་ཉམས་གོང་འཕེལ་གྱི་ཚུལ་དུ་སྐྱོང་བཞིན་ཡོད་ལ།004

ནང་རྟེན་ཏུའང་གཡུང་དྲུང་བོན་གྱི་བཀའ་དང་བཀའ་རྟེན་པོད་བཞི་བརྒྱ་ལྷག་དང་། མཚན་དཔེ་རང་མདངས་གསལ་བའི་སྐུ་བརྙན་རྣམ་མཁྱེན་སྟོང་སྐུ་སོགས་སྐུ་གསུང་ཐུགས་རྟེན་བགྲང་གིས་མི་ལངས་པ་དང་། སྤྱི་རྟིང་འཁོར་ལོའི་བཙན་ཕུར་དང་སིལ་སྙན། གྲུབ་ཐོབ་སེར་སྲུང་འདྲེན་པ་ཀླུ་སྒྲུབ་ཀྱི་རལ་གྲི་སོགས་གནའ་རྫས་བྱིན་ཅན་དུ་མ་དེང་གི་བར་བཞུགས་པའོ།།

005

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།