གནས་ཆེན་རྒྱལ་མོ་དམུ་རྡོ།

གནས་ཆེན་རྒྱལ་མོ་དམུ་རྡོ།
སྐལ་བཟང་ཐུབ་བརྟན།1

    གནས་ཆེན་རྒྱལ་མོ་དམུ་རྡོའི་རི་རྒྱུད་ནི་རྔ་བ་ས་ཁུལ་གྱི་སྤོས་དཀར་ལ་ནས་མཆེད་ཅིང་དབུས་རི་དམུ་རྡོ་གཡུ་སྒྲ་སྤུངས་རྩེའི་མཐོ་ཚད་སྨི5000ལྷག་ཡོད། མིང་གི་རྣམ་གྲངས་ལ་དམུ་རྡོ་གནས་ཆེན་ལྷ་གཉན་དང་། གཡུང་དྲུང་རི་བོ་དབུ་རྩེ། སྐུ་ལྷ༼བླ༽དབང་ཕྱུག་རི་བོ། རིག་འཛིན་མཁའ་འགྲོའི་འདུ་གནས་སོགས་ཡོད། དེའི་འཁོར་དུ་སྐུ་བླ་རྣམ་གསུམ། ༼འོག་གཞི་སྐུ་བླ། ཧ་ཉུང་སྐུ་བླ། རྩེ་མདོ་སྐུ་བླ། ༽གཉན་ཆེན་སྡེ་བཞི། ༼ཤོ་ཝ་གཉན་ཆེན། ས་ཝོ་གཉན་ཆེན། གཡུ་འབྲུག་གཉན་ཆེན། ཐོ་ཝོ་གཉན་ཆེན། ༽རི་བོ་དྲུག་ཅུ་རྩ་གཉིས་ཀྱིས་བསྐོར་བ་དང་སྒྲུབ་གནས་བརྒྱ་དང་རྩ་བརྒྱད་སོགས་ཡོད། གནས་ཆེན་རི་བོ་དེ་ཡི་ཆགས་ཚུལ་ནི། རྒྱལ་རོང་དམུ་རྡོ་རི་བོའི་དཀར་ཆག་ལས། ཕྱི་ལྟར་ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་། ནང་ལྟར་དཀྱིལ་འཁོར་ལིང་རྩེའི་བྱ་མ་རུ། གསང་ལྟར་གདུགས་ཀྱི་རྩིབས་ཤིང་རྩེ་མོར་གནས་ཆེན་བཞི་དང་ཡན་ལག་གནས་ཆེན་བརྒྱ། གནས་ལག་བཅུ། རི་བོ་བུམ་རིམ་བཅུ་གསུམ། ཕྱོགས་བཞི་མཚམས་བརྒྱད་ཆུ་བོ་བརྒྱད་ལུང་བ་བརྒྱད་ཞི་རྒྱས་དབང་དྲག་མཚོན་པའི་གསང་མཚོ་བཞི། ངོ་མཚར་གནས་ཀྱི་ཚལ་བཞི་སོགས་ཡོད། དབུ་རྩེར་ཟངས་མདོག་དཔལ་རི་མངོན་ཤེས་འཆར་བའི་གནས། ཤར་ཕྱོགས་རི་བྲག་དཀར་པོ་དུང་ལས་གྲུབ་པ་ཞི་སྒྲུབ་གནས། བྱང་རི་བྲག་གཡུ་རི་ལྗོན་པའི་ཚལ་དྲག་པོ་སྒྲུབ་པའི་གནས། ནུབ་རི་བྲག་ཟངས་ཡག་གཏམས་པའི་བྲག་རྒྱས་པའི་སྒྲུབ་གནས། ལྷོ་ཤེལ་འོད་འབར་བའི་རི་བོ་དབང་དྲག་སྒྲུབ་པའི་གནས། དབུས་སུ་གཡུ་སྒྲ་ཕུག གཡས་སུ་ཐུགས་རྗེ་བྱམས་མའི་གནས་ཆེན། གཡོན་དུ་གསང་བ་འདུས་པའི་གནས་ཆེན་སོགས་ཡོད། གཞན་ཡང་གནས་ཆེན་དེ་ཡི་རྩ་བ་རུ་ས་གནད་རི་སྣ་བརྒྱད་དང་བྲག་སྣ་བཞི། ཐང་སྣ་ལྔ་སོགས་ས་ཡི་གནས་ཆེན་ཡོད། གཞན་ཡང་གནས་ཆེན་བརྒྱད་ནི་འདི་ལྟར་ཏེ། ཤར་སྨུག་པོ་མཚལ་རི་མུ་དགུ། བྱང་རི་བོ་ལྕགས་མཛེས། ནུབ་བམ་རི་དཔང་ཞོལ། ལྷོ་ཀེང་རི་མཆེད་གསུམ། ལྷོ་ཤར་བྱུང་རི་ཡོངས་རྫོགས། བྱང་ཤར་གནམ་རི་མཐིང་བམ། བྱང་ནུབ་ནེའུ་ནའི་པད་མ། ལྷོ་ནུབ་སྒྲ་རི་གནས་ཀྱི་དབང་ཆེན་བཅས་སོ། ། གནས་ཆེན་དེ་ཉིད་ཕྱི་བསྐོར་འགྲོ་ན་ཆུ་ཆེན་དང་བྲག་སྟེང་། པ་ཝང་། རོང་མི་བྲག་འགོ སྤྲོ་སྣང་། སེང་གེ་རྫོང་། བཙན་ལྷ། འབར་ཁམས། ཁྲོ་སྐྱབས། བསྟན་པ་བཅས་ཀྱི་ས་ཁུལ་བརྒྱུད་དགོས་པ་དང་། ཡང་ཕྱི་བསྐོར་འགྲོ་ཚུལ་གཞན་ཞིག་ནི་འབར་ཁམས། ཆུ་ཆེན། གཡུང་དྲུང་ལྷ་སྟེང་། བྲག་སྟེང་། པ་ཝང་། རོང་མི་བྲག་འགོ སེང་གེ་རྫོང་། བཙན་ལྷར་ཕྱིན་ན་རྒྱལ་མོ་དམུ་རྡོ་གཡུང་དྲུང་སྤུངས་རྩེའི་གནས་རི་དྲུག་ཅུ་རྩ་གཅིག་བསྐོར་བ་གྲུབ་པ་བཤད།
དེ་མིན་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་ཤར་དུང་རིའི་ཕྱོགས་ཀྱི་རྡོ་མ་ཎིའི་གནས། དབེན་གནས་དག་པ་དཔལ་རི། དམུ་རྡོ་རི་བོའི་བམ་ཆེན་ཚལ་རི་དང་གཞའ་ཚོན་ཕུག གནས་ཆེན་རྩེ་རྒོད་སྐུ་བླ། རྡོ་རྗེ་ཕག་མོའི་གནས་དར་མདོའི་གཞི་བདག་ལྷ་མོ་རྩེ། གནས་སྐ་དབུ་སྟག་རྩེ། དམུ་རྡོ་རི་བོའི་མདུན་གྱི་རྟེན་ཁང་དབང་ཕྱུག་དབེན་དགོན་སོགས་གནང་མང་པོ་མཇལ་རྒྱུ་ཡོད་པ་ལགས། 2 3

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།