དཔལ་ལྡན་བླ་མ་རྗེས་སུ་དྲན་པའི་གདུང་དབྱངས།

རྩོམ་པ་པོ། མཁར་ནག་སྐལ་བཟང་རྒྱ་མཚོ། ཡོངས་ཁུངས། རེབ་གོང་བོན་མང་དྲ་བ།

གསལ་བཤད།
སྙིང་ཉེ་བའི་དྲ་གྲོགས་དང་གཡུང་དྲུང་སྤུན་མཆེད་ཡོངས་ལ། གཤམ་དུ་བཀོད་པའི་སྙན་རྩོམ་འདི་ནི། མཁར་ནག་སྤྲུལ་བའི་སྐུ་མཆོག་སྐལ་བཟང་རྒྱ་མཚོ་རིན་པོ་ཆེས་ཡབ་རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་ཚང་ལ་རྗེས་དྲན་དུ་བྲིས་པའི་ཕྱག་རྩོམ་ཡིན་ལ། ཁོང་གིས་རྩོམ་བསྡུའི་བརྡ་སྦྱོར་བཏང་སྟེ་ཅང་མ་འགོར་བའི་སྐབས་ནས་རྩོམ་ཡིག་འདི་གར་བསྐུར་ཟིན་མོད། ང་ཚོས་སྐད་འཕྲིན་དང་ཡིག་ཟམ། QQ སོགས་བརྡ་འཕྲིན་བརྒྱུད་ལམ་ཁག་ནས་བསྐུར་ཡོང་བའི་རྩོམ་ཡིག་རྣམས་རེ་རེ་བཞིན་བསྡུ་ལེན་དག་སྒྲིག་བྱེད་སྐབས། ལས་ཀར་འཐུས་ཤོར་བྱུང་སྟེ་བར་ནས་ལུས་པས། འདིར་ང་ཚོས་གཅིག་ནས་རྩོམ་མཁན་ཁོང་གི་སྙན་རྩོམ་རྗེས་དྲན་ཆེད་དེབ་ཏུ་འགོད་མ་ཐུབ་པར་སེམས་གཏིང་ནས་དགོངས་དག་ཞུ་རྒྱུ་དང་། གཉིས་ནས་དྲ་གྲོགས་སྤྱི་དང་སྒོས་སུ་བླ་མ་གཅིག་གི་སློབ་མར་གྱུར་བའི་གཡུང་དྲུང་སྤུན་མཆེད་ཡོངས་ལ། ཁོང་གི་རྩོམ་ཡིག་ནི་དཔར་དུས་ཀྱི་རྗེས་མ་ཆོད་པ་དང་། ཆེད་དེབ་ཀྱི་རེ་བ་མ་ལོངས་པ་སོགས་གཏན་ནས་མིན་པར་ངེད་ཅག་རྩོམ་སྒྲིག་པ་དག་གི་འཐུས་ཤོར་ཁོ་ནའི་སྐྱོན་ཡིན་ཞེས་ཁས་ལེན་ཁག་འཁུར་བྱས་པ་ལགས།
དེ་བཞིན་དུ་རྣམ་པ་ཚང་མས་དུས་རྟག་ཏུ་ང་ཚོར་རྒྱབ་སྐྱོར་དང་གཞོགས་འདེགས་གནང་བར་ཡང་བཀའ་དྲིན་ཆེ་ཞུའོ།།



དཔལ་ལྡན་བླ་མ་རྗེས་སུ་དྲན་པའི་གདུང་དབྱངས།

རྩོམ་པ་པོ། མཁར་ནག་སྐལ་བཟང་རྒྱ་མཚོ།

བསྐལ་བཟང་སངས་རྒྱས་སྟོང་རྩའི་ཐུ་བོ་རྣམ་འདྲེན་དམུ་རྒྱལ་ཐོད་དཀར་སྲས།།
ཐུགས་བསྟན་ལས་ཀྱི་དེད་དཔོན་ཆེན་པོ་འཆི་མེད་དྲན་པ་ནམ་མཁའི་མཚན།།
གང་སྲས་ཚེ་དབང་འགྲོ་བའི་མགོན་པོའི་རྣམ་སྤྲུལ་མཚུངས་མེད་འགྲན་བྲལ་བ།།
རྗེ་བཙུན་དགེ་ལེགས་ལྷུན་གྲུབ་རྒྱ་མཚོར་མི་ཕྱེད་དད་པས་ལན་བརྒྱར་འདུད།།
མགོན་ཁྱེད་དང་པོར་འགྲོ་ལ་རྣམ་བརྩེ་སྙིང་རྗེ་ཆེན་པོའི་གཞན་དབང་གིས།།
མཐའ་དག་སྲིད་པའི་མཚོ་ལས་སྒྲོལ་ཕྱིར་གངས་རིའི་ཞིང་དུ་མཚན་དཔེ་བཞད།།
སྐྱེས་ཆེན་དུ་མའི་བཀའ་ལུང་ཟབ་མོས་མགྲིན་གཅིག་ངང་ནས་བསྔགས་པའི་ཚེ།།
ཨུདྤལ་ཇི་བཞིན་མཛེས་ལྡན་མེ་ཏོག་སྒོ་དྲུང་བཞད་པའི་ལྟོས་བཟང་ཤར།།
ཤེས་བྱ་མཐའ་དག་རྣམ་པར་གཟིགས་པ་ཐུགས་སུ་ཝ་ལེར་གསལ་ན་ཡང་།།
འགྲོ་བའི་སྣང་ངོར་གཞོན་ནུའི་དུས་ནས་རིག་པའི་གནས་བཅུར་ཐོས་བསམ་མཛད།།
སྲོག་ལུས་རྒྱན་གསུམ་ཚིག་དོན་ཕུན་ཚོགས་སྙན་ངག་དཔེ་བརྗོད་མཛེས་ཉམས་ཅན།།
དགུང་གྲངས་བཅུ་དྲུག་སྐབས་སུ་མཛད་ལ་འཇམ་དཔལ་དབྱངས་ཀྱང་ངོ་མཚར་འཛིན།།
བྱང་སྟོན་བླ་མ་ཡུན་རིང་བསྟེན་པས་གང་གི་ཐུགས་བཅུད་ཡོངས་སུ་བླང་།།
སྐྱང་སྤྲུལ་རྒྱལ་བའི་དབང་པོའི་དྲུང་ནས་མདོ་སྔགས་རྫོགས་གསུམ་མཁས་པར་སྦྱངས།།
ན་ཚོད་གཞོན་དུས་མཁས་དང་གྲུབ་པའི་མཚན་སྙན་དབྱར་རྔའི་དཔལ་ལ་འཁུ།།
རྒྱལ་བའི་རྣམ་སྤྲུལ་མཚུངས་ཟླ་བྲལ་བ་ཁྱེད་འདྲ་སྲིད་འདིར་རེ་རེ་ཙམ།།
ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཁྲི་འཛིན་མདོ་སྔགས་བསྟན་པའི་བདག་ཉིད་ཆེ།།
གསེར་མོ་ལྗོངས་ཀྱི་སྐྱབས་ཀྱི་མགོན་མཆོག་ཚེ་དབང་རིག་འཛིན་དངོས་བྱོན་རྗེ།།
གང་ཉིད་སེམས་དཔའ་ཆེན་པོར་ངེས་ཕྱིར་བྱ་བཏང་ཚེ་དབང་འགྱུར་མེད་ཀྱིས།།
ལུང་ཟིན་སྐྱེས་བུ་ཉེར་ལྔར་བསྔགས་འདི་དོན་ལ་གནས་ཀྱིས་སྟེས་དབང་ཅི།།
རྒྱལ་ཁམས་ཡོངས་ལ་དུས་ངན་སྨག་རིམ་ཆེས་ཆེར་འཐིབས་པའི་ཟང་ཟིང་ཁྲོད།།
འགྲོ་བ་མཐའ་དག་དྲག་ཤུལ་ལ་འཇིགས་སྡུག་བསྔལ་མུན་ཀློང་བྱིངས་པའི་ཚེ།།
ཁྱེད་ཉིད་གཅིག་པུས་བསྟན་པ་སླར་ཡང་དར་བར་ངེས་པ་མངོན་མཁྱེན་ནས།།
རྒྱལ་ཁམས་འགྲིམ་པའི་བར་གསེང་ནས་ཀྱང་བཀའ་ལུང་མང་པོ་དཔར་དུ་བསྐྲུན།།
སྲིད་བཟང་ཉི་གཞོན་ཤར་རི་ནས་འཕགས་འགྲོ་ལ་བདེ་སྐྱིད་ལྡན་པའི་དུས།།
གངས་ལྗོངས་མགོན་པ་སྣང་བ་མཐའ་ཡས་རླབས་ཆེན་གྲོགས་དན་ལ་བརྟེན་ནས།།
སྨན་གྱི་རི་ནས་བསྟན་པའི་མེ་རོ་སླར་ཡང་གསོ་བའི་དཔལ་རྫོགས་ཚེ།།
ངུར་སྨིག་འཛིན་པའི་ཉིས་སྐྱེས་སྡེ་ཚོགས་བརྒྱ་ཕྲག་ལ་བརྒལ་ཅིག་ཅར་ཚོགས།།
རི་བོ་གྲུ་འཛིན་མཚན་གྱིས་མཛེས་པའི་ཕོ་བྲང་ལ་འཁུ་གཞལ་མེད་ཁང་།།
སུམ་རྩེན་རྣམ་པར་རྒྱལ་བའི་ཁང་བཟང་གླིང་འདིར་འཕོས་འདྲའི་བཟོ་བཀོད་ཅན།།
སྐུ་གསུང་ཐུགས་རྟེན་གཟི་བྱིན་སྟོང་ལྡན་ཕྱི་ནང་ཕྱུར་བུར་གཏམས་པའི་དཔལ།།
བརྒྱ་བྱིན་གྱིས་ཀྱང་ངོ་མཚར་འཛིན་ན་འགྲོ་བ་ཕལ་གྱིས་ཅི་ལ་མིན།།
དེ་ལྟར་ན་ཡང་རྒྱལ་གཤེན་བསྟན་པའི་སྲོག་གི་དབང་པོ་ཉག་ཕྲ་ཕྱིར།།
ཕས་རྒོལ་ལོག་པར་སྨྲ་བ་དག་གིས་བསྟན་ལ་གནོད་པའི་འདུ་བྱེད་མང་།།
ལེགས་པར་བཤད་པ་དུང་གི་སྒྲ་དབྱངས་ལན་གཅིག་བསྒྲགས་པའི་སྙན་དབྱངས་ནི།།
སྨྲ་ངན་ཀླད་པ་འགེམས་པའི་ཐོགས་རྒོད་མཁས་རྣམས་དགྱེས་པའི་མཆོད་སྤྲིན་ལགས།།
དེར་བརྟེན་གང་གི་མཚན་སྙན་བ་དན་འཛིན་མའི་ཁྱོན་དུ་མ་ཤོང་ནས།།
མཁའ་མཐའ་འགོངས་དུས་གངས་རིའི་ཞིང་གི་མདོ་དབུས་ཁམས་གསུམ་ཕྱོགས་སོ་སོར།།
གང་གི་ཞལ་གསུང་བདུད་རྩིར་འཐུང་འདོད་དཔྱོད་ལྡན་སློབ་བུའི་སྡེ་ཚོགས་ནི།།
རི་དྭགས་ཆུ་ལ་སྙེག་པ་དང་ནི་པད་མའི་ཚལ་གྱི་བུང་བ་བཞིན།།
བཤད་སྒྲུབ་བསྟན་པའི་ཁུར་ཆེན་བཞེས་ནས་འཆད་ཉན་དཔུང་སྡེ་གསར་དུ་བསྐྲུན།།
སྔགས་རྫོགས་བླ་མེད་ཉམས་ལེན་སྤེལ་བར་སྒོམ་སྒྲུབ་ཟབ་མོའི་སྡེ་གྲྭ་བཙུགས།།
མདོ་སྔགས་ཟུང་འབྲེལ་བསྟན་པའི་དར་ཆེན་སྲིད་རྩེར་སྒྲེང་ལ་འཇིགས་བྲལ་བ།།
མཁས་གྲུབ་གཉིས་ལྡན་སྙིགས་མའི་མགོན་ཁྱེད་མི་ཡི་སེང་གེ་འགྲོ་བའི་སྐྱབས།།
གླིང་ཆེན་ལྔ་ཡི་སྨྲ་བའི་དབང་པོ་བརྒྱ་ཕྲག་དུ་མའི་འཚོགས་དབུས་སུ།།
སྔར་མེད་ལེགས་རྩོམ་ལན་གཅིག་སྤེལ་བས་མཁས་བརྒྱའི་སྤོབས་པ་ཅིག་ཅར་འཕྲོག།
ལོག་པར་སྨྲ་རྣམས་ཞི་བས་སྤ་གོང་འགྲན་བྲལ་སྨྲ་བའི་སེང་ཆེན་ཞེས།།
མཚན་སྙན་ནམ་མཁའི་འབྲུག་སྒྲ་དང་བསྡོངས་འཛམ་གླིང་འཛིན་མའི་ཁྱོན་ལ་ཁྱབ།།
ཉམས་ལེན་ཟབ་མོའི་རོ་བཅུད་ལ་བརྟེན་རགས་པའི་ཟས་ནི་རྒྱང་དོར་ནས།།
དཀར་གསུམ་བདུད་རྩི་བཏུང་བ་ཁོ་ནས་བགྲང་བྱ་བཅུ་ལྷག་འཚོ་བ་འདི།།
ཁྲི་གཙུག་རྒྱལ་བའི་མཛད་པ་ཇི་བཞིན་ལོག་ཚོགས་རིང་དུ་བསྐྲད་པ་དང་།།
བདུད་བཞིའི་བདུད་དང་བྲལ་བར་ངེས་ལ་སྐུ་མཆོག་ཡེ་ནས་འཆི་མེད་བརྩན།།
དེ་ལྟ་ན་ཡང་འགྲོ་བ་མཐའ་དག་སྲིད་པའི་དཔལ་ལ་ཆགས་ཆེ་བས།།
ཐར་པ་མི་ཉེར་འཁོར་བའི་ཕུན་ཚོགས་སྲིན་མའི་གླིང་ལ་ཞེན་དྲགས་ཕྱིར།།
འདུས་བྱས་ཐམས་ཅད་སྐད་ཅིག་སྐད་ཅིག་མི་རྟག་འགྱུར་བའི་བོན་ཉིད་གང་།།
རྟག་འཛིན་ཅན་ལ་ལན་གཅིག་སྟོན་ཕྱིར་དགོངས་པ་ཀུན་བཟང་དབྱིངས་སུ་བསྡུས།།
དེ་ཚེ་བདག་སོགས་དྭ་བུར་ལུས་པའི་སྐལ་དམན་འགྲོ་བ་སེམས་ཅན་ཀུན།།
བཟོད་མེད་སྡུག་བསྔལ་ཁུར་ཆེན་མ་ཐེགས་གདུང་བའི་སྨྲེ་ངག་གནམ་ས་བཀང་།།
ཚུལ་འདི་མཐོང་ནས་སྟེང་ཁམས་ལྷས་ཀྱང་འོ་དོད་དང་བཅས་མཆི་མའི་རྒྱུན།།
སྤྲང་ཆར་ཟོལ་གྱིས་དལ་བུར་བབས་འདི་གང་ལ་གདུང་ཁྲུས་མཛད་པ་བཞིན།།
ཀྱེ་མ་ཀྱེ་ཧུ་ས་ཆེན་འདི་ནས་ལྷ་མིའི་གཙུག་གི་མགོན་གཅིག་པུ།།
འགྲོ་བའི་བསོད་ནམས་དཔལ་གྱི་མ་ཐེགས་ཞིང་མཆོག་གཞན་དུ་གཤེགས་སོ་ཞེས།།
དད་འབངས་བྱེ་བ་མཐའ་མེད་སྡུག་བསྔལ་མུན་པའི་ཀློང་དུ་བྱིངས་ན་ཡང་།།
སྒོ་གསུམ་རྣམ་དཀར་ལས་ལ་འབད་འདི་གཟུགས་བྱས་སྲིད་འདིར་ཤོང་བར་དཀའ།།
གང་སྐུའི་འཕྲིན་ལས་གླིང་མཆོག་འདི་ནས་རེ་ཞིག་བསྡུས་པའི་ཚུལ་མཛད་ཀྱང་།།
ཐར་འདོད་འགྲོ་བ་ལྷ་མིའི་སྡེ་ཚོགས་ནམ་ཡང་རྗེས་སུ་འཛིན་པའི་དཔལ།།
མདོ་སྔགས་རྫོགས་གསུམ་ཟབ་ལམ་སྟོན་པ་ཞལ་གསུང་བདུད་རྩི་བང་མཛོད་གང་།།
པོད་ཆེན་བཅུ་ཡི་བདག་ཉིད་གང་ཞིག་མི་འགྱང་མཇལ་བའི་འཕྲིན་བཟང་ཐོས།།
ཚུལ་འདིས་སྡུག་བསྔལ་ཀློང་དུ་བྱིངས་པའི་དད་འབངས་བྱེ་བའི་མཐའ་དག་རྣམས།།
ལན་ཞིག་དབུགས་དབྱུང་མཛད་པར་ངེས་མོད་གཏན་གྱི་བདེ་བ་བསྐྲུན་པ་དང་།།
བདག་སོགས་དད་འབངས་རྗེས་སུ་འཛིན་ཕྱིར་ཁྱེད་ཐུགས་བརྩེ་བས་ཉེར་དགོངས་ལ།།
རྣམ་སྤྲུལ་སྲིད་པའི་ཉི་མ་གཞོན་ནུ་ཤར་རིའི་སྤོ་ནས་བྱོན་ཅིག་ཀྱེ།།

ཞེས་པ་འདི་ནི་ཡུལ་མདོ་སྨད་ཀྱི་སྨྲ་བའི་སེང་ཆེན།མཁས་གྲུབ་གཉིས་ལྡན་གྱི་གཉུག་མའི་རྣལ་འབྱོར་བ་ཆེན་མོ།ས་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ།དཔལ་ལྡན་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་དགོངས་པ་བོན་དབྱིངས་སུ་བསྡུས་རྗེས།གང་གི་སློབ་འབངས་ཀྱི་གྲལ་མཐའ་བ་སྒ་རིགས་ཀྱི་སྤྲུལ་མིང་འཛིན་པ་མཁར་ནག་སྐལ་བཟང་རྒྱ་མཚོས་བཀའ་དྲིན་རྗེས་སུ་དྲན་བཞིན་སྙན་ཚིག་གི་མཆོད་པ་ཕུལ་བའོ།།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།