ཡིད་ཀྱི་ཟླ་བ་དྲན་པའི་མགུར་དབྱངས།

རྩོམ་པ་པོ། ཁྲི་སྨྱུག་དགའ།   རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

སྙིང་གི་པད་མོར་འཛུམ་པའི་ཟླ་བ་དང་།།
འགྲོ་བའི་གཙུག་ཏུ་འཚེར་བའི་ཉི་མ་སྟེ།།
གྱིམ་ཤོད་ཡུལ་ནས་འོད་ཀྱི་འདབ་མ་གང་།།
བསྟན་དང་འགྲོ་བའི་བསོད་ནམས་དཔལ་དུ་བཞད།།
ཞང་ཞུང་སྒོ་པ་ས་ཡི་དཀྱིལ་འཁོར་ནས།།
ཐོས་པ་བཙལ་ཏེ་རུས་རྐང་བྲག་ལ་ཁེན།།
འཁོར་བ་ཁབ་རྩེར་སྒོམ་པའི་ངེས་འབྱུང་གིས།།
འཇའ་ལུས་ཉེར་བཞིའི་བཞུད་ལམ་ཐུགས་ལ་འཁྲུངས།།
དཀའ་སྤྱད་ཆེན་པོ་བླ་མེད་སྤྱོད་པ་ཡིས།།
ཕྱོགས་ཀྱི་འགྲོ་བའི་དད་གུས་མཚོ་མོ་སྐྱོམས།།
དམ་པ་ཁྱེད་ཀྱི་ཞལ་གསུང་བདུད་རྩིའི་ཆར།།
སྒང་དྲུག་རི་སུལ་ཀུན་ལ་བབ་པ་ཡིས།།
གསེར་གྱི་འདབ་ལོ་ཁུར་བའི་པད་མའི་ཚོགས།།
སྐར་རྒྱན་དོག་ཏུ་ལྷུང་བའི་ངང་ཚུལ་འགོག།
ཚད་མེད་བཞི་ཡི་ཆབ་ཀྱིས་བརླན་པ་ཡི།།
མ་ངེས་ཉམ་ཐག་མགོན་དུ་ཕེབས་པ་ནི།།
ཉི་མའི་སྲས་ཀྱིས་དོ་ཟླར་མི་ཡོང་པས།།
ཚུལ་འཆོས་མཁན་པོ་ཕལ་གྱིས་ག་ལ་ནུས།།
ནད་ཀྱི་གནོད་པ་ལམ་གྱི་གྲོགས་སུ་འཁྱེར།།
བསྟན་པའི་དོན་ཆེན་བླ་སྲོག་ཡིད་ཀྱིས་སྲུང་།།
འཕྲིན་ལས་ཉི་གཞོན་ཟབ་ཡངས་ཀློང་ནས་འཛུམ།།
བྱམས་བརྩེའི་འོད་ཐིགས་དམན་པའི་འགྲོ་ལ་ཐིམ།།
གདམ་པའི་མགྲིན་རྔ་རྡུང་བའི་ཁྱུང་ཆེན་ཞིག།
ཉི་འོད་ལ་འཁྱུད་ངེས་མེད་རྒྱུ་བ་ཡིས།།
བསྟན་པའི་ས་བོན་རྡུལ་གྱི་ཚད་དུ་བཏབ།།
མ་ཆགས་གཙུག་ལག་དུ་མའི་ལང་ཚོ་བཞེངས།།
ཁྱེད་ཀྱི་ཐུགས་རྗེའི་གྲིབ་བསིལ་ལས་འོང་བའི།།
ཚུལ་ཁྲིམས་པད་མོའི་དྲི་བསུང་འཐུལ་བ་པོ།།
ཡུལ་དང་ཡུལ་གྲུ་སྒང་གཤོང་དུ་མ་རུ།།
ཏིང་འཛིན་ཟས་སུ་རོལ་བའི་རྒོད་པོ་དང་།།
སྒོམ་སྒྲུབ་ཉི་མའི་གུར་ཁང་བསྐྲུན་མཛད་པ།།
འཆད་པ་བོན་གྱི་འཁོར་ལོའི་འོད་ཞགས་ཀྱིས།།
འགྲོ་བའི་སེམས་ཀྱི་རྨོངས་མུན་བཅོམ་པ་སོགས།།
མཛད་པའི་ལྷུན་པོ་སོར་རྩེར་ཐེག་པ་མིན།།
དེ་བཞིན་ངག་རིག་སྨྲ་བའི་ཁུ་བྱུག་དང་།།
ངུར་སྨྲིག་འཆང་བའི་གྲལ་འགོ་གནོན་པ་པོ།།
རིགས་པའི་གཡུ་རལ་གསིག་པའི་གདོང་ལྔ་བ།།
གྱེར་བསྟན་འོད་ཀྱི་གདུགས་དཀར་འདེགས་མཛད་མཁན།།
ཉིད་ཀྱི་འོད་ཐིག་ཕོག་པ་གྲངས་ལས་འདས།།
རང་དོན་འགྲོ་བ་ཕལ་གྱིས་མི་ནུས་པའི།།
ཡང་རྩེ་བླ་མེད་ཐེག་པའི་ལྟ་སྤྱོད་འཆང་།།
གཞན་དོན་དུས་དྲུག་དབྱེར་མེད་འབྱོན་པ་ཡིས།།
དྲི་བཞོན་ལྷ་མོའི་སེམས་ལ་ངལ་གསོ་སྦྱིན།།
ཚད་མེད་བཞི་ལྡན་སྤྲིན་དཀར་ཀློང་རུམ་ནས།།
སྦྱིན་པ་རྣམ་བཞིའི་སྦྲང་ཆར་འཇོ་བ་སོགས།།
སྔོན་བྱོན་དམ་པའི་མཛད་པ་ལྷུར་དུ་ལེན།།
དུས་མཐའི་བྱ་བྲལ་མུ་ལའི་རྣམ་རོལ་ཞེས།།
རིས་མེད་སྐྱེ་འགྲོ་དུ་མས་མེ་ཏོག་གཏོར།།
ཐུན་མིན་མཛད་པ་ཟླ་བའི་མ་མ་ནི།།
ས་ཆེན་སྲིད་པའི་སྣོད་དུ་ཤོང་མིན་པས།།
ཐ་སྙད་ཚིག་གི་བུ་མོས་གང་ན་ཁྲོལ།།
འོན་ཏེ་དད་སེམས་མཚོན་པའི་མཆོད་ཀ་ཙམ།།
ཡུན་རིང་སེམས་ལ་བཅངས་པའི་ཚོར་བ་ཡིས།།
དཔྱིད་ཀྱི་དཔལ་ཡོན་ཤར་བའི་དུས་ཚིགས་སུ།།
ཚིག་གི་སྡེབ་སྦྱོར་རབ་ཏུ་མ་ཡག་ཀྱང་།།
སོར་མོའི་ཟློས་གར་བསྒྱུར་ལ་དགྱེས་པ་པོ།།
གྱི་ན་བ་སྟེ་གཙུག་གཤེན་རྒྱལ་མཚན་ནས།།
སོར་བཅུ་སྙིང་ཁར་ཟུམ་སྟེ་ཕུལ་བའོ།།  
ཁྱེད་ནི་གསེར་གྱི་ཀ་བ་ཡིན་པས་ན།།
བོན་གྱི་རྒྱལ་མཚན་འདེགས་ཕྱིར་བཞུགས་སུ་གསོལ།།
ཁྱེད་ནི་ཉམ་ཐག་འགྲོ་བའི་མ་ཡིན་པས།།
མི་མཐུན་འགལ་རྐྱེན་ཞི་སྟེ་བཞུགས་པར་མཛོད།།

ངག་རིག་དབྱངས་ཀྱི་མཆོད་པའི་དགེ་རྩ་འདིས་དམ་པ་ཁོང་མཛད་པ་མཐའ་རུ་ཕྱིན་ཅིང་བདག་སོགས་འགྲོ་བའི་མགོན་དུ་སྐུ་ཚེ་མི་འགྱུར་གཡུང་དྲུང་གཤིས་སུ་ཡུན་དུ་བཞུགས་པའི་རྒྱུ་རུ་གྱུར་ཅིག། ཞེས་ཁྱུང་པོ་རྩེ་དྲུག་དགོན་དུ་སློབ་ལ་གཞོལ་བའི་ཁོ་བོ་གཙུག་གཤེན་རྒྱལ་མཚན་ནས་བགྱིས་པ་ལགས་སོ།།

རྩོམ་སྒྲིག་པ། བསོད་བཀྲ།

ཡིད་ཀྱི་ཟླ་བ་དྲན་པའི་མགུར་དབྱངས།” སྟེང་དུ་དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།