བླ་མ་རྗེས་སུ་དྲན་པའི་གསོལ་འདེབས་པད་དཀར་ཆུན་པོའི་མཆོད་པ།

རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་མཆོག རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

༄༅། ། བླ་མ་དང་ཡི་དམ་དབྱེར་མེད་པའི་སྐུ་ལ་ཕྱག་འཚལ་ཞིང་མཆོད་པ་བླ་ན་མེད་པ་ཕུལ་བས་མདུན་བསུས་ཏེ། འདིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང། སྒོས་དུང་མདོག་ཅོད་པན་འཆང་བའི་བསྟན་པ་དང་འགྲོ་བའི་དོན་དུ་བཀའ་དྲིན་མཚོ་ལས་ཟབ་ཅིང་ཐུགས་བསྐྱེད་རི་རབ་ལས་མཐོ་བ་དང་། ཁྱད་པར་མདོ་སྨད་བྱང་ཁའི་ཕྱོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་པའི་རླབས་ཆེན་གྱི་བསོད་ནམས་དེ་གཟུགས་སུ་མཆིས་ན་སྟོང་གསུམ་སྣོད་དུ་ཆུང་བ་ལྟ་བུའི་ཐུགས་རྗེ་ཅན། ལྷར་བཅས་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་བཤེས་གཉེན་དམ་པ། མཁྱེན་བརྩེ་ནུས་གསུམ་གྱི་དཔལ་ཡོན་གཅིག་ཏུ་བསྡུས་པའི་བླ་མ་དམ་པ།  བོད་གངས་ཅན་མཁས་པ་ཡོངས་ཀྱི་རྩོད་མེད་ཀྱི་གཙུག་རྒྱན་དམ་པ་སྟེ། དམ་པ་གསུམ་གྱི་སྙན་པ་སྲིད་གསུམ་རྩེ་མོ་ན་མངོན་པར་གཡོ་བ་དེ་ཉིད། མདོ་སྔགས་སེམས་གསུམ་གྱི་བསྟན་པ་ཐམས་ཅད་བདག་གིར་བཞེས་པས་བླ་ཆེན་དྲན་པ་གཉིས་པ་ཞེས་ཀུན་གྱིས་དད་པ་དང་མོས་གུས་ཀྱི་མེ་ཏོག་འདབ་མ་རྙིང་མ་མྱོང་བ་དང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས་པས་བ་གོར་བེེ་རོ་ཙ་ན་མངོན་པར་བྱོན་པའི་དག་སྣང་གི་ལྷ་དར་དཀར་པོ་ཆད་མ་མྱོང་བ། འཆད་རྩོད་རྩོམ་གསུམ་གྱི་འཁོར་ལོ་གླིང་བཞིར་བསྒྱུར་བས་རྒྱལ་བ་མཉམ་མེད་ཆེན་པོ་སླར་ཡང་བྱོན་པའི་ངེས་ཤེས་དང་སྙན་གྲགས་ཀྱི་འབྲུག་སྒྲ་ཉམས་མ་མྱོང་བ་སྟེ། མདོར་ན་བསླབ་པ་གསུམ་གྱི་ཉམས་ལེན་དང་། སྡེ་སྣོད་གསུམ་གྱི་འཆད་ཁྲིད། རིག་གནས་ཆེ་ཆུང་ཀུན་དང། བན་བོན་གྱི་གཞུང་ལུགས་ཀུན་ལ་གཞན་དྲིང་མི་འཇོག་པའི་ངེས་པ་དོན་གྱི་མཁས་པའི་དབང་པོ་སྟེ། གནས་ལྔ་ཀུན་ཏུ་གཟིགས་པའི་པཎྚི་ཏ་ཆེན་པོ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨོས་ན ༧དཔལ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག གདུལ་བྱ་རྟག་འཛིན་ཅན་རྣམས་དཀར་པོ་དགེ་ལ་བསྐུལ་ཕྱིར་རེ་ཞིག་དགོངས་པ་བོན་དབྱིངས་སུ་ཐིམ་པར།  མྱ་ངན་གྱི་སྐྱོ་གདུང་དྲག་པོའི་ངུ་ངག་དང་བཅས་གསོལ་བ་ཕུར་ཚུགས་སུ་འདེབས་པའི་སྙིང་པོ་ནི། དང་པོར་སངས་རྒྱས་གཤེན་རབ་མི་བོ་མཆོག་སྐུ་མྱ་ངན་དུ་འདས་རྗེས། འཁོར་གཡུང་དྲུང་སེམས་དཔའ་མང་པོས་སྐྱོ་གདུང་དྲག་པོས་གསོལ་བ་ཡང་ཡང་བཏབ་པར།  འབངས་རྣམས་སེམས་གསོའི་ཆེད་དུ་འཇའ་འོད་ཀྱི་ལམ་ནས་ཕེབས་ཤིང་།  བརྩེ་བའི་ཞལ་རས་བསྟན་ཏེ་བོན་འཁོར་བསྐོར་བ་ཇི་བཞིན་དུ། ད་ལྟ་ངེད་ཅག་མས་བོར་དྭ་ཕྲུག་ལྟ་བུའི་སློབ་འབངས་ཡོངས་ལ། དཀར་གསལ་ཟླ་བ་རྒྱས་པའི་ཞལ་ཁྱིམ་དང་། གཞན་ཕན་བདུད་རྩིར་འཛག་པའི་གསུང་དབྱངས་ཤིག་གནང་སྟེ། དྲན་གདུང་སེལ་བར་བྱེད་པའི་ཐབས་ཤེས་རེ་བསྩལ་ན་ཅི་མ་རུང་སྙམ་པའི་སྐྱབས་འཇུག་དང་རེ་སྒུག་ཧ་ཅང་ཆེ་བ་ཡིན་མོད། འོན་ཀྱང་ཁོང་རིན་པོ་ཆེ་དེ་ལྟར་ཟག་མེད་ཀྱི་འཇའ་ལུས་དབྱིངས་སུ་ཐིམ་ནས་བོན་སྐུ་ཐིག་ལེ་ཉག་གཅིག་གི་ངང་དུ་བཞུགས་པས། སེམས་ཅན་སྤྱི་མཐུན་གྱི་ལས་དང་གདུལ་བྱའི་བསོད་ནམས་དམན་པའི་དབང་གིས་སླར་ཡང་ཞལ་མཇལ་གསུང་ཐོས་པའི་སྐལ་བ་མེད་པ་ཞིག་ཡིན་ཚེ།
ཇི་སྐད་དུ་ལུང་དྲུག་ལས། བོན་གྱི་སྐུ་ལས་གཡོ་མེད་ཀྱང་།། རིག་པའི་འོད་ཟེར་ཀུན་སྤྲོས་ནས།།འགྲོ་བ་མ་ལུས་བདེ་ལ་བཀོད།།
ཅེས་གསུངས་པ་ལྟར། སྐྱབས་མགོན་མཆོག་གིས་བྱིན་གྱིས་བརླབས་པའི་སྤྲུལ་བའི་སྐྱེས་མཆོག་ཁྱད་པར་ཅན་ཉི་མ་ལྟ་བུ་ཞིག་མྱུར་བ་མྱུར་དུ་བྱོན་ནས། ཤུལ་ན་ལུས་པའི་སེམས་ཅན་ཐམས་ཅད་ལ་བཀའ་འཁོར་རེ་བསྐོར་ཏེ། མྱ་ངན་གྱི་གདུང་བ་སེལ་བར་བྱེད་རྒྱུར་གསོལ་བ་ཡང་ཡང་འདེབས་བཞིན་ཡོད་ལ། དེ་བཞིན་དུ་འཁོས་ཆུང་བདག་གིས་མཚོན་པའི་དད་ལྡན་སློབ་བུ་ཡོངས་ཀྱིས་ཉིན་མཚན་ཀུན་ཏུ་བླ་མའི་རྣལ་འབྱོར་ལ་བརྩོན་པ་བསྐྱེད་དེ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ནས། ཡེ་གསལ་རིག་པ་ཀ་དག་གི་ངང་ལ་མཉམ་པར་བཞག་ཅིང་། འཁོར་གསུམ་དམིགས་མེད་ཀྱིས་སྨོན་ལམ་ཤུགས་དྲག་ཏུ་བཏབ་པ་ལགས་ན། འགྲོ་བའི་དོན་དུ་སྐུ་མི་ཕངས་ཞེས་པ་ལྟར། སེམས་ཅན་གྱི་རེ་འབྲས་དོན་དུ་སྨིན་པ་བྱེད་རྒྱུར་ཡན་ལག་སྨད་ལྔ་ས་ལ་རབ་ཏུ་བཙུགས་ཤིང་། འོ་དོད་ཀྱིས་མགྲིན་པ་རྣོང་བཞིན་གསོལ་བ་སྙིང་ནས་འདེབས་པ་པོ་ནི། འདྲེན་མཆོག་གང་གི་བྱམས་བརྩེའི་དྲིན་གྱིས་མིག་འབྲས་བཞིན་བསྐྱངས་པའི་འབངས་ཀྱི་གྲལ་མཐའ་བ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་དེའོ། །

༢༠༡༨ལོའི་ལུགས་རྙིང་གི་ཟླ༨པའི་ཚེས༣ཉིན།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།