བོན་པོ་ཡིན།

རྩོམ་པ་པོ། འཕན་འོ་མཚོ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

ལོ་རྒྱུས་རིག་པའི་ཆུ་རྒྱུན་སྲིང་བ་བོན་པོ་ཡིན།།
གངས་ཅན་བོད་པའི་ཤུལ་ལམ་འཚོལ་བ་བོན་པོ་ཡིན།།
མེས་པོའི་ཤེས་རིག་རྗེས་སུ་འཛིན་པ་བོན་པོ་ཡིན།།
ལྷ་རབས་རུས་རྒྱུད་གཙང་མ་འཆང་བ་བོན་པོ་ཡིན།།

གཤེན་རབ་མི་བོའི་བསྟན་སྒོར་ཞུགས་པ་བོན་པོ་ཡིན།།
གཡུང་དྲུང་བོན་མཆོག་ཐུགས་དམ་གཏད་པ་བོན་པོ་ཡིན།།
ཡུལ་མཆོག་གནས་བཞི་གཙུག་ཏུ་སྙེན་པ་བོན་པོ་ཡིན།།
བཀའ་རྟགས་བཞི་ཡིས་ལྟ་བ་འཐེན་པ་བོན་པོ་ཡིན།།

གཏོ་སྒྲོམ་བཀའ་ཡི་དམུ་ཡད་འབེབ་པ་བོན་པོ་ཡིན།།
འབྲུ་ལྔའི་བྱིན་ཆགས་དུས་སུ་སྩོལ་བ་བོན་པོ་ཡིན།།
བཞི་བཅུའི་འཕྲུལ་ཡིག་རིས་སུ་རྡལ་བ་བོན་པོ་ཡིན།།
ཚིག་བཞིའི་བོན་འཁོར་ཕྱོགས་སུ་སྒྲོན་པ་བོན་པོ་ཡིན།།

ཐེག་པ་རིམ་དགུའི་བཀས་བཅད་མཛད་པ་བོན་པོ་ཡིན།།
སྒོ་བཞི་མཛོད་ལྔ་གཏེར་དུ་རུམ་པ་བོན་པོ་ཡིན།།
ཕྱི་ནང་གསང་གསུམ་མཛོད་དུ་སྤུང་བ་བོན་པོ་ཡིན།།
ཐིག་ལེ་ཉག་གཅིག་དགོངས་པ་འཚོལ་བ་བོན་པོ་ཡིན།།

ལེགས་ཉེས་རྣམ་འབྱེད་མོ་ཡིས་རྟོག་པ་བོན་པོ་ཡིན།།
སྔ་ཕྱིའི་འདུན་ཕུག་རྩིས་ཀྱིས་དཔྱོད་པ་བོན་པོ་ཡིན།།
གདོན་གེགས་འཚེ་བ་གཏོ་ཡིས་ཟློག་པ་བོན་པོ་ཡིན།།
ཟུག་གཟེར་ན་ཚ་དཔྱད་ཀྱིས་སེལ་བ་བོན་པོ་ཡིན།།

ཐོས་བསམ་ཞུ་བའི་གཞུང་རྒྱུད་སྙེག་པ་བོན་པོ་ཡིན།།
འཆད་རྩོད་གཡས་རུ་སྲོག་ཤིང་སྒྲེང་བ་བོན་པོ་ཡིན།།
ལྟ་སྒོམ་འབར་བའི་རྒྱུན་ཐག་སྲིང་བ་བོན་པོ་ཡིན།།
བྱམས་པས་སྟག་མོར་ལུས་སྦྱིན་གནང་བ་བོན་པོ་ཡིན།།

སྟག་ཆ་ལྷ་རབས་སྲིད་པའི་མཆེད་བཞི་བོན་པོ་ཡིན།།
ཟ་རམ་སྐྱེས་དྲུག་སྟོང་སྡེ་བཅོ་བརྒྱད་བོན་པོ་ཡིན།།
རྒྱལ་ཕྲན་བཅུ་གཉིས་སིལ་མ་ཞེ་གཉིས་བོན་པོ་ཡིན།།
སྒོ་ཕུག་བར་གསུམ་ཁྲི་སྡེ་བཅོ་བརྒྱད་བོན་པོ་ཡིན།།

དམུ་རྒྱལ་བཙན་པོར་མི་ཕྱེད་དད་པ་བོན་པོ་ཡིན།།
གཉའ་ཁྲི་བཙན་པོ་རྗེ་རུ་བཀུར་བ་བོན་པོ་ཡིན།།
མུ་ཁྲི་བཙན་པོ་བླ་རུ་རྩི་བ་བོན་པོ་ཡིན།།
འུ་དུམ་བཙན་པོར་ཁ་ཉེས་མེད་པ་བོན་པོ་ཡིན།།

བྱ་རུ་ཐོབ་པ་བཅོ་བརྒྱད་དེ་ཡང་བོན་པོ་ཡིན།།
ཁྲི་བདུན་གནམ་གྱི་བདུན་ཚིགས་དེ་ཡང་བོན་པོ་ཡིན།།
ཤེས་རབ་གསལ་བ་བཅུ་གཉིས་དེ་ཡང་བོན་པོ་ཡིན།།
འཇའ་ལུས་འཕོ་ཆེན་ཉེར་ལྔ་དེ་ཡང་བོན་པོ་ཡིན།།

ཏིང་འཛིན་ཀློང་ཟ་རྟོག་མེད་ཞིག་པོ་བོན་པོ་ཡིན།།
སྟོང་ལོར་འགོག་ཞུགས་མུ་ཟི་གསལ་བཟང་བོན་པོ་ཡིན།།
གཡའ་མའི་འཁུར་བཞེས་དམུ་རྒྱལ་བློ་གྲོས་བོན་པོ་ཡིན།།
ལུང་རིག་གཏེར་མཛོད་སྨན་རི་བ་གང་བོན་པོ་ཡིན།།

གངས་དཀར་ཏི་སེ་བླ་རིར་གསོལ་བ་བོན་པོ་ཡིན།།
མ་ཕམ་གཡུ་མཚོ་བླ་མཚོར་འབོད་པ་བོན་པོ་ཡིན།།
ཐང་ལྷ་ཡར་ལྷ་མགུར་ལྷར་སྦྲོན་པ་བོན་པོ་ཡིན།།
འོལ་ལུང་རིང་མོར་སྐྱེ་བར་བཅོལ་བ་བོན་པོ་ཡིན།།

རྨ་ཆེན་པོམ་ར་མྱེས་པོར་མཆོད་པ་བོན་པོ་ཡིན།།
དམུ་རི་དེའུ་གསུམ་སྒྲུབ་གནས་འཛིན་པ་བོན་པོ་ཡིན།།
རྒྱལ་མོ་དམུ་རྡོ་གཉན་དུ་རྗེད་པ་བོན་པོ་ཡིན།།
ཡར་ལུང་སོག་ཁར་རྒྱལ་སྲིད་སྐྱོང་བ་བོན་པོ་ཡིན།།

ཚེ་བསོད་ཀླུང་རྟ་ཕྱྭ་ཡིས་འགུག་པ་བོན་པོ་ཡིན།།
ཁ་རྗེ་དབང་ཐང་དམུ་ཡིས་གསོ་བ་བོན་པོ་ཡིན།།
སྙན་གྲགས་དབུ་འཕང་གཡང་གིས་བསུ་བ་བོན་པོ་ཡིན།།
དགེ་ལེགས་ཕུན་ཚོགས་ཁུ་ཡིས་འདྲེན་པ་བོན་པོ་ཡིན།།

རིགས་ཀྱི་གདུང་བ་སྙིང་ལྟར་དམར་བ་བོན་པོ་ཡིན།།
སྐད་དང་ཡི་གེ་སྲོག་ལྟར་རྩི་བ་བོན་པོ་ཡིན།།
མེས་པོའི་སྲོལ་བཟང་མིག་ལྟར་གཅེས་པ་བོན་པོ་ཡིན།།
ཕ་མའི་དྲིན་ལན་ཟུངས་ལྟར་གཉན་པ་བོན་པོ་ཡིན།།

ཕ་མེས་རྒན་རབས་བཀུར་བཟོ་ཆེ་བ་བོན་པོ་ཡིན།།
དར་མ་གཞོན་པར་མཐུན་ལམ་གཉེར་བ་བོན་པོ་ཡིན།།
ཆུང་དང་བྱིས་པར་བྱམས་བརྩེ་ལྡན་པ་བོན་པོ་ཡིན།།
རིགས་དང་རུས་པར་ཤ་ཞེན་མཐུག་པ་བོན་པོ་ཡིན།།

རྒྱུ་འབྲས་གནས་ལུགས་སྲང་ལ་འཇལ་བ་བོན་པོ་ཡིན།།
མཐུན་སྒྲིལ་ཨ་ལོང་དམ་དུ་སྦྲེལ་བ་བོན་པོ་ཡིན།།
འཚེ་མེད་ཞི་བར་དུས་ལྟར་སྨོན་པ་བོན་པོ་ཡིན།།
མཐར་ཐུག་རྒྱལ་བའི་གོ་འཕང་མྱུལ་བ་བོན་པོ་ཡིན།།

ལྟ་བ་འཚེ་མེད་ཞི་བདེ་ཅན་དེ་བོན་པོ་ཡིན།།
སྒོམ་པ་དམིགས་མེད་སྟོང་གསལ་ཅན་དེ་བོན་པོ་ཡིན།།
སྤྱོད་པ་རིས་མེད་གཞན་ཕན་ཅན་དེ་བོན་པོ་ཡིན།།
སྐོར་བ་སྲིད་པའི་འཁོར་ཕྱོགས་ཅན་དེ་བོན་པོ་ཡིན།།

གྲུབ་མཐའི་ཁུར་ཆེད་ཕྲག་ཏུ་བཞེས་པ་བོན་པོ་ཡིན།།
ལྷད་མེད་དམ་ཚིག་གསེར་ལྟར་གཙང་བ་བོན་པོ་ཡིན།།
རྒྱལ་ཁམས་རིག་པའི་འཁོར་ལོ་སྒྱུར་བ་བོན་པོ་ཡིན།།
སྙན་བརྒྱུད་གདམས་པའི་ཟིལ་ཐིག་འཕྱུར་བ་བོན་པོ་ཡིན།།

བརྩེ་ཆེན་སྙིང་རྗེས་ཐུགས་རྒྱུད་རློན་པ་བོན་པོ་ཡིན།།
ལས་འབྲས་བསླུ་མེད་དུས་ལྟར་སྲུང་བ་བོན་པོ་ཡིན།།
སྐྱེ་བ་སྔ་ཕྱིའི་རྒྱུན་ཐག་འདྲེན་པ་བོན་པོ་ཡིན།།
ཁམས་གསུམ་སེམས་ཅན་མ་རུ་འདོད་པ་བོན་པོ་ཡིན།།

རང་ཚུགས་བྲག་རིའི་ཁམས་ལྟར་སྲ་བ་བོན་པོ་ཡིན།།
རང་གཤིས་མདའ་མོའི་གཞུང་ལྟར་དྲང་བ་བོན་པོ་ཡིན།།
རང་མགོ་མཐོན་པོ་དགུང་ལ་སྒྲེང་བ་བོན་པོ་ཡིན།།
རང་རིགས་ལ་རྒྱ་སྲོག་གིས་མཆོད་པ་བོན་པོ་ཡིན།།

ནང་རུལ་བླ་བཙོང་བདུད་དུ་མཐོང་བ་བོན་པོ་ཡིན།།
ཕྱི་ཚོང་ཁྲམ་པ་འདྲེ་རུ་འཛིན་པ་བོན་པོ་ཡིན།།
དཀར་ནག་རྣམ་དཔྱོད་མིག་གིས་འཚོལ་བ་བོན་པོ་ཡིན།།
བཟང་ངན་ཕན་གནོད་སེམས་ཀྱིས་ཤེས་པ་བོན་པོ་ཡིན།།

ཕ་མེས་དྲིན་ལན་སྙིང་གིས་ཚོར་བ་བོན་པོ་ཡིན།།
ཕ་ཁྱིམ་གངས་རིའི་སྣོད་བཅུད་སྲུང་བ་བོན་པོ་ཡིན།།
ཕ་བོན་རྒྱུན་ཐག་བསྐལ་བར་སྐྱོང་བ་བོན་པོ་ཡིན།།
ཕ་མཁར་རིག་པའི་རྡོ་རིང་སློང་བ་བོན་པོ་ཡིན།།


2019/10/10

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།