དེ་རིང་གི་དྲན་པ།

མཁས་དབང་བོན་བརྒྱ་རིན་པོ་ཆེ་མཆོག་ལ་ཕུལ་བའི་རྗེས་དྲན་རྩོམ་ཡིག

རྩོམ་པ་པོ། གདོང་བཙུན་རྒྱ་ཐར། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

ད་ལྟ་ངས་ཁྱེད་རང་དྲན་པ་ནི་ཡིག་རིས་ཀྱི་འཁྱུགས་སྟངས་ཤིག་མ་ཡིན་ལ། ད་ལན་ངས་ཁྱེད་རང་དྲན་པ་ནི་མྱ་ངན་གྱི་མིག་ཆུ་ལུད་ཙམ་ཡང་གཏན་ནས་མིན། ཐེངས་འདིར་ངས་ཁྱེད་རང་དྲན་པ་དེ་ནང་སེམས་ཀྱི་དྲན་ཚུལ་ཞིག་དང་།  རེབ་འདིར་ངས་ཁྱེད་ཉིད་དྲན་པ་དེ་དོན་དམ་པའི་དྲན་པ་དེའོ།།

དཔྱིད་དུས་ཀྱི་ལྗང་སྨྱུག་འབུས་པའི་དུས་ཚིགས་འདི་དང་། དབྱར་གྱི་དཔལ་མོ་བསླེབ་ཁའི་སོ་མཚམས་འདིར། ཉི་འོད་ཀྱི་དྲོན་འཇམ་བཀྱེ་བའི་ཞོགས་པ་ཞིག་དང་། རི་གྲོང་གི་འཚོ་བ་སྒུམ་པའི་ནངས་སྔ་མོར། ཕངས་སེམས་ཀྱིས་དྲན་ཞིང་། དུང་སེམས་ཀྱིས་གླེང་ན་འདོད་པའི་སྐུ་ཉིད།   ངའི་མི་ལོ་ཉི་ཤུའི་ནང་གི་ལམ་སྟོན་དེ་ཡིན་པར་དྲན་འོང་ལ། ངའི་ཚེ་སྟོད་བརྟེན་ས་ཁེན་སའི་སྐུ་གཞོགས་དེ་ཡིན་པ་ཡང་དྲན་འོང་གི།

ང་རེབ་གོང་དུ་ཐོག་མར་ཐོན་དུས་ཁྱེད་རེབ་གོང་དུ་དངོས་སུ་བཞུགས་འདུག་ལ། ང་དགོན་པ་དེར་དང་པོར་མཇལ་དུས་ཁྱེད་དགོན་པ་ན་དངོས་སུ་བཞུགས་སྐབས་སོ།།

        ང་གྲྭ་ས་པ་ཞིག་གི་ཚུལ་དང་སློབ་གཉེར་པ་ཞིག་གི་བཟོ་ཡིས། ཁྱེད་ཀྱི་སྐུ་མདུན་ནས་གདམས་ངག་རེ་གསན་ཐུབ་ཅིང་། ཁྱེད་ཀྱི་ཉེར་གནས་སུ་ཐོས་བསམ་རེ་བྱ་ཐུབ་པ་དེ་དག་ཀྱང་དེ་རིང་གི་དྲན་པ་ཁོ་ནའི་ནང་དུ་འདུས་ཡོད།  

སྟོན་ཁའི་ལོ་ཡག་གི་ཁྲོད་དང་། དབྱར་ཁའི་ཆར་ཆུ་ཡི་ཀློང་། དགུན་ཁའི་བུ་ཡུག་གི་ནང་དག་ཏུ།  ཁྱེད་བཞུགས་ས་ནས་དཔེ་ཁྲིད་འགའ་རེ་རག་ཅིང་། ཁྱེད་བཞུགས་ས་ནས་མན་ངག་རན་ཙམ་རེ་རག་བྱུང་བ་དེ་དག་ཀྱང་དེ་རིང་གི་དྲན་པའི་ནང་དུ་འདུས་ཡོད་དོ།།

ཁྱེད་དང་མཉམ་དུ་རྫོགས་པའི་ལོ་ཟླ་དེ་དག ཁྱེད་དང་ལྷན་དུ་ཟད་པའི་ཉིན་ཞག་མང་བོ།  ད་རུང་ང་དང་འདྲ་བའི་གྲྭ་ས་པ་དག་དང་།  ང་དང་འདྲ་བའི་སློབ་གཉེར་བ་གང་མང་། འཚོ་བའི་ཆ་རྐྱེན་བསྐྲུན་ཅིང་། བརྩེ་བའི་སྤྱན་གྱིས་མ་དོར་བ་དེ་ཡང་དེ་རིང་གི་དྲན་པའི་ནང་དུ་འདུའོ།།

ཁྱེད་གཞན་ལས་འཕགས་པའི་མཁས་དབང་ཞིག་ཡིན་པ་དང་། ཁྱེད་གཞན་དང་མ་འདྲ་བའི་བླ་མ་ཞིག་ཡིན་འདུག་པ། དངོས་སུ་བཏབ་པའི་དགོན་སྡེ། ཡུན་རིང་བསྐྱངས་པའི་བཤད་སྒྲུབ།  རྗེས་སུ་བཞག་པའི་གསུང་རབ། ཐུགས་བརྩེས་མ་དོར་བའི་བུ་སློབ། འཛམ་གླིང་དུ་སྐད་གྲགས་བཞག་པའི་མཛད་འཕྲིན་དང་ཞབས་རྗེས་རེ་རེ་ཡང་དེ་རིང་གི་དྲན་པའི་ནང་དུ་འདུས་སོ།།

ཉིན་གཅིག་ལ་སྐུ་ཉིད་ཀྱིས་དགེ་བཤེས་ལུང་རྟོགས་རྒྱ་མཚོ་ཚང་བཞུགས་ས་ནས་གུས་པར། “ཡ་ཁྱོད་ཀྱིས་མ་འོངས་པར་སྣང་ཞིག་དགོན་ཆེན་ཚང་གི་དྲུང་ཡིག་ཆེན་མོ་ཁུར་ནི་རེད”གསུངས་བྱུང་བ་དེ་ཡང་དེ་རིང་གི་དྲན་པའི་ནང་དུ་འདུ་ལ་མ་འོངས་ལུང་བསྟན་གྱི་ཚུལ་དུ་ཡང་གོ་ཐུབ་བོ།།

དེ་རིང་གི་དྲན་པ་ནམ་མཁར་འདྲེས་ཤིང་། དེ་རིང་གི་བསམ་གཞིག་རྒྱ་མཚོར་བསྐྱིལ་ཡོད།   ནམ་མཁའ་ལྟ་བུའི་དྲན་པའི་མཐའ་མི་ཆོད་ཅིང་། རྒྱ་མཚོ་ལྟ་བུའི་བསམ་གཞིག་གི་གཏིང་མི་ལོན་པས། ཁྱེད་དྲན་པའི་ཚད་ཐིག་ག་ལ་ཡོད། ཁྱེད་བསམ་པའི་བར་མཚམས་འཇོག་མི་ཤེས།

གང་ལྟར་དྲན་པ་རི་མོར་ཕབ་ཐབས་མེད་ཅིང་། དུང་སེམས་སྐྱོ་བས་གླེང་ཚོད་མེད་པའི་རིན་པོ་ཆེ། གཏན་དུ་ཕེབས་སོང་བ་མི་ཡུལ་གྱི་གྱོང་ཆེན་ཁོ་ན་དང་། རྟག་ཏུ་བཞུད་སོང་བ་ཕངས་སེམས་ཀྱི་སྡུག་ཡུས་རྐྱང་བར་གྱུར་ཡོད།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།