མཚན་གཞུང་གི་ངག་རིག་མཆོད་པ།

     ~རྩ་བའི་བླ་མ་རྒྱ་འོབས་ཁྱུང་མོ་རིན་པོ་ཆེ་མཆོག་ལ་རྗེས་དྲན་དུ་ཕུལ་བ།

རིག་པའི་ཁུ་བྱུག

ཀ་དག་ཧ་ར་ལྔ་ལྡན་པ།།
ཁ་བ་ཅན་ན་འགྲན་ཟླ་བྲལ།།
ག་ས་གང་ན་སྙན་གྲགས་འབར།།
ང་ཅག་སྐྱབས་གནས་བླ་མ་དྲན།།

རྒྱལ་ཀུན་འོད་ཟེར་ཕུང་བོ་ཅན།།
མཁྱེན་བརྩེ་སྣང་གསལ་དཀྱིལ་འཁོར་ཉིད།།
ཐུགས་བསྐྱེད་རླུང་གིས་ཉེར་དྲངས་བས།།
དབྱིངས་ཉིད་རྣམ་དག་ཞིང་ལ་ཤར།།

བྲུ་ཞུ་སྤ་རྨེའུ་གཤེན་ཁྱུང་གཙོའི།།
ཞིག་ཆེན་ཡོངས་ཀྱི་ཟབ་གདམས་མཆོག།
འོད་ཟེར་དཔག་མེད་ལ་བསྟེན་ནས།།
ཐུགས་རྒྱུད་ནམ་མཁའི་མཛོད་དུ་གྱུར།།

ལྟ་དགོངས་བློ་འདས་མཐའ་བྲལ་ངང་།།
སྒོམ་རྟོགས་འོད་གསལ་རང་མདངས་ཤར།།
སྤྱོད་ལམ་བག་ཕྱེ་ཞིབ་སྦྱངས་པས།།
ཁམས་འདི་བཀྲི་དྲངས་མཐའ་མི་དཔོག།

བསྟ༵ན་པ་རྣམ་གསུམ་འགྲོ་ལ་བསྟ༵ན།།
འཛི༵ན་མའི་ཁྱོན་བཀང་ཐུགས་རྗེས་འཛི༵ན།།
དབ༵ང་ལུང་མན་ངག་རྒྱ་མཚོར་དབ༵ང་།།
རྒྱ༵ལ་སྲས་མཆོག་ཁྱོད་རྣམ་པར་རྒྱ༵ལ།།

ཉམས་རྟོགས་གཡུ་རལ་རྒྱས་པ་ཁྱོད།།
འཕོ་ཆེན་གངས་རིའི་རྩེར་མཆོངས་ནས།།
སྲིད་གསུམ་ཟིལ་གནོན་གད་རྒྱང་ཁྲོད།།
རུ་ཏྲ་ཝ་སྐྱེས་ཞུམ་འདར་འགྱེལ།།

བསྟ༵ན་པ་རིན་ཆེན་གདུགས་དཀར་པོ།།
འཛི༵ན་མའི་ཁྱོན་ནས་སྲིད་རྩེར་བསྒྲེང་།།
དབ༵ང་མཆོག་ཐབས་ཤེས་ཟབ་མོ་ཉིད།།
རྒྱ༵ལ་བའི་དགོངས་པ་རང་ངོར་བསྟན།།

གཞན་རྒྱུད་མཁྱེན་པའི་རྟོགས་པ་མཐོ།།
གཞན་ཕན་བྱང་སེམས་མཁའ་དང་མཉམ།།
གཞན་སྡང་རང་ཆགས་ཕྱོགས་འཛིན་བྲལ།།
གཞན་དུ་མཚུངས་ཟླ་མིང་ལྷག་ཙམ།།

བསྟ༵ན་པ་གསལ་བྱེད་ཐབས་དགོངས་ནས།།
འཛི༵ན་སྐྱོང་སྤེལ་མཁས་བཤད་སྒྲུབ་གླིང་།།
དབ༵ང་བསྒྱུར་སྟོབས་ཀྱིས་མཛད་འཕྲིན་རྒྱས།།
རྒྱ༵ལ་བ་སྟོན་མཆོག་གཉིས་པར་ངེས།།

མཚན་དཔེ་ཅོད་པན་རྒྱན་ཐོབ་པས།།
དཀྱིལ་འཁོར་རྩེ་མོའི་བཀའ་དབང་ཆབ།།
ཐུགས་རྗེ་ཀློང་ལས་ཉེར་བབས་དྲིན།།
བསྐལ་མཐར་གཞལ་ཡང་རྫོགས་ནུས་གང་།།

བསྟན་ལ་བགེགས་ངན་རླུང་གཡོས་པས།།
འདུས་སྡེ་དགའ་ཚལ་བཅོམས་ན་ཡང་།།
གཤེན་རབ་དྲང་སྲོང་ཁྱོད་དྲིན་ལས།།
སླར་བཞད་གུར་ཀུམ་ས་ཆེན་ཁྱབ།།

ཐུགས་ཉིད་དབྱིངས་རིག་འདྲེས་པའི་ཤུལ།།
ཆ་ལུགས་ལྔ་ལྡན་སྐུ་མཆོག་གང་།།
ཐུགས་དམ་རྟེན་ལ་མཇལ་བའི་ཚོགས།།
རྡུལ་སྙེད་ཞིང་འཁུ་ས་གཞི་གཡོམ།།

འཁྱགས་པས་ས་ཆེན་རྒྱ་བསྡམས་ཀྱང་།།
འདས་རྟགས་ཁྱད་འཕགས་མེ་ཏོག་ཕྲེང་།།
རྣམ་པར་བཞད་པའི་རྟོགས་བརྗོད་ཀྱིས།།
དགུན་དུས་དབྱར་གྱི་དཔལ་ལ་བཀོད།།

དྲི་མེད་རྟོགས་བརྗོད་དཀར་གསལ་ཟླ།།
དག་སྣང་མཚོ་ལ་ཤར་བའི་མོད།།
དད་གུས་རླབས་ཕྲེང་རྩེད་འཇོ་ཅན།།
བསྙེལ་མེད་མཁའ་ལ་རེག་པ་མང་།།

ལྟོས་བཅས་གདུལ་བྱའི་དད་པའི་མཁར།།
ཡང་སྤྲུལ་གསེར་གྱི་ཉི་མ་མཆོག།
མྱུར་བར་འཆར་ནས་ཉམ་ཐག་ཚལ།།
མཁྱེན་བརྩེ་འོད་ཀྱིས་རིང་དུ་སྐྱོངས།

རྗེ་བླ་མ་རྒྱ་འོབས་རིན་པོ་ཆེ་དགོངས་པ་གཤེགས་ནས་ལོ་འཁོར་དྲུག་ལོན་པའི་དུས་མཆོད་སྐབས་ཀྱི་མཚན་གཞུང་ལ་གང་གི་ཞབས་པད་བསྟེན་པའི་གྱི་ན་བས་དད་གུས་ངང་ཕུལ།།༢༠༡༩.༡༠.༢༠

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།