བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ་མཆོག་ལ་ཕུལ་བའི་རྩོམ་ཡིག ༦

རྩོམ་པ་པོ། འཕན་བུ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

མྱ་ངན་ཞུ་ཚིག

དེ་ཡང་ད་ནངས་ཞོགས་པར་ཧི་བོན་དྲྭ་ཚིགས་ནས་བོན་བརྒྱ་ཐམས་ཅད་མཁྱེན་པ་ཚང་དགོངས་པ་བོན་དབྱིངས་སུ་བསྡུས་པའི་གནས་ཚུལ་གསལ་བསྒྲགས་སྤེལ་འདུག་པ་མཐོང་བྱུང་པས། ཡུད་ཙམ་ལ་གཏམ་འདི་བདེན་པ་མ་ཡིན་པའི་སྣང་བ་འདྲ་ཞིག་བྱུང་། ཀྱི་ཧུད་འདི་ནས་ཡར་རྩིས་པའི་ལོ་ངོ་གཅིག་མ་ཟིན་ཙམ་གྱི་སྔོན་དུ་སྐྱབས་རྗེ་སྨན་རི་བ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་བ་དང་། ད་ནངས་ཡང་བོན་བརྒྱ་ཐམས་ཅད་མཁྱེན་པ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གཏམ་ངན་ཐོས་པས་ཡིད་སེམས་རབ་ཏུ་སྐྱོ་ཞིང་སྨྲེང་། སྤྱིར་གནའ་ནས་ད་བར་དུ་རིག་འཛིན་གོང་མ་སུ་ཞིག་སྐུ་མ་གཤེགས་པར་གཏན་དུ་བཞུགས་པའི་མཛད་རྣམ་ནི་མེད། དེ་ནི་སངས་རྒྱས་རང་ཉིད་ལ་སྐྱེ་འཆི་མི་མངའ་ཡང་འཇིག་རྟེན་རྟག་འཛིན་ཅན་རྣམས་སུན་ཕྱུང་ཕྱིར་དང་དགེ་བར་བསྐུལ་བའི་སླད་དུ་མི་རྟག་པའི་ཚུལ་བསྟན་པ་ཡིན་སྲིད་ནའང་། བག་ཆགས་དང་དད་ཞེན་གྱི་དབང་གིས་དང་ལེན་མི་ཐུབ་པ་ཞིག་གམ་སེམས་ཀྱིས་མི་བཟོད་པའི་ན་ཟུག་ཆེན་པོ་ཞིག་རེད། བསྟན་པ་ལ་འཕེལ་འགྲིབ་ཡོད་པ་ནི་སེམས་ཅན་གྱི་བསོད་ནམས་ལ་རག་ལས་པའང་ཤེས་བཞིན་ཡོད། ཡིན་ན་ཡང་ཉག་ཕྲ་ཞིང་ཉམ་ང་བའི་དུས་སྐབས་འདི་ལྟ་བུ་ཞིག་ལ་ཁྱེད་དང་ཁྱེད་ལྟ་བུའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་རེ་ཟུང་བཞུགས་པའང་ང་ཚོ་དང་ཁ་བྲལ་སོང་ན། དོན་ངོ་མར་ང་ཚོར་གང་ཞིག་ལྷག་ཡོད།

སྤྱིར་ད་རེབ་བོན་བརྒྱ་ཐམས་ཅད་མཁྱེན་པ་སྐུ་གཤེགས་པ་ནི་བོན་པོའི་གྲུབ་མཐའ་ཙམ་དང་བོན་བརྒྱ་དགོན་པ་ཙམ་གྱི་དོན་དག་ཆུང་ཆུང་ཞིག་མ་ཡིན་པར་མི་རིགས་ཤིག་དང་དུས་རབས་ཤིག་གི་ཉམས་རྒུད་ཆེན་པོ་ཞིག་རེད། བོན་བརྒྱ་ཐམས་ཅད་མཁྱེན་པ་ཁོང་ནི་སྤྱི་ཚོགས་གསར་རྙིང་གཉིས་ཀར་ཞུགས་ནས་མཛད་པ་འཕྲིན་ལས་བསྐྱངས་མྱོང་མཁན་ཞིག་ཡིན་པར་མ་ཟད། སྙིང་རུས་ཆེ་ཞིང་རྣམ་དཔྱོད་ཡངས་པའི་མཁས་པ་རྒན་པའི་གྲས་ཀྱི་གཅིག་ཀྱང་ཡིན། ད་དུང་ཁོང་ནི་བོན་གྱི་གསང་སྔགས་རྫོགས་པ་ཆེན་པོའི་ཉམས་ལེན་པ་རྣལ་མ་ཞིག་དང་། བོད་ཀྱི་བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་ནང་བྱན་ཆུད་པའི་ངེས་དོན་གྱི་དགེ་བའི་བཤེས་གཉེན། གཞན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཐོག་ཏུའང་ཐེངས་ཁ་ཤས་ལ་ཞུགས་ནས་གཏམ་བཤད་དང་ཆེད་ཁྲིད་གནང་མྱོང་མཁན་གྱི་རྒྱལ་སྤྱིའི་སྟེང་གི་མཁས་དབང་རྣམས་ཀྱི་གྲས་སུའང་གོ་གནས་མཐོན་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད། བན་བོན་གཉིས་ཀའི་ཆོས་གཞུང་སྨྲ་བ་ལ་སྤོབས་པ་ཤིན་ཏུ་མཐོ་བས། བོད་ཕྱི་ནང་ཀུན་ཏུ་ཁོང་ལྟ་བུ་རེ་གཉིས་ཙམ་ལས་མེད་ཟེར་ནའང་རྫུན་དུ་མི་འགྲོ་བའི་ཚོད་ཡིན། འདི་ལྟ་བུའི་མཁས་པ་རྣམ་དཔྱོད་ཅན། ཉམས་མྱོང་ཅན། སྤོབས་པ་ཅན། ཐབས་བཀོད་ཅན་ཞིག་ཉུང་ཉུང་ནང་གི་དཀོན་པོ་ཡིན་ཡ།

སྒོས་སུ་ཆགས་འཇིག་གི་ལོ་རྒྱུས་སྣ་ཚོགས་ལ་རྒྱུས་པའི་གཡུང་དྲུང་བོན་གྱི་རིག་པའི་གནས་རྣམས་དང་གོས་དཀར་ལྕང་ལོ་ཅན་གྱི་སྔགས་སྡེ་སོགས་ཀྱི་ཕྱོགས་ནས་ཁོང་ཐམས་ཅད་མཁྱེན་པ་ཚང་གིས་ནུས་པ་དམིགས་བསལ་གྱིས་ཐོན་ཡོད། གཡུང་དྲུང་བོན་གྱི་རིག་གནས་ཕྱོགས་ནས་བཤད་ན་དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་སོགས་སྤྱི་ཚོགས་ཀྱི་འགྱུར་བ་སྣ་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཉམས་རྒུད་ཆེན་པོ་ཐེབས་ཡོད། དེ་ལྟ་བུའི་སྐྱ་ཆད་སྔོ་རྡུག་གི་སྐབས་སུ་མཁས་གྲུབ་གོང་མ་རྣམ་པའི་རིག་པའི་ཉིང་བཅུད་འཛིན་ཞིང་དབང་ལུང་ཁྲིད་ཀྱི་གདམས་པའི་རྒྱུན་མཐུད་པའི་བོན་བརྒྱ་ཐམས་ཅད་མཁྱེན་པ་ལྟ་བུའི་མི་སྣ་རེ་གཉིས་ཤིག་མེད་ན་ཆ་ཚང་ཞིང་ཡང་དག་པ་ཞིག་སླར་གསོ་བྱ་མི་ནུས་པའི་ཚད་ལ་ཐུག་ཡོད། སྐབས་དེར་ཨུ་ཡོན་ཀྲང་གཞོན་པ་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་ཡུལ་མདོ་སྨད་དུ་ཆིབས་བསྒྱུར་གནང་བའི་སྐབས་སུ་རེབ་ཀོང་ནས་བོན་བརྒྱ་ཐམས་ཅད་མཁྱེན་པ་དང་ཐུགས་བརྩེས་མཇལ་འཕྲད་གནང་བར་མ་ཟད། གསུང་གསེར་ནག་གི་བཀའ་སློབ་མང་དུ་བསྩལ་བའི་གནད་ཀྱི་དམ་པ་ནི། “ཨ་ལགས་བོན་བརྒྱ་ཁྱོད་ཀྱིས་མཚོ་སྔོན་ཕྱོགས་ཀྱི་བོན་སྡེ་ཁག་གི་བདག་པོར་མཛོད་ལ། ཐུགས་མཐུན་ཁྲིམས་གཙང་གི་དགོན་སྡེ་ལེགས་པོ་ཞིག་གི་གཞི་ཟུངས”ཞེས་ཞལ་དབྱུང་བསྩལ་ཏེ་དམངས་སྒོར་སྟོང་ཕྲག་ལྷག་དང་རྟེན་སྐལ་བཀའ་མཆིད་དང་བཅས་པས་བོན་བརྒྱ་མཆོག་གིས་པཎ་ཆེན་རིན་པོ་ཆེའི་དགོངས་བཞེད་དང་བོན་འབངས་རྣམས་ཀྱི་དད་མོས། གཡུང་དྲུང་བོན་གྱི་རིག་པའི་གནས་མཐའ་དག་གི་འཕེལ་འགྲིབ་སོགས་ཀྱི་ཕྱིར་དུ་སྐུ་ཚེགས་མང་པོ་ཐུགས་ཀྱིས་བཞེས་ནས་འཆད་རྩོད་རྩོམ་གསུམ་དང་དབང་ལུང་ཁྲིད་གསུམ། བསླབ་པ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན། རྒྱུ་ནོར་རྟེན་བཞེངས་སོགས་གང་ལ་གང་དགོས་ཀྱི་བོན་སྦྱིན་རྒྱ་ཆེར་བསྩལ་ནས་མཚོ་སྔོན་ཙམ་མ་ཟད་བོད་ཕྱི་ནང་ཀུན་ལ་སྙན་པའི་གྲགས་པ་རྒྱས་པར་གྱུར།

ཡང་སྒོས་སུ་ང་ཚོ་ལ་མཚོན་ན་བོན་བརྒྱ་རིན་པོ་ཆེ་དང་དམིགས་བསལ་གྱིས་འབྲེལ་བ་ཞིག་ཡོད། ཁོང་རིན་པོ་ཆེ་དགུང་ལོ་བཅུའི་ཐོག་ཏུ་སྐྱང་སྤྲུལ་སྨྲ་བའི་དབང་པོ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་མཆོག་དང་མཇལ་ཞིང་དགུང་ལོ་བཅོ་ལྔའི་ཐོག་ཏུ་བབ་བཟོ་མདའ་ཆེན་དགོན་པའི་སྐྱང་ཚང་ཁ་མའམ་མདའ་ཆེན་དཀར་མོ་རི་ཁྲོད་དུ་སྐྱང་ཁ་མའི་མཆོག་སྤྲུལ་རྣམ་གཉིས་ཀྱི་སྐུ་མདུན་ནས་ལོ་གསུམ་སྒྲུབ་གྲྭར་བཞུགས། དུས་དེ་ནས་བཟུང་བོན་བརྒྱ་རིན་པོ་ཆེ་ནི་སྐྱང་གི་མཆོག་སྤྲུལ་རྣམ་གཉིས་ཀྱི་ཐུགས་སྲས་ཀྱི་ཐུ་བོར་གྱུར་ཞིང་དབང་ལུང་ཁྲིད་གསུམ་དང་སྡོམ་པ་གདམས་ངག་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་བསྩལ་པར་གྲགས། དེ་རྗེས་དུས་འགྱུར་སོགས་དོན་རྐྱེན་སྣ་ཚོགས་ཀྱི་དབང་གིས་ད་ལ་ཐུག་གི་བར་དུ་ཕ་ཤུལ་བུས་མ་ཟིན་ཁབ་ཤུལ་སྐུད་པས་མ་ཟིན་པར་ཡོད་པའི་སྐབས་འདི་ལྟ་བུར་བོན་བརྒྱ་རིན་པོ་ཆེ་ལྟ་བུ་ནི་ད་གཟོད་བླ་མ་གོང་མ་རྣམ་པའི་རྒྱུད་འཛིན་གྱི་ཐུགས་སྲས་ཁོ་ནར་ངེས། དེ་མིན་ཁོང་གིས་མཛད་པའི་བསྟན་རྩིས་ནང་དུའང་བབ་བཟོ་མདའ་ཆེན་དགོན་པའི་བླ་མ་གསུམ་གྱི་འཁྲུངས་འདས་ལོ་ཚིགས་དང་མཛད་རྣམ་སོགས་བཀོད་ཡོད་པས་བཀའ་དྲིན་ཡང་བླ་ལྷག་གིས་ཆེ། རང་ལ་བཀའ་དྲིན་ཆེ་ན་རླབས་ཆེན་ཡིན་པའི་ངེས་པ་མེད་མོད། བོན་བརྒྱ་རིན་པོ་ཆེ་ལྟ་བུ་ནི་བོད་ཕྱི་ནང་གཉིས་ཀས་ཁས་མི་ལེན་ཐབས་མེད་ཀྱི་མཁས་དབང་ཆེན་པོ་ཞིག་ཡིན་པ་ནི་ཁོང་གིས་མཛད་པའི་གསུང་རྩོམ་དང་ཆེད་ཁྲིད་སོགས་ཀྱིས་ར་སྤྲོད་བྱ་ཐུབ་པས་དགོས་མེད་ཀྱི་རྙོག་གཏམ་མང་པོ་སྤེལ་དོན་མེད། མདོར་ན་ཁོང་དང་ཁོང་ལྟ་བུའི་རྣམ་དཔྱོད་ཀྱི་རྩལ་རྫོགས་ཤིང་གསན་གཟིགས་ཀྱི་མཁྱེན་རྒྱ་ཡངས་པའི་ངེས་པ་དོན་གྱི་མཁས་དབང་ནི་བོད་ཕྱི་ནང་ཀུན་ཏུ་རེ་གཉིས་ཙམ་ལས་མེད་ན། གློ་བུར་དུ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་ཐོས་དུས་ཡིད་སེམས་རབ་ཏུ་སྐྱོ་ཞིང་སྨྲེང་བར་གྱུར། 

 ཞེས་བླ་མ་གང་གི་དད་འབངས་རྣམས་ཀྱི་གྲལ་མཐའ་ཙམ་ཟིན་པ་ཕྲན་འཕན་བུས་བསམ་པ་ཤིན་ཏུ་སྨྲེང་བའི་ངང་བྲིས་པའོ།། ༢༠༡༨-༨-༢༡ 

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།