ཤར་རྫའི་རྒྱལ་ཚབ་ཨ་འཇིགས་རིན་པོ་ཆེ་ནས་བོན་བརྒྱ་ཐམས་ཅད་མཁྱེན་པ་དཔལ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ་མཆོག་ལ་ཕུལ་བའི་རྗེས་དྲན་རྩོམ་ཡིག

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

རྗེས་དྲན་བྱིན་རླབས་ཆར་འབེབས།

ཤར་རྫའི་རྒྱལ་ཚབ་ཨ་འཇིགས་རིན་པོ་ཆེ།

མཁའ་ལྟར་སྤྲོས་པ་བྲལ་བ་བོན་གྱི་སྐུ།།
ཉི་ལྟར་རང་བཞིན་གསལ་བ་རྫོགས་པའི་སྐུ།།
ཟེར་ལྟར་གང་འདུལ་དེར་སྟོན་སྤྲུལ་བའི་སྐུ།།
སྐུ་གསུམ་ངོ་བོ་མཁས་གྲུབ་བོན་བརྒྱ་བ།།
རིགས་བརྒྱའི་དཀྱིལ་འཁོར་བདག་ཉིད་བླ་མ་དང་།།
ཡོན་ཏན་མི་ཟད་སྟོབས་ལྡན་ཡིད་དམ་ལྷ།།
བདེ་ཆེན་སྟོང་བཞིས་དྲངས་པའི་མཁའ་འགྲོ་མ།།
རྩ་གསུམ་ཀུན་འདུས་བླ་མ་སྙིང་ནས་དྲན།།
ཐུགས་དགོངས་སངས་རྒྱས་སྟོང་གི་ངོ་བོ་ཉིད།།
གསུང་དབྱངས་ལུང་རྟོགས་བོན་གྱི་མངའ་བདག་ཆེ།།
སྐུ་མཆོག་མཚན་དཔེ་བྱང་སེམས་ངང་ཚུལ་ཅན།།
མཆོག་གསུམ་ཀུན་འདུས་བླ་མ་སྙིང་དབུས་རོལ།།
དགེ་ལེགས་ཡོན་ཏན་བྱེ་བའི་གཏེར་ཆེན་མཛོད།།
ལྷུན་གྲུབ་འཕྲིན་ལས་རྣམ་བཞི་ཕྱོགས་ཀུན་སྤྲོས།།
གསང་གསུམ་རྒྱ་མཚོའི་མཛོད་འཆང་རྗེ་བླ་མ།།
འགྱུར་མེད་ལས་རབ་རྩལ་གྱིས་སྐྱོངས་ཤིག་ཀྱེ།།
ཐོས་དོན་རྒྱ་ཆེས་ཚིག་གི་སྒྲོ་འདོགས་བཅད།།
བསམ་དོན་བརྟགས་པས་དོན་གྱི་གནད་ཀུན་རྟོགས།།
སྒོམ་དོན་ཉམས་ཀྱིས་ཐུགས་རྒྱུད་ཡོངས་སུ་གྲོལ།།
སྐྱེས་སྦྱངས་ཤེས་རབ་འབད་མེད་ངང་གིས་བརྡོལ།།
ལུང་ལས་གསུང་བཞིན་རྣམ་གསུམ་ཤེས་རབ་ཆེ།།
ཐུགས་རྗེས་སེམས་ཅན་དོན་བརྩོན་འདིའི་དོན་མིན།།
སློབ་མའི་རྒྱུད་ཚད་དང་སྦྱར་སྟོན་པ་ལ།།
འཆད་པར་མངའ་བརྙེས་སྨྲ་བའི་སེང་ཆེན་དྲན།།
འཁྲུལ་བའི་དབང་གིས་མ་རྟོགས་ཐེ་ཚོམ་དང་།།
ཕྱོགས་ཞེན་སྟོབས་ཀྱིས་ལོག་རྟོག་ཕས་རྒོལ་གཉིས།།
ཚད་གསུམ་ལུང་རིགས་འབུམ་གྱིས་ཟློག་པ་ལ།།
རྩོད་པ་ཕུལ་བྱུང་མཁས་བཞིའི་རྗེས་སུ་བསྙེགས།།
སྐུ་ཡི་བསྐྱེད་རྩལ་སྣ་ཚོགས་བཟོ་ལ་མཁས།།
གསུང་གི་དབྱངས་རྟ་ཚིག་གི་སྡེབ་སྦྱོར་ལེགས།།
ཐུགས་ཀྱི་མཁྱེན་རབ་གཞུང་བརྒྱའི་གནད་ཀུན་མཁྱེན།།
རྩོམ་པའི་རྩེར་སོན་མཚོ་བྱུང་མགྲིན་དབྱངས་ཟླ།།
ཆུང་ནས་སྲས་བཞིན་འཚོ་བ་ཟས་ཀྱིས་བསྐྱངས།།
དེ་བཞིན་ཤེས་བྱ་རིག་པའི་གནས་རྣམས་བསླབས།།
ལྷག་པར་ཐུགས་དགོངས་ཉིང་བཅུད་ཟབ་མོའི་བོན།།
ལྷུགས་པར་གནང་བའི་དྲིན་བཟང་སྙིང་ནས་དྲན།།
རྨད་བྱུང་ཐུགས་བསྐྱེད་ལྷ་ལམ་ཡངས་པའི་ངོས།།
བརྩེ་ཆེན་སྙིང་རྗེ་མཁའ་ཡི་གུར་ཆེན་ལས།།
ཞལ་ལུང་གདམས་ངག་ཆར་གྱི་རྒྱུན་བཟང་པོ།།
ཡང་ཡང་གནང་བའི་བཀའ་དྲིན་སྙིང་ནས་དྲན།།
མཁས་པའི་ལེགས་བཤད་ཉི་སྣང་གསལ་བའི་གཟིས།།
གདུལ་བྱ་བློ་ཡི་པད་མོ་རྒྱས་བྱས་ཏེ།།
ཤེས་བྱ་སྦྲང་རྩིའི་བཅུད་ལ་རོལ་བ་ཉིད།།
སྨྲ་དབང་བླ་མའི་བཀའ་དྲིན་ཁོ་ན་ཡིན།།
འཕྲུལ་ངག་གཡུང་དྲུང་བོན་བསྟན་རིན་པོ་ཆེའི།།
རྒྱ་ཆེན་བཤད་སྒྲུབ་སྒོམ་པའི་གདུགས་དཀར་པོ།།
ནུབ་མེད་བསིལ་ལྡན་གངས་ཅན་སྲིད་རྩེ་ལ།།
སྒྲེང་མཛད་འཇམ་དཔལ་དབྱངས་དངོས་སྙིང་ནས་དྲན།།
དུས་གསུམ་རྒྱལ་བ་དགོངས་པའི་མཐིལ།།
ཐུགས་ཉིད་མྱོང་བའི་ཞལ་གདམས་བཅུད།།
མ་ལུས་སྩོལ་བའི་བཀའ་དྲིན་ནི།།
ཆ་ཙམ་བརྗོད་པར་ག་ལ་ནུས།།
སྐྱེ་དགུ་མ་ལུས་རེ་འདོད་སྐོང་མཛད་པའི།།
མཚན་ལྡན་བླ་མ་ཡིད་བཞིན་ནོར་བུ་མཁྱེན།།
འོག་མིན་རིགས་ལྔའི་ཞིང་ཁམས་གར་བཞུགས་ཀྱང་།།
མཆོག་སྤྲུལ་ཟླ་ཞལ་གསར་བ་བསྟན་ཏུ་གསོལ།།
བདག་སོགས་ཚེ་རབས་སྐྱེ་བ་ཀུན་ཏུ་ཡང་།།
སྐྱབས་རྗེ་དམ་པ་ཉིད་ཀྱིས་རྗེས་བཟུང་སྟེ།།
ཉིན་མཚན་འོད་གསལ་ཉམས་ལེན་འབྲལ་མེད་ངོས།།
ཁྱེད་ཀྱི་ཐུགས་དང་དབྱེར་མེད་འདྲེས་པར་ཤོག།

ཞེས་སྐུ་གསུམ་གྱི་ངོ་བོ་རྩ་གསུམ་གྱི་རང་བཞིན་མཆོག་གསུམ་གྱི་མངའ་བདག་འཆད་རྩོད་རྩོམ་གསུམ་བསྙེན་སྒྲུབ་ལས་གསུམ་སོགས་མདོར་ན་སྐུ་ཚེ་ཧྲིལ་བོར་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་ཐུགས་དམ་དུ་མཛད་པའི་བདག་ཅག་གི་རྩ་བའི་བླ་མ་མཁས་གྲུབ་བྱེ་བའི་གཙུག་རྒྱན་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགོངས་པ་མཁའ་སྤྱོད་དུ་གཤེགས་རྗེས་ཁོང་གི་ཞབས་པད་ཡུན་དུ་བསྟེན་པའི་སྐལ་བ་ཅན་སློབ་ཕྲུག་ཨ་འཇིགས་ཀྱིས་ཤར་རྫའི་རི་ཁྲོད་ནས་གསོལ་བ་བཏབ་སྟེ་བྲིས་པའོ།།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།