སྐྱབས་རྗེ་མཁས་གྲུབ་བོན་བརྒྱ་རིན་པོ་ཆེ་མཆོག་ལ་ཕུལ་བའི་【རྗེས་དྲན་ལྷད་མེད་གསེར་གྱི་རྐོང་བུ།】

རྗེས་དྲན་ལྷད་མེད་གསེར་གྱི་རྐོང་བུ།

  • རྩོམ་པ་པོ། བྱ་རྒོད་སྤྲུལ་སྐུ་གཡུང་དྲུང་བསམ་གཏན།

༄༅། །མདོ་སྨད་ཞིང་མཆོག་རིག་པ་འབྱུང་བའི་ལྟོར། །
དམ་པའི་ལུང་ཟིན་མཚན་དཔེའི་དཀྱིལ་འཁོར་ཤར། །
སྐྱེས་སྦྱངས་ཤེས་རབ་གཉིས་ལྡན་བོན་བརྒྱ་བའི། །
མཛད་འཕྲིན་མཆོག་གིས་འཇིག་རྟེན་དགེ་བར་བྱས། །
སྨྲ་སེང་སྤྲུལ་པ་མི་ཡི་གཟུགས་སུ་བྱོན། །
བཀའ་ཡི་འཁོར་ལོ་བསྐོར་ཞིང་གདུལ་བྱ་བསྐྱངས། །
འཇིག་རྟེན་སྟོང་པ་ཙམ་གྱིས་འགྲོ་དོན་མཛད། །
ལེགས་པའི་གཏམ་འདི་རྒྱལ་ཁམས་ཀུན་ལ་སྙན། །
མཚན་དཔེའི་དཀྱིལ་འཁོར་རྫོགས་པའི་གཟུགས་སྐུ་མཛེས། །
ཡན་ལག་དྲུག་ཅུའི་དཔལ་འབར་གསུང་དབྱངས་སྙན། །
ལས་ཉོན་སྒྲིབ་པ་བྲལ་བས་ཐུགས་རིག་གསལ། །
གསང་གསུམ་ཡོན་ཏན་ཕྲིན་ལས་རྨད་དུ་བྱུང་། །
མཁས་པའི་ཚུལ་ཏེ་འཆད་རྩོད་རྩོམ་གསུམ་ལས། །
བཙུན་པའི་ཚུགས་ཏེ་ཐོས་བསམ་སྒོམ་གསུམ་སྦྱངས། །
གྲུབ་པའི་རྟགས་ཏེ་བསྙེན་སྒྲུབ་ལས་གསུམ་བསྐྱངས། །
སྙན་པའི་གྲགས་པ་ས་སྟེང་ཡོངས་ལ་ཁྱབ། །
བསྟན་འགྲོའི་དོན་དུ་སྐུ་ངལ་མི་འཛེམ་པར། །
ལན་རེར་ཡི་དམ་ལྷ་ཡི་བསྙེན་མཚམས་བསྐྱལ། །
སྐབས་འགར་སློབ་མའི་ཚོགས་ལ་ཁྲིད་ལུང་གནང་། །
མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་། །
ལེགས་ཚོགས་ཀུན་འབྱུང་མཚན་ལྡན་བོན་བརྒྱ་བ། །
བསམ་སྦྱོར་གུས་པས་བླ་མ་ཚུལ་བཞིན་བསྟེན། །
དབང་ལུང་མན་ངག་བུམ་པ་གང་བྱོའི་ཚུལ། །
ཇི་བཞིན་ནོད་འདི་བདག་ལའང་སྐལ་པ་བཟང་། །
མཚན་ལྡན་བླ་མ་མཉེས་པ་གསུམ་གྱིས་བསྟེན། །
མྱ་ངན་མི་འདའ་བཞུགས་སུ་གསོལ་བཏབ་སྟེ། །
སྐུ་ཚེ་འཚོ་གཞེས་བརྟན་བཞུགས་དངོས་འབུལ་ཙམ། །
ལས་སྐལ་ལྡན་དེས་བདག་ཀྱང་བློ་བ་དགའ། །
རྨད་བྱུང་སྤོང་ལམ་རབ་བྱུང་འདུལ་བའི་སྡེ། །
རིམ་གཉིས་དབང་འབྱོར་གོས་དཀར་ལྕང་ལོའི་སྡེ། །
སེམས་ཀློང་མན་ངག་སྒོམ་སྡེ་རབ་ཏུ་བསྐྱངས། །
མདོ་སྔགས་རྫོགས་གསུམ་བསྟན་བདག་ཁྱེད་མིན་ནམ། །
སྐྱེ་འཆི་མི་མངའ་ཀུན་བཟང་དགོངས་པ་བརྙེས། །
རྟག་འཛིན་སུན་ཕྱུང་ངེས་འབྱུང་དགེ་བསྐུལ་ཕྱིར། །
གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཚུལ་བསྟན། །
དྭ་ཕྲུག་ཤུལ་ལུས་མགོན་མེད་གྱུར་འདིས་སྐྱོ། །
གཞུང་བརྒྱའི་དཀའ་གནད་དགོངས་དོན་འཁྲོལ་ལ་མཁས། །
བཅུ་ཕྲག་རིག་པའི་གཞུང་ཆེན་ཐུགས་སུ་ཆུབ། །
བན་བོན་རིས་མེད་ལོ་རྒྱུས་སྨྲ་བར་དབང་། །
འཛམ་གླིང་རིག་པའི་ཚིག་མཛོད་ཁྱེད་མིན་སུ། །
རྒྱལ་ཀུན་རང་གཟུགས་གཤེན་བསྟན་མཛེས་པའི་རྒྱན། །
ཕྲིན་ལས་དབང་འབྱོར་ལས་བཞི་ལྷུན་གྱིས་གྲུབ། །
རེ་ཞིག་འགྲོ་དོན་རྫོགས་པའི་ཚུལ་མཛད་དེ། །
ཞིང་ཁམས་གཞན་དུ་གཟིགས་པས་སེམས་པ་སྐྱོ། །
མདོ་སྔགས་རྫོགས་གསུམ་གཞུང་ལ་དོན་གྱིས་མཁས། །
གདུལ་བྱའི་བློ་འཚམས་གདམས་ངག་སྟོན་ལ་མཁས། །
དཔྱད་གསུམ་ལོ་རྒྱུས་ཀུན་གྱིས་ཚད་མར་འཛིན། །
བོད་ཀྱི་མཁས་དབང་ཞིང་གཞན་ཕེབས་པས་སྐྱོ། །
མཚན་ཉིད་ཐེག་པའི་ཕར་ཕྱིན་བཅུ་ལ་སྤྱོད། །
སྣོད་བཅུད་གདན་གསུམ་ལྷ་སྐུའི་དཀྱིལ་འཁོར་ཤར། །
དོན་གྱི་དངོས་གཞི་དབྱིངས་རིག་མ་བུར་འདྲེས། །
སྐུ་གསུམ་མངོན་གྲུབ་འགྲོ་ཀུན་དྭ་བུར་ལུས། །
རིག་ལམ་དགག་སྒྲུབ་ཚུལ་ལ་རབ་ཏུ་མཁས། །
གངས་ཅན་མཁས་པའི་དབང་པོ་ཚིག་མཛོད་ཆེ། །
གནའ་རབས་མེས་པོའི་ལོ་རྒྱུས་བདེན་དོན་རྟོགས། །
ཞིང་འདིར་མ་བཞུགས་བོད་ལ་ཤིན་ཏུ་གྱོང་། །
རྒྱལ་བའི་བསྟན་པ་ལུང་དང་རྟོགས་པའི་བོན། །
འཇིག་རྟེན་ལེགས་ཉེས་གསལ་བའི་སྒྲོན་མེའི་མཆོག །
སྣང་བའི་ཉི་མ་མི་མངོན་དབྱིངས་སུ་གཟིམས། །
མུན་པའི་གནས་ལྷུང་འགྲོ་རྣམས་བསོད་ནམས་དམན། །
བོན་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་སྙིང་བཅུད། །
མདོ་སྔགས་རྫོགས་གསུམ་བཀའ་འཁོར་བསྐོར་བ་ཡིས། །
གཤེན་བསྟན་ནམ་ལངས་ཉི་ལྟར་གསལ་མཛད་པའི། །
བཞི་རྫོགས་བླ་མ་ཞིང་གཞན་ཕེབས་དོན་ཅི། །
སེམས་ཀྱི་བླ་མ་རྒྱང་ལ་ཕེབས་ནས་བཟུང་། །
མགོ་ནག་བོད་པ་མགོན་མེད་གྱུར་ནས་ཐལ། །
ཤུགས་རིང་ངུ་འབོད་གདུང་བའི་སེམས་ཅན་ལ། །
དཀྱུས་རིང་སྤྱན་གྱིས་གཟིགས་པ་མ་ལྷོད་འཚལ། །
བརྟན་གཡོའི་སྣོད་བཅུད་བླ་མའི་རོལ་བར་ཤར། །
སྒྲ་རུ་གྲགས་ཚད་བླ་མའི་མཚན་སྔགས་དག །
ཡིད་ཀྱི་དྲན་རྟོག་བླ་མའི་ཐུགས་དང་འདྲེས། །
རང་རིག་དོན་གྱི་བླ་མ་མངོན་གྱུར་ཤོག །
བདག་སོགས་ལས་ངན་མ་གྱུར་སེམས་ཅན་ཀུན། །
སྙིང་ནས་གསོལ་བཏབ་རེ་འབྲས་མ་གཡེལ་བར། །
བསྟན་འགྲོའི་དཔལ་དུ་མངོན་པར་ཤར་བའི་སྐུ། །
བསླུ་མེད་ཡང་སྲིད་སྤྲུལ་སྐུ་མྱུར་འབྱོན་ཤོག །
ཡང་སྲིད་ཉི་མའི་དཀྱིལ་འཁོར་འཆར་བ་དང་། །
རྟེན་འབྲེལ་ཟབ་མོ་རྣམ་པར་དག་པའི་མཐུས། །
སེམས་དཔའ་འདུས་སྡེ་བཀའ་སྐྱོང་དམ་ཅན་ཚོགས། །
མཐུ་དཔུང་སྡོང་གྲོགས་བྱ་ར་གཡེལ་མེད་མཛོད། །  

ཅེས་མགོན་པོ་གང་གི་སློབ་བུ་བྱ་སྤྲུལ་གཡུང་དྲུང་བསམ་གཏན་ནས་གུས་པས་བྲིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།