རྟོགས་བརྗོད་གསེར་གྱི་གླིང་བུ།

རྩོམ་པ་པོ། ཁྲི་སྲས་དྲུག་འགྱུར། རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།
སྐྱབས་རྗེ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་རྗེས་སུ་དྲན་པ།

མཚན་དཔེ་མེ་ཏོག་འདབ་མའི་ཁྱིམ་དུ་དགེ་ལེགས་ཟེའུ་འབྲུའི་རྒྱལ་མཚན་མཐོ། །
མགྲིན་པ་མུ་ཏིག་འཁྱིལ་བའི་མཚོ་ལ་དབྱངས་ཅན་གཤོག་དྲུག་གར་གྱིས་འཁྱུག །
མི་གཡོ་ཏིང་འཛིན་འོ་མའི་བཅུད་ལ་འགྲོ་དྲུག་བུང་བས་བརྩེ་དགའ་འཛིན། །
མཁས་དང་གྲུབ་པའི་སྲིད་ཞིའི་གཙུག་ཏོར་ལྷ་རྣམས་ཀྱིས་ནི་ཁྱོད་ལ་བསྔགས། །

ཀ་དག་སྟོང་བའི་དབྱིངས་སུ་རོ་གཅིག་ཀྱང་། །
བསྟན་དང་འགྲོ་ལ་བརྩེ་བའི་འོད་སྣང་ཅན། །
དགེ་ལེགས་མཚན་གྱིས་རྟག་ཏུ་སྲུང་གྱུར་ཅིག །
གང་ཞིག་སྨྲ་བསམ་བརྗོད་འདས་པ། །
ཚིག་གིས་མཚོན་པར་ནུས་མིན་ཡང་། །
རྟོགས་བརྗོད་གསེར་གྱི་གླིང་བུའི་རྒྱུན། །
དད་པའི་དབུགས་ཀྱིས་ཉེ་བར་བསྟེན། །
དེ་ཡང་གསེར་ལྡན་མ་ཡི་ལྟོ་བ་ལས། །
གྱེན་དུ་འཕགས་པའི་ས་འཛིན་དཔུང་བའི་རྩེར། །
ཁ་བ་གངས་ཀྱིས་མཚན་པའི་མེ་ཏོག་ཅན། །
གདོང་དམར་བོད་ཀྱི་ཡུལ་གྲུ་ཞེས་སུ་བརྗོད། །
གྲུབ་གནས་བཀྲ་ཤིས་གྲངས་ཀྱི་མཚན་མ་ཡིས། །
ཡོངས་མཛེས་གེ་སར་ཚལ་དུ་མངོན་ཆགས་པ། །
གྲུབ་ཐོབ་རྣམ་གསུམ་ཞབས་རྡུལ་པདྨོ་ཡིས། །
རེག་པར་རིག་འབྱུང་མཚན་གྱི་མེ་ཏོག་འཕུར། །
གསེར་ལྡན་དགའ་མའི་དད་པའི་འདབ་མ་ཟུང་། །
མཐོ་རུ་བརྩེགས་པའི་སྨན་གྱི་རི་བོ་ཆེ། །
སྣ་ཚོགས་རྐང་འཐུང་འཁྲིགས་པའི་སྟོད་གཡོགས་ཅན། །
ནད་ཀྱི་ཟུག་རྔུ་འབྱིན་པའི་མཚོན་དུ་གདེངས། །
འཆི་མེད་གྲོང་ནས་བདུད་རྩིའི་ཐིགས་པ་ཞིག །
འགྲོ་བའི་དོག་ལ་རི་མོར་བབ་པའི་ཤུལ། །
འབྲོང་རྒོད་རྭ་རྩེ་གྱེན་དུ་གདེངས་པ་ལས། །
འབབ་པར་འབྲོང་ཆུའི་མིང་གི་རོལ་མོ་ཅན། །
དེ་ཡི་ཚལ་ལ་རིག་འཛིན་གྲུབ་པ་ཡི། །
བདུད་རྩིའི་བུམ་ཆུས་བྲན་པའི་སྣོད་གཅིག་ན། །
ས་འཛིན་སྨན་གྱི་ལྗོན་པའི་བླ་བྲེས་ཀྱིས། །
མཁའ་ལ་བྲིས་པར་མག་སར་ཞེས་སུ་འབོད། །
གང་དེར་སྒོ་གསུམ་དགེ་ལ་འདུན་པ་ཅན། །
ཡབ་ཡུམ་མཚན་ལྡན་རིགས་ཀྱི་ལྷུམས་བཟང་དུ། །
རྟེན་འབྲེལ་འཇའ་འོད་ལམ་གྱི་ཐེམ་སྐས་ལས། །
མཚན་དཔེ་ཨུ་དུམ་ཝ་རའི་མེ་ཏོག་བཞད། །
སྔོ་བསངས་སྒེག་མོའི་འགྲམ་པ་ལ། །
དབུ་ལོ་འཁྱུད་པའི་ས་འཛིན་གྱི། །
རྐང་འཐུང་སྒེག་པའི་མེ་ལོང་དུ། །
ལྟེ་མཚལ་པིར་གྱིས་རི་མོ་བྲིས། །
དགེ་ཚོགས་འོ་མའི་མཚོ་ཆེན་ལ་འཐུངས་པའི། །
ལེགས་བྱས་འབྲས་བུའི་མེ་ཏོག་ཚར་དུ་དངར། །
ལྷུན་རྫོགས་གྲུབ་བརྒྱའི་རྩེ་མོར་མངོན་གཤེགས་ཀྱང་། །
གདུལ་བྱ་རྒྱ་མཚོ་འཛིན་ལ་རྗེས་སུ་ཆགས། །
ན་ཚོད་ཕྲ་ཡང་སྙིང་རྗེ་ཆེན་པོ་ཡིས། །
འཁོར་བའི་མཚོ་ལས་བསྒྲལ་ལ་སེམས་དཔའ་བ། །
ཁྱེད་སྐུའི་བ་སྤུའི་ཉག་མ་རེ་རེ་ཡང་། །
གཞན་དོན་བྱང་ཆུབ་ཆེན་པོར་སྐྱོང་ལ་ངལ། །
རིག་འཛིན་གྲུབ་དབང་ནམ་མཁའི་མཚན། །
སྤྱི་གཙུག་རྒྱལ་མཚན་རྩེར་མཆོད་པས། །
དབང་ལུང་ཁྲིད་ཀྱི་མན་ངག་ཆར། །
གསང་གསུམ་མཛོད་ཀྱི་གདམ་པར་བླངས། །
ཁྱད་པར་སྐྱང་གི་སྤྲུལ་བ་ལས། །
ལུང་རྟོགས་ཉི་མ་འོད་པོ་ཆེ། །
སྐལ་བཟང་བསོད་ནམས་ཀྱིས་རྙེད་པས། །
གཙུག་ལག་རྒྱ་མཚོའི་བཅུད་དུ་བླངས། །
བཟོ་གསོ་སྒྲ་ཚད་མུ་ཏིག་ཕྲེང་། །
མཁྱེན་པའི་མཛོད་དུ་ཉེར་བསྒྲུབས་པས། །
གང་གི་བུ་སློབ་བྱེ་བའི་དབུས། །
རྒྱུ་སྐར་ཚལ་གྱི་ཟླ་བར་བྱས། །
ལང་ཚོའི་མེ་ཏོག་ཕྲ་བའི་དུས་ཉིད་ནས། །
ལྔ་རིག་ནོར་བུའི་ཟེའུ་འབྲུ་དཔང་མཐོ་བས། །
མ་བོས་མགྲོན་དུ་ཁུགས་པའི་བུང་བའི་ཚོགས། །
གཤོག་རླབས་མཁའ་ལ་བརྡུངས་པའི་མཐའ་མ་རིག །
སྔོན་གྱི་ཚེ་ན་སངས་རྒྱས་ཀྱི། །
མཁྱེན་པའི་ཡེ་ཤེས་ཉག་མ་གཅིག །
མཚན་བཟང་རིགས་ཀྱི་ཅོད་པན་དུ། །
གསོལ་བ་གང་དེ་ཁྱེད་ལས་སུ། །
ཟབ་མོའི་དོན་གྱི་ནགས་སུ་ནི། །
རིང་ནས་དབུགས་དབྱུང་མཛད་ལགས་ཀྱང་། །
ཞབས་ཀྱི་འཁོར་ལོས་ས་གསུམ་དུ། །
བསྒྱུར་བའི་འཕྲིན་ལས་འདི་ཀོ་རྨད། །
ལེགས་བཤད་གསུང་གི་ལྷ་ཡི་ཆབ། །
གཙུག་སྐྱེས་རལ་བ་ལ་བཅིངས་པའི། །
བུ་སློབ་དབྱར་རྔ་ལྡིར་བའི་སྒྲ། །
ཕྱོགས་ཀྱི་རྣ་བའི་གྲོགས་སུ་མཛེས། །
ཤེས་བྱའི་ཉི་རྡུལ་ཕྲ་མོ་ཡང་། །
བློ་གྲོས་བདུད་རྩི་ལ་འཐུངས་པས། །
ན་ཚོད་མེ་ཏོག་ཉག་ཕྲ་ཡང་། །
དྲན་དབང་བྱེ་བའི་གདན་སར་མཛེས། །
མང་ཐོས་ལྷ་ཡི་བདུད་རྩི་ཡིས། །
ངོམས་པའི་བརྟུལ་ཞུགས་འཛིན་པ་དག །
གསེར་གྱི་ལྷུན་པོ་ཁྱེད་དྲུང་ན། །
ཉི་ཟེར་བ་མོའི་རྗེས་སུ་བལྟ། །
གཞན་ཕན་བྱང་སེམས་ཡལ་འདབ་གྱིས། །
སྒེག་པའི་ལང་ཚོར་ཡིད་ཕྱོགས་ཏེ། །
རྡུལ་སྙེད་གྲངས་ཀྱི་འགྲོ་བའི་སྙིང་། །
ཁྱེད་ལ་གཏོད་པའི་མཐའ་མ་རིག །
ཚེ་སྔོན་བསོད་ནམས་གསེར་གྱི་ནོམ། །
བསགས་པའི་སྐྱེ་རྒུའི་རལ་བའི་ནགས། །
ཁྱེད་ཞབས་གུར་ཀུམ་ལ་རེག་པས། །
ཐར་བའི་སྟེགས་ལ་ངལ་གསོ་བྱེད། །
ལུང་རྟོགས་འོད་ཀྱི་སྣང་བ་ཅན། །
གཤེན་བསྟན་འཇའ་གུར་འཁྱིལ་བའི་གདུགས། །
བཤད་སྒྲུབ་དཔུང་བས་འདེགས་པའི་སྟོབས། །
རྒྱལ་བ་རྣམས་ཀྱིས་ཁྱོད་ལ་བྱིན། །
གང་གི་ཞབས་སེན་མུ་ཏིག་གི །
དོ་ཤལ་འཐོར་བའི་ཁུག་པ་རེར། །
རྒྱལ་བསྟན་འཛིན་ལ་སེམས་དཔའ་བ། །
རྒྱུ་སྐར་འཛུམ་པའི་ཟོལ་ལ་བལྟ། །
ལས་ཉོན་རྟ་བདུན་རྒོད་མ་ཁ་ཡི་ལྕེས། །
འཁྱུད་པས་གདུང་བའི་ལུས་ཅན་འགྲོ་བ་ཀུན། །
སྒྲོལ་བའི་དམ་བཅའ་དཔུང་བས་ཁུར་བཏེགས་ཏེ། །
འཕྲིན་ལས་མེ་ཏོག་ཕྱོགས་ཀྱི་ཚལ་ལ་བཀོད། །
གང་གི་ཐབས་ཤེས་གསེར་གྱི་མདའ་མོ་ཡིས། །
མ་དག་བདུད་ཀྱི་གཡུལ་ངོ་ཕམ་བྱས་ཏེ། །
སྐྱེ་རྒུ་བདེ་བ་ཆེན་པོའི་རྒྱལ་ཐབས་ཆེར། །
ངལ་གསོའི་དབུགས་དབྱུང་ཐོབ་ལ་སུ་མི་མཚར། །
བྱས་བསགས་ལས་ཀྱིས་འབོད་པའི་གཡབ་མོ་ཡིས། །
མགྲོན་དུ་བཀུགས་པའི་རྣམ་ཤེས་བུང་བའི་ཁྱུ། །
བདེ་བའི་ཟེའུ་འབྲུའི་ཏོག་གི་གུར་ཁྱིམ་དུ། །
བཀོད་པའི་འཕྲིན་ལས་འདི་ཀོ་ཁྱེད་ལས་སུ། །
མཁྱེན་རབ་ཡལ་འདབ་ཕྱོགས་སུ་རྒྱས་པའི་རྩེར། །
མདོ་སྔགས་ཟུང་གི་གཡུར་ཟའི་ལོ་འབྲས་ཀྱི། །
ཟིལ་དངར་རྫོགས་པ་འདི་ཀོ་འགྲོ་བ་ཀུན། །
ཐར་བའི་བདེ་ལམ་བགྲོད་པའི་ཐེམ་སྐས་ཉིད། །
ཁེངས་དྲེགས་སྦྲུལ་གྱི་ཞགས་པ་ཡིས། །
བཅིངས་པའི་ལོག་སྨྲ་སྲིན་པོའི་མགྲིན། །
མཁྱེན་དཔྱོད་མདའ་མོས་བསྣུན་པའི་གཏམ། །
སྐབས་གསུམ་ཚལ་ན་ངོ་མཚར་འཛིན། །
གཤེན་བསྟན་གསེར་གྱི་རི་བོ་ཆེ། །
བསོད་ནམས་ས་གཞིས་མ་ཐེག་པར། །
རེ་ཞིག་ནུབ་པའི་མཚན་མ་ལ། །
ཁྱེད་སྐུའི་ཁྱོར་བ་གཅིག་གིས་བཏེགས། །
མང་ཐོས་གསེར་གྱི་ཁུ་བ་ལ། །
སྲེད་ཞེན་གདུང་བའི་ལྕེ་བོར་བའི། །
སྐྱེ་སྤྲུལ་ནགས་ཀྱི་འབྱུང་བོ་ཁྱུས། །
མུན་པའི་རོ་ལ་ཟས་སུ་ཟ། །
སྙིགས་མའི་ནགས་ཀྱི་ཚང་ཚིང་ལ། །
བཅའ་བའི་ལྟ་ངན་ཝ་སྐྱེས་ཚོགས། །
ལུང་རིགས་ཟུང་གི་སྡེར་ཁྱིམ་གྱིས། །
སྙིང་ལ་འཇིགས་པའི་མདའ་མོ་བྱིན། །
དཔྱད་སྟོབས་རིག་པར་སྒྱིད་ལུག་པའི། །
གྲགས་སྐམ་གཉེར་བའི་རྩོམ་པ་ལ། །
ཁྱེད་གསུང་ལེགས་བཤད་ཀེ་ཏ་ཀས། །
རང་མཚང་རྙོག་མ་དྲུངས་ནས་ཕྱུངས། །
ལུགས་གཉིས་དཔྱོད་ལ་ལྐུགས་པའི་མགྲིན། །
སྲིད་འབྱོར་ཧུབ་ཀྱིས་འདྲེན་པ་ཡི། །
མིང་གི་ཟུར་ཕུད་གཡོ་བ་དག །
ཞབས་སེན་འཁོར་ལོས་ལྗིད་ཀྱིས་མནན། །
ལང་ཚོའི་ཉི་མ་ནུབ་ཏུ་ཁ་ཕྱོགས་ནས། །
ཉམ་ང་སྲིན་པོའི་གཟན་དུ་ཉེ་ན་ཡང་། །
རྙེད་དང་བཀུར་བསྟིས་ངོམ་པའི་སྐྱེ་སྤྲུལ་ཕལ། །
མཐོང་བས་སྐྱོ་བ་སྙིང་ལ་ཆུ་བཞིན་གྲང་། །
སྤྱི་བོའི་སྙེ་མ་ཁྱེད་ལ་གུས་དུད་ནས། །
དབང་ལུང་ཁྲིད་ཀྱི་མན་ངག་ལྷ་ཡི་ཆབ། །
ཅི་དགར་ལེན་ལ་རངས་པ་གང་དག་ནི། །
རབ་དགའི་ས་ལ་མྱོས་པའི་རྣམ་འགྱུར་སྟོན། །
ལེགས་བཤད་གསེར་གྱི་ཁུ་བ་ཡིས། །
བྲན་པའི་ངག་རིག་ན་ཆུང་མའི། །
སྒྱུ་རྩལ་ལང་ཚོའི་འཇོ་སྒེག་ལ། །
དབྱངས་ཅན་མགྲིན་པ་དཀྱོགས་ནས་བལྟ། །
ཕྱོགས་ཀྱི་རྒྱལ་ཁམས་མཁས་པའི་འབབ་སྟེགས་ལ། །
མི་འཇིགས་སེང་ཆེན་སྤོབས་པའི་འགྲོས་བོར་ཏེ། །
རྣམ་དཔྱོད་རིག་པའི་རླབས་ཀྱི་འཕྲུལ་འཁོར་གྱིས། །
ཕྱོགས་འཛིན་སྟུག་པོའི་སེང་རས་ཚལ་བར་གཤགས། །
ཁྱད་པར་གཤེན་བསྟན་སྣང་བརྙན་རི་མོ་འབུམ། །
དུས་གཅིག་འཆར་བའི་བྱུང་རབས་མེ་ལོང་ཆེ། །
རྣམ་དཔྱོད་སོར་མོས་རྩལ་གྱིས་བཏེགས་པ་ན། །
མཁས་རྣམས་ཁེངས་པའི་སྟེགས་ལས་འབབ་ལ་རྩོམ། །
མཁའ་ཡི་རྒྱུ་སྐར་ཚལ་ལ་ཅོ་འདྲི་བའི། །
སྟོན་དང་བསྟན་འཛིན་རྗེས་འཇུག་རིམ་བྱོན་གྱི། །
བྱོན་བཞུགས་མཛད་རྣམ་རྩིས་ཀྱི་ཕྲེང་བ་ལ། །
སྤེལ་བའི་མེ་ཏོག་གཟུ་བོའི་བློ་ཡི་དཔྱིད། །
ལྔ་ཕྲག་སྙིགས་མའི་རྙོགས་པའི་མཚོ་ཆེན་ལ། །
འཐུངས་པའི་ཕྱོགས་ལྷུང་གདོན་གྱི་སྣ་ཞགས་ཅན། །
བསྟན་ལ་སྡང་མིག་གཡོ་བ་དེ་དག་ལ། །
གཡས་འཁྱིལ་མགྲིན་པ་ལྷག་བསམ་སྟོབས་ཀྱིས་བུས། །
རང་གཞན་གཞུང་ལུགས་ཀུན་ལ་མིག་ལོང་བའི། །
ཅ་ཅོའི་ཚིག་གིས་མྱོས་པའི་ནེ་ཙོ་མཁན། །
ལོག་སྨྲའི་ནགས་རྫོབ་གནས་སུ་བཅའ་བ་ལ། །
ཡང་དག་བདེན་པའི་མཁའ་ལམ་གསལ་བར་བྱས། །
ལོག་འཚེ་ངན་གོམས་རི་མོའི་འདབ། །
འཁྱོག་ལ་འཕྱང་བའི་ཐ་སྙད་མཁན། །
ཁྱེད་གསུང་ཚིག་གི་མདའ་མོ་ལ། །
མ་བཟོད་ལྐུགས་པའི་གྲལ་དུ་འཚངས། །
གང་སྐུ་མཁྱེན་རབ་འོད་ཀྱི་ཉི་མ་ཆེ། །
མཁའ་མཚམས་གྲངས་ཀྱི་ཤིང་རྟས་ཉེར་དྲངས་ཏེ། །
གདུལ་བྱའི་པདྨོར་སྙིང་རྗེ་འོད་ཞགས་ཀྱིས། །
འཁྱུད་འདིར་རྒྱལ་རྣམས་དགྱེས་པའི་རོལ་མོ་བརྡུངས། །
ལས་ཉོན་རླུང་གི་སོ་ཁ་ནས། །
བདས་པའི་སྡུག་བསྔལ་ཁུར་ནོན་པའི། །
འགྲོ་རྣམས་བསམས་བཞིན་སྙིང་རྗེ་ཡི། །
འོ་མའི་གྲུ་ཆར་དགུང་ནས་འཇོ། །
ལྔ་ཕྲག་སྙིགས་མའི་བསོད་ནམས་ས་གཞི་ཡིས། །
ཁྱེད་སྐུའི་གསེར་གྱི་ལྷུན་པོ་མ་ཐེག་པར། །
རེ་ཞིག་སྒྱུ་མའི་དབྱིངས་སུ་ཉེར་བསྡུས་པས། །
འགྲོ་རྣམས་གདུང་བ་མཆི་མའི་ཀློང་དུ་འབབ། །
གང་ཞིག་སྲིད་པའི་ནགས་སུ་ནི། །
མ་ཡིས་བོར་བའི་བུ་ཆུང་བཞིན། །
སྡུག་བསྔལ་རྒོད་མ་ཁའི་འོབས་སུ། །
མནར་བ་སྙིང་རྗེའི་ཡུལ་དུ་དགོངས། །
མཁྱེན་རྩལ་འོད་ཀྱི་ཐིག་ལེ་འབུམ། །
གཟུགས་ཅན་བཞིན་དུ་བབ་པ་ཡི། །
གསུང་རབ་གསེར་གྱི་གླེགས་ཐག་གི །
མདུད་པ་སུ་ཡིས་བཀྲོལ་བར་ནུས། །
ཞི་བསིལ་བདེ་བའི་དཔལ་འཇོ་བ། །
མདོ་སྔགས་དར་གྱི་ཤམ་བུ་ཡིས། །
གཡོ་བའི་གཤེན་བསྟན་གདུགས་དཀར་མོ། །
འདེགས་པའི་དཔུང་ཤེད་སུ་ཡིས་ངོམ། །
ད་ཡང་འགྲོ་བའི་སྙིང་གི་གའུ་རུ། །
བཅང་པ་གང་ཁྱེད་ཀ་དག་ཀློང་ཡངས་ལས། །
སྒྱུ་མ་མཚན་དཔེ་སྤྲུལ་བའི་སྐུར་ཟློས་ཏེ། །
འགྲོ་བའི་དོན་ལ་གཟུགས་ཅན་བཞིན་དུ་མཛོད། །
དམན་པའི་གདུལ་བྱར་མཆོག་གི་ཐུགས་རྗེ་ཡི། །
ཞགས་པས་ནམ་ཡང་མཛའ་བ་མི་གཏོང་ཞིང་། །
འགྲོ་རྣམས་ཐིག་ལེ་གཅིག་ཏུ་བཟླུམས་ཀྱི་བར། །
འཕོ་མེད་གསེར་གྱི་ཁྲི་ལ་གཏན་བཞུགས་མཛོད། །
དེ་ལྟར་ཁྱེད་ཞབས་པདྨོ་ལ། །
བསོད་ནམས་སྲད་བུ་ཉག་གཅིག་གིས། །
སྦྲེལ་བའི་སྐལ་བཟང་འདི་རྙེད་ནས། །
རྟོགས་བརྗོད་རོལ་མོ་ཆར་དུ་དཀྲིགས། །
སྒོ་གསུམ་དད་པའི་མེ་ཏོག་གི །
འདབ་མ་ཁྱེད་ལ་ཉེར་བཏུད་དེ། །
དབྱངས་ཅན་མགྲིན་པའི་ཁྱིམ་གཅིག་ནས། །
མཆོད་སྤྲིན་འགྱུར་ཁུགས་གླུ་རུ་དྲངས། །
ཆེན་པོའི་རིགས་དང་ཆེ་བའི་མིང་གི་ཐོབ། །
འབད་པའི་ཁུར་གྱིས་ངལ་བ་མི་བསྟེན་ཞིང་། །
ཕལ་བའི་ཁྱིམ་ན་ཕལ་བའི་ཕལ་བ་བས། །
དད་པའི་མཆི་མ་ཚོན་གྱིས་རི་མོར་བྲིས། །

༧རྗེ་བླ་མ་གང་གི་རྟོགས་པ་བརྗོད་པ་འདི་ནི་རང་འདྲའི་ཐ་མལ་བའི་འོས་སུ་མིན་མོད་ཚོགས་གཉིས་རླབས་ཆེན་བསགས་པའི་རྒྱུ་རུ་དམིགས་ཏེ་ཉིད་ཀྱི་འབངས་སུ་གྱུར་བ་བསོད་ནམས་གཡུང་དྲུང་ངམ་ཁྲི་སྲས་དྲུག་འགྱུར་དུ་འབོད་པས་རྗེ་བླ་མར་གསོལ་བ་ཕུར་ཚུགས་སུ་བཏབ་ནས་སྤྱི་ལོ༢༠༡༨ལོའི་ཟླ༨པའི་ཚེས༢༣ཉིན་བྲིས། །

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།