ཡིད་སེམས་སྐྱོམ་པའི་གདུང་འབོད།

རྩོམ་པ་པོ།གྱེར་སྔགས་གཡུང་དྲུང་ཚེ་རིང་། རྩོམ་ཁུངས།རེབ་གོང་བོན་མང་དྲ་བ།

ཐུགས་ཉིད་ཀ་དག་ལྷུན་གྲུབ་གཉུག་མའི་གཤིས།།
གསུང་དབྱངས་ལུང་རྟོགས་ཡོན་ཏན་ཕྲག་བརྒྱའི་བཅུད།།
སྐུ་མཆོག་ཀུན་ཏུ་བཟང་པོ་དངོས་དང་མཉམ།།
ཡབ་རྗེ་བླ་མ་བདག་གི་སྙིང་དབུས་རོལ།།

བདག་འཛིན་རྦད་བཅད་ཡེ་ཤེས་གུར་ཁང་དབུས།།
སྐྱེ་འགག་གནས་གསུམ་བྲལ་བའི་འཁྲུལ་ཞིག་པ།།
སྙིགས་དུས་བསྐལ་ཁུག་གསོ་བའི་གྱེར་སྤུངས་ཆེ།།
ནམ་མཁའ་རྒྱལ་མཚན་ཞབས་ལ་གུས་པའི་འདུད།།

རྨད་བྱུང་བརྩེ་ཆེན་འོ་མའི་གྲུ་ཆར་ལས།།
མན་ངག་ཀུན་འདུས་ལེགས་གསུང་བོན་གྱི་བཅུད།།
ལས་ལྡན་སློབ་ཚོགས་ཐར་བའི་བཀྲིད་དྲངས་སླད།།
ངལ་མེད་སྤོབས་པའི་བསྩལ་བས་སྐུ་དྲིན་ཅན།།

རིས་མེད་བསྟན་འགྲོའི་གཙུག་གི་རྒྱན་གཅིག་པུ།།
ཀ་དག་ཁྲེགས་ཆོད་ལྷུན་གྲུབ་ཐོད་རྒལ་སོགས།།
ས་ལེར་མཁྱེན་པའི་གྲུབ་ཆེན་རིན་པོ་ཆེ།།
སྔར་མེད་སྒྲུབ་གྲྭ་མང་པོ་བཏབ་འདི་བསྟོད།།

རྩ་རླུང་གཏུམ་མོ་ཨ་ཧཾ་འབར་འཛག་དང་།།
དགའ་བཞི་ཡེ་ཤེས་ངོ་བོ་ལྷུན་གྲུབ་པ།།
བདེ་སྟོང་ལྷ་སྐུའི་དཀྱིལ་འཁོར་ཡོངས་སུ་རྫོགས།།
གྲུབ་པའི་དབང་ཕྱུག་ཁྱེད་འདྲ་སྲིད་འདིར་བྲལ།།

ཀ་དག་རིག་པའི་རང་མདངས་རང་ཤར་རྗེ།།
བློ་བུར་མི་རྟག་སྒྱུ་མའི་ཚུལ་བསྟན་ཏེ།།
སྐུ་ཡི་བཀོད་པ་ཀ་དག་དབྱིངས་དེངས་བས།།
བདག་སོགས་སློབ་ཚོགས་སྐྱབས་མེད་མགོན་མེད་གྱུར།།

མི་ཟས་ཀུན་སྤངས་ཏིང་འཛིན་ཟས་རོལ་ཞིང་།།
རི་དྭགས་རྨས་མ་ཅི་བཞིན་དབེན་གནས་འགྲིམ།།
འདོད་ཆུང་ཆོག་ཤེས་ས་གསུམ་འདྲེན་པའི་དཔལ།།
མི་མངོན་དབྱིངས་ནས་ཐུགས་རྗེས་མྱུར་གཟིགས་མཛོད།།

བདག་སོགས་ལས་ངན་མ་གྱུར་འགྲོ་བའི་མགོན།།
ལན་གཅིག་བསྡུས་པས་གཟུགས་སྐུ་ཉི་མའི་མདངས།།
རྟེན་འབྲེལ་ཟབ་མོའི་མཐུ་དཔལ་ལ་བརྟེན་ནས།།
ཡང་སྲིད་ཉི་གཞོན་མྱུར་ཏུ་འབྱོན་པར་ཤོག།

             ཅེས་པ་འདི་ནི་སྙིགས་དུས་ཀྱི་འདྲེན་སྟོན་ཆེན་པོ་སྟེ་གསང་སེམས་བསྟན་པའི་མངའ་བདག ངེས་དོན་གྱི་གྲུབ་བརྙེས་རྣལ་འབྱོར་བ་ཆེན་པོ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་མ་དག་གདུལ་བྱའི་སྣང་ངོར་མི་རྟག་པའི་ཚུལ་མཛད་ནས་གཟུགས་སྐུའི་བཀོད་པ་རེ་ཞིག་བོན་དབྱིངས་སུ་བསྡུས་པར་ཡིད་སེམས་གདུང་བས་མནར་བཞིན་གྱེར་སྔགས་གཡུང་དྲུང་ཚེ་རིང་གིས་ཁྲོ་རྒྱལ་སྤྱི་འདུལ་གྱི་ཐུན་མཚམས་སུ་སྦྱར་བས་དེ་བཞིན་དགེ་བར་གྱུར་ཅིག    ཛ་ཡནྟུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།