༄།།སྐྱོ་བའི་མིག་ཆུ་སྐྱུར་མོ།

རྩོམ་པ་པོ།ཁྲི་ཀུར་གུམ། རྩོམ་ཁུངས།རེབ་གོང་བོན་མང་དྲ་ཚིགས།

ཏི་སེའི་གངས་ཀྱི་འདབས་རོལ་ན།།
མ་པང་མཚོ་ཡི་འགྲམ་རྒྱུད་ན།།
ཞང་ཞུང་སྒོ་བའི་ནང་རོལ་ན།།
སུམ་གླང་གྱིམ་ཤོད་མཁར་ནང་ན།།
ཡབ་ནི་བསོད་ནམས་ཚེ་བརྟན་དང་།།
ཡུམ་ནི་ཚེ་ལྷ་རྣམ་གཉིས་ལ།།
ཡ་མཚན་ལྟས་དང་བཅས་པ་ཡི།།
སྲས་སུ་འཁྲུངས་པའི་རྒྱལ་སྲས་ཏེ།།
གྲུབ་དབང་མུ་ལ་ཝེར་ཞིའི་མཚན།།
ཚེ་སྔོན་ལས་ཀྱི་ཚོགས་བསགས་དང་།།
འཇའ་ལུས་ཉེར་བཞིའི་བྱིན་རླབས་ཀྱིས།།
སྐུ་ན་ཕྲ་ཡང་འཁོར་བ་ལ།།
སྙིང་པོ་མེད་པ་རྟོགས་གྱུར་ཏེ།།
རྩེ་བླ་མཆོག་སྤྲུལ་རྒྱལ་མཚན་དྲུང་།།
རབ་བྱུང་སྡོམ་པ་མནོས་དང་ལྷན།།
དམར་ཟས་ཕྱི་དྲོའི་ཁ་ཟས་སོགས།།
རྒྱུན་དུ་སྤོང་བའི་བརྟུལ་ཞུགས་བཟུང་།།
ཁྱད་པར་འཇའ་ལུས་གཙུག་ཕུད་མདུན།།
སྔོན་འགྲོའི་གདམས་ཁྲིད་ལེགས་གསན་ཏེ།།
བསགས་སྦྱོང་ཉལ་འགྲོའི་རྒྱུན་ལྟར་བསྐྱངས།།
ཡང་སྒོས་ཀུན་མཁྱེན་ཤར་རྫ་ཡི།།
མཛོད་ཆེན་རྣམ་ལྔའི་ཡང་སྙིང་བཅུད།།
དངོས་གཞིའི་རྩ་རླུང་བཅུད་ལེན་དང་།།
འཁོར་འདས་རུ་ཤན་བསགས་སྦྱོང་སོགས།།
ཉམས་བཞེས་གནད་དུ་བསྣུན་པ་ཡི།།
དཀའ་སྤྱད་རྡོ་རུས་ཐུག་པ་མཛད།།
ཁྱད་རྟགས་གཞན་ལས་འབུར་དུ་ཐོན།།
སྒྲུབ་གྲྭའི་དུས་ཡལ་བར་གསེང་དུ།།
ཏི་སེ་གངས་དང་བོན་རི་སོགས།།
གནས་འབྲེལ་སེམས་ཀྱིས་ཁུར་བཞེས་ཏེ།།
བརྐྱང་ཕྱག་སྐོར་བརྒྱ་བཞེངས་སྐབས་ཀྱི།།
དགེ་བརྩོན་ཟུང་འབྲེལ་སྟོབས་མཆོག་གིས།།
གཞན་ཡིད་བཀུགས་པ་ལན་གཅིག་མིན།།
དགུང་ལོ་སོ་གཉིས་བཞེས་པའི་སྐབས།།
རྩ་བའི་བླ་མའི་བཀའ་དགོངས་བཞིན།།
སེང་གེ་གནམ་མཐོང་རྩེ་ཡི་མགུལ།།
རི་དྭགས་རྨས་མ་བཞིན་དུ་ནི།།
གཅིག་པུ་དབེན་པར་བཞུགས་པའི་ངང་།།
ཨ་རུ་བཅུད་ལེན་ཉམས་སུ་བླངས།།
ཁ་ཟས་ཤུག་འབྲས་ཙམ་ལ་བརྟེན།།
མཚན་མོའི་གཟིམས་ལ་བཤོལ་བ་དང་།།
ལྟ་བ་རྫོགས་པ་ཆེན་པོ་ཡི།།
ཐོད་རྒལ་ཁྲེགས་ཆོད་གདན་ལ་བཏིངས།།
འོད་གསལ་ལྷུན་གྲུབ་གོས་སུ་མནབས།།
ཐབས་ཤེས་ཟུང་འཇུག་གཤོག་པ་བརྐྱངས།།
མི་ལོ་བཅུ་ཕྲག་འདའ་བར་མཛད།།
དེ་ལྟར་རྒྱུན་དུ་སྤྱད་པ་ཡིས།།
ལྷ་དང་བླ་མས་ལུང་བསྟན་བྱུང་།།
གྲུབ་པའི་རྟགས་རྣམས་གསལ་ལེར་འཁྲུངས།།
སྙན་པའི་གྲགས་པ་ཕྱོགས་ཀུན་མཆེད།།
དད་ལྡན་བུང་བ་སྤྲིན་བཞིན་འདུ།།
འཁོར་འབངས་བྱམས་པའི་སེམས་ཀྱིས་སྐྱོང་།།
སྐྱ་སེར་ཕོ་མོ་དབྱེར་མེད་དང་།།
བན་བོན་གྲུབ་མཐའ་རིས་མེད་སྒོས།།
གནད་ལ་འཁེལ་བའི་བོན་སྦྱིན་གནང་།།
རྒྱུ་དང་ནོར་གྱིས་ཚོགས་སྦྱིན་བཏང་།།
སྒྲིབ་གཉིས་རྣམ་པར་བྱང་བ་དང་།།
ཚོགས་གཉིས་ཡོངས་སུ་རྫོགས་པ་ཡིས།།
འགྲོ་རྣམས་སྨིན་གྲོལ་ལམ་དུ་བཀོད།།
དེ་ལྟར་སྐུ་དྲིན་བརྗོད་མི་ཚར།།
བསམ་ཞིང་བསམ་ཚེ་སྐྱོ་བ་དང་།།
བརྗོད་ཅིང་གླེང་ཚེ་སྡུག་པ་ལ།།
མཁའ་ཡི་ཉི་མ་འོད་པོ་ཆེ།།
སྒྲ་གཅན་ནག་པོས་ཟིན་དོན་ཅི།།
ས་ཡི་ཨུ་དུམ་མེ་ཏོག་ཡང་།།
གློ་བུར་ཟེའུ་འབྲུ་ཐོར་དོན་གང་།།
མགོན་ཁྱོད་མཇལ་བའི་བསྐལ་པ་ནི།།
ལྡན་པར་མ་གྱུར་ཡིད་རེ་སྐྱོ།།
གསུང་གི་བདུད་རྩིའི་ཐིགས་པ་ཙམ།།
མྱངས་པའི་བསོད་ནམས་དམན་གྱུར་པས།།
འགྱོད་ཅིང་གདུང་བ་འཁུར་གྱིས་ལྕི།།
དེའི་ཕྱིར་བདག་སོགས་དད་ལྡན་ཀུན།།
དྭ་ཕྲུག་མས་བོར་ཇི་བཞིན་དུ།།
གྱུར་བས་ཡིད་སེམས་མནར་བའི་ཁར།།
སྐྱོ་བའི་ཤུགས་རིང་ནར་ནར་དང་།།
གདུང་བའི་མིག་ཆུ་ཕྲོམ་ཕྲོམ་ཟགས།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།