སྟོད་ཀྱི་མྱི་བོ།

རྩོམ་པ་པོ། སྐྱིད་སྲས་དགེ་ལེགས་ཉི་མ།

ལ་སྟོད་གངས་ཀྱི་ཐོད་པའི་རུས་ལ་གཤེན་གྱི་ཨཱོྃ་ཡིག་འཁྲུངས་པའམ།།
དྭངས་གཙང་མཚོ་ཆེན་ལྟེམ་པའི་དཀྱིལ་ལ་སྡོང་ལོ་ལྷོད་ཀྱིས་བབས་པ་གང་།།
བོད་ལ་བབས་པའི་ཀ་ཡིག་ཨེ་རེད་དེ་ཡི་གདངས་ཞིག་འཐོར་ནས་འདུག།
མཚོ་ཆུང་ཁ་ནས་འཕུར་བ་ཨེ་ཡིན་ཆུ་ཡི་གཉེར་རིས་འགུལ་བཞིན་འདུག།

གངས་ལ་ཐོགས་པ་འདབ་མ་ཨེ་རེད་གཞུང་རྟའི་ཡལ་གར་འཆུས་ནས་འདུག།
འདབ་མ་གངས་ལ་འཐིམ་པ་ཨེ་རེད་གངས་དང་འདབ་མ་གཅིག་ལ་གྲུབ།།
སྟོད་ཀྱི་མྱི་བོ་ལ་ཐོད་ཅན་པོ་ཁྱེད་ཉིད་ཨེ་རེད་སྟོད་ནས་ཕེབས།།
ཞོན་རྟ་ཁམ་པ་རྔོག་རིང་ཨེ་ཡིན་གོམ་པས་རླུང་བུ་འཐག་ནས་བྱོན།།

སྤྲིན་གྱི་དུམ་བུ་དཀྲིས་པ་ཨེ་རེད་ལ་ཐོད་དཀར་པོས་དབུ་རྒྱན་ཅན།།
མཁའ་ལས་མུ་ཏིག་འཐོར་བ་ཨེ་རེད་ཤེལ་གྱི་ཐིགས་པའི་ལྭ་འདབ་ཅན།།
གནམ་གྱི་མྱི་བོའི་ཞབས་སྟེགས་ཨེ་ཡིན་ཉི་ཟླའི་མཐོངས་ལ་ཉེ་འདུག་སྐད།།
ཁྱེད་ཉིད་མིག་གི་ནག་ཐིག་ཨེ་རེད་ག་ཤེད་མིག་ལ་ལྷུང་ནས་འདུག།

སྲབ་མདའ་དཀར་ནག་བལ་ལ་བརྒྱུས་པ་དགེ་སྡིག་རྐྱ་འཐབ་བྱས་པའམ།།
འོད་ཟེར་ལྷ་ཡི་རྨུ་ཐག་ཨེ་རེད་དཀར་ནག་སྤྲིན་པ་བྲེས་པ་གང་།།
ལྷ་ཡིས་གཏད་པ་དབུ་ཞྭ་ཨེ་ཡིན་ལྷ་ཆེན་རྩེ་ལ་ཕེབས་ཡོད་སྐད།།
ཤོན་གྱི་གོམ་སྟབས་བོན་སྐོར་ཨེ་རེད་མ་བཅོས་རང་འཁོར་ཡིན་སྐད་འདུག།

ཁ་འབབ་ཆུ་བོའི་འགྲམ་ངོགས་ཕ་བོང་འབྲོང་གིས་རྣེའུ་ཆུང་བརྡར་བ་ནས།།
ཕུ་སྟོད་ཏི་སེ་གངས་ཐོད་རྩེ་མོ་ཁྱེད་ཀྱི་དབུ་ལ་ཐོགས་པ་ཡིན།།
ཨ་ཀྱོག་པ་ཀྱོག་གཙང་བོ་ངོས་སུ་ཁྱེད་ཀྱི་གཟུགས་བོངས་འགྱུར་འདུག་སྐད།།
རྒྱུ་འབྲས་ཉ་ག་སྨིན་དཔྲག་དེད་པས་ཐོད་ལ་གཉེར་རིས་བབས་འདུག་གམ།།

རྨིག་གོར་གཞོང་ཆེན་གཙབ་པའི་མཐའ་རྒྱན་སྐར་འོད་ཟགས་པའི་རི་མོ་ལ།།
བྱང་ཐང་འབྲོང་རྒོད་གཟེ་བའི་འཁྲིས་སུ་རི་ཆེན་ཐང་ཆུང་རྫི་གླུས་འཁུར།།
འབྲོག་མོའི་མཁུར་མགོ་དམར་ཁས་ལྡག་པས་སྐྱེངས་པའི་ཕྲ་ཆུང་རྐྱང་འདྲོག་ཅན།།
མ་པང་གཡུ་མཚོའི་གཏིང་དུ་ལྷུང་བའི་སྤྲིན་དཀར་དེ་དང་ཨེ་མཚུངས་སམ།།

འུར་མཐིལ་གོར་མོ་རྡོ་བས་མནན་ནམ་དྲན་པའི་ཡོལ་གོར་སྨུག་པས་བཟུང་།།
ཆ་རུས་སྒོག་པའི་ཟེའུ་གཞོང་ལྟེམ་པ་འོ་མ་རེད་དམ་བརྩེ་བ་གང་།།
གདངས་ཁུགས་ཚིག་ཡིབ་སྣ་གླུ་ཟ་ཟི་རྒྱང་ལ་གཏད་དམ་རྩིབ་ལ་འཐེན།།
འབྲི་མོའི་མཁལ་ཁུག་མགོ་བོ་གླན་ན་དངན་པ་རིང་འཐེན་ཨེ་འཆོར་ཀི།།

ཉི་ནུབ་སྲོད་བསྲེས་སྲོད་ཉིད་རྨི་ལམ་འདྲེས་ཤིང་སྐྱ་རེངས་སྔོ་རེངས་བཀྱགས།།
ཀྱ་ཀྱུའི་བྱེའུ་སྐད་སྙན་དུ་ལྷུང་ཚེ་གཡང་ལུགས་དེའུ་རྩར་རྫིང་གློད་ཞོར།།
གཡུ་སྔོན་རྣ་ཏོག་སེར་བུའི་སྒུལ་ཞིང་སླེས་སྐྲའི་ལན་ཕྲུགས་ཕྲག་ན་ལྡེམ།།
ཉི་ཟེར་སྐ་རགས་རི་ལ་འཐེན་པ་ཐུན་གསུམ་རྨི་ལམ་ཨེ་འདྲ་འདུག།

མདང་གི་སྨུག་སྤྲིན་མདུན་དུ་ཟགས་ནས་རྒྱང་ལ་མཛུབ་མོ་མ་ཀེར་དང་།།
ཞོགས་པར་མིག་ཆུ་སྒྲུག་རོགས་ཡིན་ཞེས་སྤྲིན་པས་རྣ་རྩ་ཨེ་བརླན་ཀི།།
རྩྭ་རྩེར་བབ་པའི་ཆུ་ཐིགས་ལྷུང་ཚེ་ཁྱོས་ཀྱང་མིག་ཆུ་འབྱིད་རོགས་ཞེས།།
སྨྲེངས་པ་སྐྱོམས་པའི་ཆུ་ཟོ་ཁ་ལ་བརྟན་པོའི་ཤིང་གོར་ཨེ་འཇོག་གི།

སྦྲ་འཚུབ་ཟེར་འོད་སྒྱེད་པུར་ལྷུང་ཞིང་ཉི་རྡུལ་མཛུབ་མོ་བར་ནས་འཐོར།།
ཕུགས་བསམ་བསྙད་པའི་དུད་ཞགས་འཁྱར་འཁྱོར་སྤྲིན་པའི་གུད་དུ་ཡང་ཡང་སྦ།།
ཅུང་ཙམ་འཐོར་བའི་ཉི་འོད་ཁྲལ་ཁྲུལ་མཁུར་མཚལ་མགྲིན་པར་འཁྱུད་པ་ན།།
རྟ་བོ་གྲུག་ཤ་འབྲེང་ལྕག་གཞུ་བའི་སྟོད་ཀྱི་མྱི་བོ་ཨེ་དྲན་ཐ།།

ཐང་སྟོང་རྡོ་ཆག་རི་ལ་སྐྱེལ་ནས་བཙན་གྱི་མཁར་རྫོང་ཡིན་མདོག་དང་།།
ཞོལ་རྩིད་ཤིང་ཕྲན་ཉག་ཁར་བཀུག་ནས་སྐུད་འཁེལ་སྦྲ་རྒན་སྒོ་ཆོན་གསབ།།
རྡོ་རྡེའུ་དཀར་ནག་རུག་རུག་བྱས་ནས་ནོར་ལུག་དབྱེ་བ་དགར་བ་ན།།
ཟླ་འོད་སྦྲ་འཚུབ་མཐོང་ཀར་ལྷུང་ཚེ་རྨི་ལམ་ཞིང་ཁམས་གསལ་བ་ཡིན།།

                                                              2020-06-20 ཉིན།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།