སྲིད་པའི་ཞང་ཞུང་།

རྩོམ་པ་པོ། འཕན་འོ་མཚོ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།


འབྱུང་བའི་མངལ་ལ་འོད་སྒོང་བྲུས་ཙམ་ཆགས།།
སྣོད་བཅུད་ལས་ཀྱི་སྣང་བ་རིམ་གྱིས་མཆེད།།
ཕྲུམ་གྱི་ཟིལ་ལ་དུང་སྒོང་རྩེན་ལྡིང་ཅན།།
སྨོན་པ་མི་བོ་ལུམ་ལུམ་འབར་བ་སྲིད།།

སྒྲོན་མེའི་བསྐལ་བར་རྫོགས་ལྡན་བསྐལ་བཟང་ཅན།།
སངས་རྒྱས་རབ་དགུ་འབར་བའི་ཉི་མའི་མགོན།།
ལས་ཀྱི་མཐའ་ལ་སྨོན་པའི་མཐུ་བཙན་པ།།
མི་མཇེད་ཞིང་འདུལ་གསལ་བའི་ཁྱེའུ་གསོལ།།

ཤེལ་གྱི་རི་ལ་ཁ་བའི་ག་བུར་བརྩེགས།།
ཀེེ་ལ་ཤ་ཡིས་བསྐོར་བའི་མུ་ཁྱུད་བཙན།།
དྭངས་པའི་མཚོ་ལ་ཟེགས་མའི་རླབས་ཕྲེང་འཕྱོ།།
དྲི་གཞོན་གཡེར་བག་རྒོད་པའི་བསིལ་མོ་ལྗོངས།།

འཇའ་བའི་གཟུགས་ལ་རིག་པའི་ཁ་ཚར་ཅན།།
གཡུང་དྲུང་རྨུ་ཐག་རིང་མོ་ཐགས་སུ་བཀྲ།།
དུང་གི་མདངས་ལ་བྱམས་པའི་རྫི་ངད་ཅན།།
ཏི་སེ་སྤོ་རུ་རྨུ་སྐས་གདངས་བུ་ཕབ།།

དབྱིག་འཛིན་ས་ལ་བསྐལ་བའི་འཕར་ལྡིང་ཅན།།
འོལ་ལུང་རིང་མོར་གསས་མཁར་ཁྲི་སྨོན་བརྗིད།།
མི་ཡི་ལུས་ལ་ལྷ་ཡི་རྣམ་ཤེས་ཅན།།
དམུ་རྒྱལ་སྲས་པོ་གཤེན་རབ་མཚན་དཔེ་བཞད།།


ཁྱེའུ་གསལ་བ་ལོ་ཀར་གཤེགས་པའི་མདོར།།
ས་དགུ་དབང་བསྡུ་གོམ་དགུའི་བརྡ་རུ་སྟོན།།
སྲིད་པའི་ཆག་ཤིང་གཡུང་དྲུང་ཁམས་སུ་ཕབ།།
སིལ་མའི་རྒྱལ་ཕྲན་བྱིན་ཆར་གསུང་གིས་བསྡུས།།

མུ་སྟེགས་གདུག་པར་མེ་ཏོག་མདའ་རུ་བྱིན།།
གསང་བའི་བཀའ་སྒྲོམ་འཕྲུལ་གྱིས་ཛ་ལ་རམ།།
བྱམས་བརྩེའི་ངད་ཀྱིས་ཕས་རྒོས་རུ་ཏྲ་འཇགས།།
མི་དགེའི་རྩ་བ་མ་རིག་དགྲ་རུ་བརྡུངས།།

ཡེ་མེད་ངང་ལ་ཡེ་རིག་ཆོ་འཕྲུལ་འགྱུ།།
སྟོང་གསལ་མི་རྟོག་ཐབས་ཤེས་ཟུང་དུ་འཇུག །
འབྱུང་བའི་བཅུད་ལས་འབྲུ་ལྔའི་འཕྲོ་འདུ་དགོད།།
འཕྲུལ་ཡིག་བཞི་བཅུའི་བརྡ་ཐབས་རིས་སུ་བཀོད།།

ཕྱི་ནང་གསང་བས་སྟོང་ཁམས་བདེ་རུ་བཀོད།།
སྒོ་བཞི་མཛོད་ལྔས་ཁམས་གསུམ་ཁ་ལོ་བསྒྱུར།།
ཐེག་པ་རིམ་དགུས་སྐལ་ལྡན་གྱེན་དུ་འདྲེན།།
མཛད་ཕྲིན་བཅུ་གཉིས་གདུལ་བྱའི་དོན་ལ་སྤྲོས།།

ལྷ་ཀླུའི་ཞིང་ལ་བཀའ་འཁོར་ཚིག་བཞི་བསྐོར།།
ཞང་ཞུང་ཚལ་ལ་རིག་པས་འོད་ཁྱིམ་བཞེངས།།
སྟག་གཟིག་ཡུལ་གྱི་ཤུལ་ལམ་མདའ་ཡིས་དྲངས།།
སྤུར་རྒྱལ་བོད་ལ་རྒྱུ་བོན་སྐྱ་རེངས་དྲངས།།



བསྐལ་བའི་ཏོག་ཏུ་འགྱིང་བའི་སྲིད་པའི་མིག །
མཚལ་རིའི་མདུན་སར་གཡུ་ལོ་བཀོད་པ་ཞེས།།
དུས་ཀྱི་རླུང་དང་ལས་ཀྱི་བཀོད་པ་ཡིས།།
མ་འཇིག་བུ་ཡུག་ཁ་རྩར་ལྷམ་མེར་སྣང་།།

མཁའ་ལྡིང་དབང་བོ་ཕྱྭ་རྗེ་ཁྱུང་གི་རྒྱུད།།
སེ་ཁྱུང་སྦྲ་ཡི་གདུང་རུས་གཙང་མ་སྟེ།།
ཞང་ཞུང་རུ་བའི་རྒྱུ་སྐར་དོ་ཤལ་མ།།
སྒོ་ཕུག་བར་གསུམ་ཁྱུང་གི་འཕྲུ་དར་གཉན།།

འོད་གསལ་ལྷ་ཡི་མི་རྗེ་ཝེར་མའི་གདུང་།།
བྱ་རུ་བཅོ་བརྒྱད་ཕྲེང་བའི་རྒྱུད་ཐག་བརྟན།།
མངའ་མཛད་བཅུ་གཉིས་གཤེགས་པའི་ཀ་ཅུ་རུ།།
ཁྲི་སྡེ་བརྒྱད་ཅུ་སྙན་པའི་བ་དན་མཐོ།།

དགྲ་བླ་རྩལ་ཆེན་ཁྱུང་གི་རུ་ཐུར་རྩེར།།
སྲེག་པ་མེ་ཡི་ལྕེ་འབབ་གློག་ལྟར་འཁྱུགས།།
ཞང་བོད་ཡུལ་ལ་བསྟན་པའི་ཕོ་ཉ་བ།།
བརྟན་མ་བཅུ་གཉིས་སྲིད་པའི་ཟོ་དོར་མྱུར།།

གཤེན་གྱི་དམུ་ཡད་ཞང་བོད་ཚལ་ལ་བྱབས།།
ཏིང་འཛིན་བདེ་དྲོད་གདུལ་བྱའི་ཁམས་ལ་བྲན།།
ཞང་བོད་རིག་པའི་རྨང་མཁར་མཐའ་ནས་རྒྱས།།
ལོ་རྒྱུས་གཙང་མའི་བཞུར་རྒྱུན་བསྐལ་བར་བརྟན།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།