བླ་མ་དྲན་པའི་གདུང་དབྱངས།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

རྩོམ་པ་པོ། དྲུང་མུ་གྱེར།

སྲིད་པའི་ཕུན་ཚོགས་སྲིན་མོའི་གར་དུ་གཟིགས།།
ཞི་བའི་བདེ་བ་ཡིད་བཞིན་ནོར་དུ་མཐོང་།།
འགྲོ་དྲུག་བུ་རུ་འཛིན་པའི་སེམས་དཔའ་བ།།
རྩ་བའི་བླ་མ་ཁྱེད་ཉིད་གང་དུ་བཞུགས།།
སྲིད་པའི་སྒྲོན་མེ་འོད་དུ་འཚེར་ན་ཡང་།།
མི་རྟག་སྤྲིན་ནག་གཡོས་པའི་ཟློས་གར་གྱིས།།
བློ་ལྡན་པད་མ་དཀར་པོ་མ་བཞད་པས།།
བརྩེ་ཆེན་ཐུགས་ཀྱི་སྐྱ་རེངས་གསལ་བར་ཤོག།
གཞན་ཕན་ཆར་ལྡན་སྒེག་མོའི་མཛེས་ཉམས་ལ།།
རོལ་འདོད་བྷྲ་མ་ར་ཡི་གཤོག་རླབས་ནི།།
དུག་གསུམ་རླུང་གིས་བསྒྱུར་བ་མ་ཡིན་པར།།
དད་གསུམ་ཤུགས་ལས་དྲངས་པ་མཁྱེན་པར་མཛོད།།
དྲན་པའི་མེ་ལོང་བྱི་དོར་བྱས་ན་ཡང་།།
སེམས་པའི་མཁའ་དབྱིངས་སྤྲིན་གྱིས་གཡོགས་པ་འདིས།།
མིག་མཐའི་མཆི་མ་ཆར་བའི་རྒྱུན་བསགས་ཏེ།།
ཁྱེད་ཀྱི་ཡོན་ཏན་རྒྱ་མཚོའི་ཀློང་ལ་བསྲེས།།
འཆད་ཁྲིད་ཁུ་བྱུག་སྔོན་མོའི་མགྲིན་གླུ་ཡིས།།
སྒྲ་འཛིན་ལྷ་མོར་འཛུམ་མདངས་ཤར་བའི་དུས།།
མི་རྟག་དགུན་གྱི་གཤེད་མའི་ཆོ་འཕྲུལ་ལ།།
བཀར་བཏགས་ཕྱག་རྒྱ་དང་པོའི་མཚན་ཉིད་བྱིན།།
འབྱུང་བཞིའི་མགྱོགས་འགྲོར་ཁ་ལོ་བསྒྱུར་བའི་དབང་།།
འབྱོར་ཡང་གདུལ་བྱའི་མྱུ་གུ་སྨིན་པའི་ཐབས།།
བཞེས་པའི་སེམས་དཔའ་ཕྱུགས་རྫི་དར་མ་ཁྱོད།།
ཉེས་བྱེད་འཕར་སྤྱང་འགོག་པར་ད་བྱོན་ཅིག།
གཞན་སྡེར་བདེ་སྐྱིད་ལང་ཚོ་རྫོགས་པ་འདི།།
དོན་ལྡན་དོན་གྱི་རྩེ་མོ་ཡིན་ན་ཡང་།།
འགྲན་སེམས་རྒས་པའི་སེམས་ཀྱི་རྨ་ཁ་འདི།།
སོས་སླད་ཁྱེད་སྐུའི་ས་བརྟོལ་ད་འཁྲུངས་ཤོག།
སྙན་གྲགས་གཡུ་འབྲུག་ཕྱོགས་བཞིར་ལྡིར་བའི་སྒྲས།།
མ་བཟོད་ལོག་སྡེའི་ས་གཞི་ཡོམ་ཡོམ་འདར།།
ཡིན་ཡང་དད་ལྡན་མདོངས་མཐའ་དགྱེས་པའི་གར།།
མ་ཉམས་དར་ཚོན་སྣ་ལྔའི་གུར་ཁྱིམ་རྒོད།།
མ་རྟོག་འབྱུང་བྱའི་མཐོང་ཡུལ་མ་ཡིན་པའི།།
རྣམ་རྒྱལ་ཕོ་བྲང་ས་ལ་བབས་པ་འདི།།
སྨིན་གྲོལ་གླིང་གི་དཔྱིད་ཀྱི་དཔལ་མོ་ཞེས།།
རིག་འབྱུང་གྲོང་ན་མཛེས་པའི་རྒྱན་དུ་གླེང་།།
འདི་འདྲའི་ཉམས་ལྡན་སུམ་རྩེན་ཞིང་ཁམས་ལ།།
ཆགས་ཞེན་ཞགས་པ་ཡོངས་སུ་དོར་ན་ཡང་།།
སྔ་མའི་ལས་འཕྲོ་སྐལ་ལྡན་སྐྱེད་མོས་ཚལ།།
ལྷག་བསམ་འོད་སྟོང་ཅན་གྱིས་ད་སྐྱོངས་ཤིག།
ཁྱེད་ཀྱི་བློ་ཆེན་རྒྱ་མཚོའི་གོས་ཅན་ལ།།
ཡོན་ཏན་རྒྱ་མཚོ་འཁྱིལ་བས་ངལ་ན་ཡང་།།
བློ་གསལ་ཉ་མོ་འབུམ་ཕྲག་འཁྱུག་པའི་རྩལ།།
རྫོགས་པའི་ཞིང་ཁམས་ཡིན་ནོ་བླ་མ་ལགས།།
ཁྱེད་ཀྱི་ཡོན་ཏན་ལྗོན་བཟང་གཅིག་གིས་ཀྱང་།།
གདུལ་བྱའི་མོས་འདུན་ཡོངས་སུ་སྐོང་ནུས་ན།།
གང་ལ་གང་འདུལ་དེ་ལ་དེར་སྟོན་པའི།།
གཞལ་མེད་རིན་ཆེན་ནོར་གྱི་གྲངས་དེ་གང་།།
དབང་ལུང་ཁྲིད་ཀྱི་རིན་ཆེན་དོ་ཤལ་གྱིས།།
བློ་ཡི་བག་མར་མཛེས་སྡུག་རྒྱན་སྤྲས་པའི།།
གྲངས་སུ་ནམ་མཁའི་སྐར་ཚོགས་དཔེར་དམན་ཞེས།།
སྐབས་གསུམ་གནས་ན་ཨིནྡྲའི་སྤྱན་སྟོང་ཟུམ།།
དེ་བཞིན་འདི་ནའང་གྲྭ་ས་རྒྱ་མཚོ་དང་།།
ཕུར་ཐོགས་སྟོང་དང་དགུ་བརྒྱ་དབུར་བཞུགས་པའི།།
གྲངས་མེད་གདུལ་བྱའི་སྨྲ་བའི་འབབ་སྟེགས་ནི།།
དྲན་གདུང་རླུང་གིས་སྐྱོམ་པ་དོན་རེ་ཆུང་།།
རླབས་ཆེན་སྤྱོད་པ་རྒྱལ་སྲས་དར་མའི་སྟོབས།།
སྐལ་བར་བབས་པའི་བསོད་ནམས་ཆེ་ན་ཡང་།།
ཞིང་ཁམས་གཞན་ནས་བཞུགས་པ་དོན་ཆུང་ཞེས།།
བླུན་པོས་བབ་ཅོལ་སྨྲ་བའི་སྒོ་མ་ཁེགས།།
རྒྱལ་བའི་བཀའ་ལས་དབྱུག་པས་དབང་འཕྲོད་པ།།
བདག་གི་བསམ་དོན་དར་གྱི་རྩེ་མོ་ལ།།
ཁྱེད་སྐུ་ལུང་རིགས་འཁོར་གསུམ་གོ་ཁྲབ་བཅས་།།
མི་རིང་མྱུར་དུ་འབྱོན་པའི་བཀྲ་ཤིས་ཤོག།

ཅེས་པ་འདི་ནི་གཡུང་དྲུང་དབང་རྒྱལ་ལམ་མིང་གཞན་དྲུང་མུ་གྱེར་དུ་འབོད་པ་བདག་གིས་སྤྱི་ལོ་མཁའ་ལག་སྟོང་ཟུང་གི་ས་ག་ཟླ་བའི་དམར་ཕྱོགས་སྟོང་བ་དང་པོའི་ཉི་དྲོས་སྦྲུལ་གྱི་དུས་ལ་བྲིས་པའོ།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།