ཡབ་རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་རྗེས་སུ་དྲན་པ་མ་བཅོས་ངག་རིག་བརྡོལ་བའི་དབྱངས།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

ཡབ་རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་རྗེས་སུ་དྲན་པ་མ་བཅོས་
ངག་རིག་བརྡོལ་བའི་དབྱངས།

རྩོམ་པ་པོ། སྐྱིད་སྲས་དགེ་ལེགས་ཉི་མ།

ཕྱོགས་ཞེན་སྒང་གཞོང་འབུར་བའི་གཉའ་བ་དག།
རིས་མེད་ཐོས་པ་བརྒྱ་ཡིས་འཇོམས་མཛད་ཅིང་།།
རིགས་ཀྱི་གསས་མཁར་གོག་པོའི་རྩིག་པ་དག།
དཀའ་བའི་རྔུལ་ཆུས་གསོས་པའི་བོན་བརྒྱ་བ།།
མཇུག་མ་མ་གཏོགས་མགོ་བོ་མེད་པ་ཡི།།
རིགས་ཀྱི་ལོ་རྒྱུས་རྡོ་རྗེ་སྐེད་བཟུང་ཅན།།
བཙུགས་པའི་རྩྭ་རྐང་འཇིག་ལ་འཕངས་པ་ཡི།།
གནམ་ལྕགས་རྒྱང་མཐོང་མཛད་པའི་བོན་བརྒྱ་བ།།
རྒྱལ་རབས་ལོ་ཚིགས་མི་མཐུན་འགྲོས་རྐང་དག།
མ་རིག་མགོ་བོར་གཟེངས་པའི་སྐྲ་ཉག་རྫོང་།།
ཞིབ་འཐག་རིག་ལམ་རལ་བ་དུམ་གཅིག་ཏུ།།
དཀྲིས་མཛད་བསྟན་རྩིས་མཛད་པའི་བོན་བརྒྱ་བ།།
རང་ལུགས་དབུ་ཡི་ཅོད་པན་མ་བྱས་ཤིང་།།
གཞན་ལུགས་ལྷམ་གྱི་ཡུ་བར་མ་བཟུང་བས།།
སྟོན་གཉིས་སྤྱན་ཟུང་གཡས་གཡོན་བརྩི་བ་ཡི།།
རང་གཞན་རྒྱལ་ས་ཟིན་པའི་བོན་བརྒྱ་བ།།
བོན་རྙིང་དགེ་གསུམ་ས་སྟེགས་གཅིག་གི་སྟེང་།།
གཤེན་ཤཱག་དཀྱིལ་འཁོར་བཟུང་བ་གཅན་ལྔའི་ཁྲིར།།
ཞབས་བཅགས་མཛད་ཅིང་ཉམས་ལེན་གནད་ཀྱི་མཐིལ།།
དམར་ཁྲིད་མཛད་པའི་སྐྱབས་མགོན་བོན་བརྒྱ་བ།།
བཟུང་བའི་མི་ཟིན་རྟ་རྒོད་གཤོག་ཐོགས་ཅན།།
གཟུང་འཛིན་སེམས་ཀྱིས་འཛིན་འདོད་ངལ་བའི་རྒྱུ།།
གློད་པའི་ཚེ་ན་གམ་དུ་ཉེ་བཅར་བའི།།
རང་གྲོལ་ཆེན་པོར་རྟོགས་པའི་བོན་བརྒྱ་བ།།
རྒྱུ་འབྲས་ཐ་སྙད་བློ་ལ་མི་ལྟོས་ཤིང་།།
སྣང་བ་མ་འགག་རྒྱན་དུ་ཅི་ཡང་འཆར།།
ཉིད་ཞལ་ཉིད་ཀྱིས་མཇལ་བ་ལྟ་བའི་མཆོག།
ཀུན་བཟང་རྒྱལ་ས་ཟིན་པའི་བོན་བརྒྱ་བ།།
ཡིག་འབྲུ་ལྷ་སྐུ་བསྐྱེད་པའི་གོ་རིམ་དང་།།
ལྷ་མཚན་སེམས་སུ་བསྡུ་བའི་རྫོགས་རིམ་སོགས།།
མང་སྤེལ་ཉུང་ཕྲི་རྩོལ་བཅས་རབ་སྤངས་པའི།།
རྩོལ་མེད་ལྷུན་གྲུབ་རྫོགས་པའི་བོན་བརྒྱ་བ།།
སེམས་ཀྱིས་བཙལ་ན་རིང་སུ་བྲོས་པ་དང་།།
རྟོག་པས་བཞག་ན་རྫུན་དུ་གྲུབ་པ་ཡི།།
ཡུལ་དང་ཤེས་བྱ་མིན་པའི་ལྟ་བ་དེ།།
རང་རིག་ཁོ་ནས་གཟིགས་པའི་བོན་བརྒྱ་བ།།
གཡུ་འབྲུག་དར་མ་ངར་ལུགས་མི་ཤེས་ཤིང་།།
གངས་ཀྱི་སེང་གེའི་རྩལ་སྟོབས་མ་ངེས་པའི།།
འོན་པའི་རྣ་བར་དེ་ཀུན་མི་འགྲོ་བའི།།
རླུང་བརྟེན་ཤིང་བལ་འཛིན་འདོད་བློ་འདི་མཚར།།
མ་རིག་མུན་པ་སྟུག་པའི་མཛོད་ཁང་དུ།།
རྣམ་རྟོག་རྫས་ཁྲ་འགོག་པའི་གཉེན་པོ་རུ།།
གཟུང་འཛིན་རྐུན་མ་བོས་པའི་རྩེད་མོ་དག།
འཁོར་བའི་ཆོ་མེད་ཟློག་ཅིག་བོན་བརྒྱ་བ།།
ཉོན་མོངས་བཙོན་བཟུང་བསམ་པའི་འདུ་ཤེས་ཀྱིས།།
ཐང་ཆེན་དཀྱིལ་ལ་དཀྲིས་ནས་ཕྱོགས་སུ་ཡིབ།
མཐའ་ནས་དཀྱིལ་ལ་རྒྱུགས་པས་ཕྱོགས་སུ་གཏོར།།
འཛིན་སྟངས་འདི་འདྲ་གཟིགས་ཚེ་ངལ་བྱུང་ངམ།།
ཉོན་མོངས་རྐྱང་རྒོད་མགོ་ནས་འཛིན་པ་ལ།།
འཇབ་ནས་རྐང་ལ་འཐམ་པའི་བླུན་རྟགས་འདིས།།
བཞི་འཕྲས་ཁ་སྣ་སྐྲངས་པའི་ཐེག་དམན་པ།།
ཡང་རྩེ་ཐེག་པར་བྲིད་ཅིག་བོན་བརྒྱ་བ།།
གནས་ཚེ་དྲན་སླ་གྲོལ་དཀའ་གཞི་ཡི་གཤིས།།
འཆི་དུས་དྲན་དཀའ་གྲོལ་སླ་བོན་ཉིད་གསལ།།
འཁོར་བ་མྱང་འདས་དབྱེ་བའི་ལ་ཚིགས་ནས།།
སངས་རྒྱས་ཡོན་ཏན་ཇག་པས་ཆོམས་ཤིག་ཀྱེ།།
ཁ་ཟས་སྡིག་གིས་ཕྱེ་བའི་སྒོ་གོང་ན།།
ཟག་པ་སྣབས་རིང་དྲུད་པའི་འདོ་མེད་གང་།།
ཁྱེད་སྐུ་སྒོམ་ལ་ཉེ་བར་འདྲིས་བྱས་ནས།།
བྱིན་རླབས་མི་ཐོགས་མྱུར་དུ་འཇུག་གྱུར་ཅིག།

2020-08-26ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།