༄༅།། མཆོད་པའི་ཨུ་དུམ་ཝ་ར་རྒྱན་དུ་འབར།།

རྩོམ་པ་པོ། དྲུང་མུ་གྱེར། རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

དགེ་ལེགས་ཉི་མ་འབུམ་གྱི་འོད་སྣང་དང་།།
ལྷུན་གྲུབ་རིག་པའི་རྒྱ་མཚོ་རྒྱས་པའི་དཔལ།།
གདུལ་བྱའི་ས་གསུམ་མཛེས་བྱེད་ཆར་ལྡན་མ།།
བཞི་རྫོགས་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ།།
སྐུ་བརྙན་རྒྱལ་ཀུན་འདུས་པའི་རང་བཞིན་ལ།།
གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་ལྡན་པས། 
ཐུགས་བཀོད་ལྷ་ཡི་དཀྱིལ་འཁོར་རྫོགས་པ་འདི།།
འཛམ་གླིང་མཛེས་པའི་རྒྱན་དུ་མི་འགྱུར་རམ།།
བསོད་ནམས་སྟོན་གྱི་འབྲས་བུ་ཡོངས་སྨིན་ཞིང་།།
ཚེ་རིང་འཆི་མེད་བདུད་རྩིར་དབང་འབྱོར་བ།།
གང་གི་བློ་སྟོབས་ལྷ་ལམ་ཡངས་པོ་ནས།།
གཏོང་ཕོད་རྟ་བདུན་དབང་བོ་འཛུམ་པ་རྨད།།
ཕུར་ཐོགས་རྒྱུ་སྐར་དབུས་ཀྱི་ཟླ་བ་ཁྱོད།།
རང་རིགས་ཨུཏྤལ་བཞད་པའི་གཉེན་ཡིན་པས།།
ཀུན་རྟོག་ཆུ་ཟླའི་གཟུགས་སུ་ཤར་བ་ཡང་།།
ལེགས་ཚོགས་བསོད་ནམས་བསྡུ་བའི་དཔལ་དུ་ཆེ།།
དྲན་པའི་མེ་ལོང་ཡངས་པའི་དཀྱིལ་འཁོར་ནས།།
ཤེས་བཞིན་ལྷ་སྐུའི་གཟུགས་བརྙན་ཡོངས་མཐོང་བ།།
ཁྱེད་ཀྱི་བསོད་ནམས་ཀ་བ་རིང་པོ་ཡིས།།
བོན་གྱི་གདུང་མ་བཏེགས་པ་ཨེ་མ་རྨད།།
དྲིན་ལན་གསེར་གྱི་གཉའ་ཤིང་འདེགས་པའི་སྟོབས།།
སྟོབས་སུ་སྨིན་པའི་བསོད་ནམས་ཆུ་གཏེར་ཆེ།།
ཆེ་བའི་ལུང་གིས་གྲུབ་པའི་དབང་ཐང་གིས།།
སྙན་གྲགས་གཡུ་འབྲུག་ལྡིར་བ་རྒྱུན་མ་ཆད།།
རིང་ནས་གཡུང་དྲུང་བསྟན་པའི་སྒོར་ཞུགས་ནས།།
ཚེ་ཡི་ལོངས་སྤྱོད་རྒྱ་མཚོར་འགྲན་པ་དང་།།
བསོད་ནམས་ནོར་བུ་གྲུབ་པའི་དན་རྟགས་སུ།།
ང་འདྲ་མ་ཡི་སྐུ་བརྙན་ལེགས་པར་གྲུབ།།
ཨེ་མ་རིག་འཛིན་ཁྱེད་ཀྱི་བློ་གྲོས་དང་།།
སྙིང་སྟོབས་གདོང་ལྔ་ཁྲོས་པའི་གླལ་བསྒྱིངས་ཀྱིས།།
མ་རུང་བདུད་གཤེད་བཅོམ་པའི་ནུས་པ་འདིས།།
བསྟོད་བསྔགས་གངས་རིའི་རྩེ་མོ་ཁྱེད་ལ་དབང་།།
མི་ཡི་ལུས་ལ་ལྷ་ཡི་དབང་འབྱོར་བའི།།
བསོད་ནམས་ལྷུན་གྲུབ་ཡོངས་འདུའི་ལྗོན་བཟང་ལ།།
ཚེ་ཡི་ཡལ་འདབ་འབུམ་ཕྲག་རྒྱས་པ་དང་།།
དངོས་གྲུབ་འབྲས་བཟང་ཡུན་རིང་སྨིན་པར་ཤོག།
གཡུ་འབྲུག་སྔོན་མོ་འཁྱུག་པའི་རོལ་རྩེད་དང་།།
སྐད་ཅིག་གློག་ཞགས་འགྱུ་བའི་ངང་ཚུལ་ཡང་།།
དམན་སར་འགོད་པ་ཁྱེད་ཀྱི་བློ་གྲོས་ནི།།
སོ་སོ་སྐྱེ་བོས་སྨྲ་བསམ་བརྗོད་མེད་ཡུལ།།
བསྟོད་བསྔགས་ཞུགས་ཆེན་འབར་བས་མ་གསོས་ཞིང་།།
སྨད་པའི་འདམ་གྱིས་མ་བསྒོས་པད་དཀར་བཞིན།།
གདུལ་བྱ་རྐང་བ་དྲུག་པ་སྟོང་ཕྲག་གི།།
དད་འདུན་སྦྲང་རྩིར་རོལ་བའི་གནས་སུ་འཁུམས།། 
མདའ་དབང་བགྲང་བྱའི་ཕུལ་བྱུང་ལོ་རྒྱུས་ཕྲེང་།།
འཛིན་ཕྱིར་ཨིནྡྲས་སྤྱན་སྟོང་ལོངས་སྤྱད་ཀྱང་།།
མ་མཐོང་གསང་གསུམ་རོལ་བའི་འགགས་མེད་རྩལ།།
རང་རིག་ཨནྡརྴ་རུ་རྣམ་པར་གསལ།།
འདི་ཕྱིའི་ལོངས་སྤྱོད་འཛད་མེད་ནོར་གྱི་གཏེར།།
གཏེར་ཆེན་མཁས་གྲུབ་མགུ་བའི་རྒྱན་ཆ་ཆེ།།
ཆེ་བའི་ལུང་གིས་བསྔགས་པ་འཕགས་པའི་ལམ།།
ལམ་དུ་འཁྱེར་བའི་རིག་འཛིན་རྒྱལ་གྱུར་ཅིག།
དཔའ་བའི་གདེང་ཐོབ་མཛངས་པའི་ཟིལ་ཤུགས་རྒྱས།།
ཕུན་ཚོགས་དཔལ་འཛོམས་གཞན་ཕན་ལང་ཚོ་རྒྱས།།
ལེགས་ལམ་ཀུན་འདུས་རྒྱལ་གཤེན་ནོར་བུ་ཁྱེད།།
ནོར་བཟང་འཕེལ་ཁ་རྫོགས་པའི་གཏེར་བདག་ཉིད།།
སྐུ་མཆོག་ཟུར་ཕུད་ཀྱིས་མཛེས་ཕུར་བུ་འཛིན།།
ཞལ་གསུང་དབྱངས་སྙན་འཁྱིལ་བ་ཁུ་བྱུག་གདངས།།
ཐུགས་ཉིད་རྒྱ་མཚོའི་མཇིངས་ལས་རབ་བརྒལ་བའི།།
རིག་འཛིན་ཁྱེད་འདྲ་སྲིད་ན་ཡོད་རེ་སྐན།།
དཔག་མེད་བསོད་ནམས་ཆུ་གཏེར་རྒྱས་པའི་རླབས།།
ཚེ་འདིའི་སྒྲུབ་སྦྱངས་མཁའ་ལ་འཕྱུར་བའི་མཐུས།།
གྲངས་མེད་གདུལ་བྱ་མྱུ་གུའི་རྩ་བ་རུ།།
དད་འདུན་འཚར་ལོངས་འབྱུང་བའི་སྟོབས་སུ་བྱིན།།
ཟླ་མེད་རང་བཞིན་བཙོ་མའི་རང་མདངས་ལ།།
ཟླ་བོར་འགོད་པ་མཁའ་ཡི་པདྨོ་ནི།།
སྙན་ཚིག་མཛེས་མའི་རྒྱན་དུ་གྲུབ་པ་ཙམ།།
མ་ཡིན་རྟ་བདུན་དབང་བོའི་འོད་སྣང་བཞིན།།
ལུས་སེམས་ཉི་ཟླ་གསལ་བའི་འོད་སྣང་གིས།།
བསྐྱེད་པའི་སྒྱུ་རྩལ་འདབ་བརྒྱ་རྒོད་པའི་ཕྲེང་།།
རྣམ་པར་མཛེས་པས་བིཤྭཀརྨ་ཡི།།
ང་རྒྱལ་དབུ་འཕང་སྙེ་མ་ས་ལ་ལྷུང་།།
བཀའ་དང་བཀའ་རྟེན་ལྷུན་པོར་བརྩེགས་པ་དང་།།
བླ་མ་ཡི་དམ་བསྟན་སྲུང་ལྷའི་དཀྱིལ་འཁོར།།
ཀུན་ཚང་སྒྲུབ་པའི་གནས་མཆོག་དམ་པ་འདི།།
དོན་ལྡན་ཚངས་པའི་ཐིག་ལས་ཡང་དག་གྲུབ།།
རྣམ་རྒྱལ་ཕོ་བྲང་ས་ལ་བབས་ན་ཡང་།།
གསས་ཁང་བཀྲ་ཤིས་རབ་བརྟན་ཕུན་ཚོགས་གླིང་།།
ཕྱི་ནང་འདོད་དགུའི་རྟེན་འབྲེལ་ཀུན་འཛོམས་པ།།
སྒར་ཆགས་དགོན་གྱི་གཟི་བྱིན་དཔལ་དུ་འབར།།
ཕལ་བའི་བློ་ཡི་ས་གཞིར་མ་ཤོང་བའི།།
བསོད་ནམས་རི་རྒྱལ་ལྷུན་པོའི་རྩེ་མོ་ནི།།
ལེགས་ཚོགས་ཡོངས་འདུ་ས་བརྟོལ་རྒྱས་པའི་གཞིར།།
ངེས་ཕྱིར་ཚེ་རིང་ལོངས་སྤྱོད་ཁྱེད་ལ་དབང་།།
གང་གི་ཐབས་མཁས་ཐུགས་རྗེས་ནུས་ཤུགས་ཀྱིས།།
འདི་ཕྱིའི་ཕུན་ཚོགས་སྟོན་གྱི་འབྲས་བུའི་བཅུད།།
རིང་ནས་གྲུབ་པས་ཚེ་ཡི་སྒྲུབ་པ་ལ།།
བསོད་ནམས་དབྱར་མཚོ་རྒྱས་པའི་རྟེན་འབྲེལ་ཤར།།
སྨོན་འཇུག་སེམས་ཀྱི་ལྷ་ལམ་ཡངས་པོ་ནས།།
དངོས་དོན་ཉི་གཞོན་འཛུམ་པའི་འོད་སྣང་ལ།།
མ་བཟོད་ཉིན་མོའི་སྐར་མའི་གཟུགས་བརྙན་ནི།།
མིག་གི་དབང་བོའི་ཡུལ་ལས་རིང་དུ་འགོངས།།
སྨད་པའི་འདམ་གྱིས་མ་གོས་རང་བཞིན་གཙང་།།
བསྟོད་པའི་དབྱངས་ཀྱིས་མ་བཏེགས་གཙུག་གི་རྒྱན།།
མ་བཅོས་ལྷུན་གྱིས་གྲུབ་པའི་ཕུར་ཐོགས་ཁྱོད།།
ང་འདྲ་མ་ཡི་དཔལ་བསྐྱེད་ང་འདྲ་མ།།
བསོད་ནམས་སྟོན་གྱི་འབྲས་བུ་གཡང་དུ་འཁྱིལ།།
ཚེ་རིང་དབྱར་གྱི་མཚོ་མོ་ངང་གིས་འཕེལ།།
མི་འགྱུར་གཡུང་དྲུང་བོན་གྱི་བསྟནའཛིན་ཁྱེད།།
གནས་ལུགས་དོན་གྱི་དབང་གིས་རྒྱལ་གྱུར་ཅིག།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།