ཀུན་མཁྱེན་བླ་མ་དྲན་པའི་མགུར་དབྱངས།

རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

གནས་དག་པ་མཁའ་སྤྱོད་ཞིང་ཁམས་སུ།།
ཕ་གྲུབ་བརྒྱའི་གཙུག་རྒྱན་བླ་མ་བཞུགས།།
སྐུ་མི་འགྱུར་མཚན་དཔེའི་གཟི་མདངས་རྒྱས།།
གསུང་མི་འགག་དབྱངས་མགུར་ད་ལ་ལ།།
ཐུགས་འཁྲུལ་མེད་ཡེ་ཤེས་ཉི་འོད་གསལ།།
བུ་བདག་ལ་མཁྱེན་དགོངས་བརྩེ་བས་གཟིགས།།
ཁྱེད་དྲན་པའི་གདུང་བ་སྙིང་ནས་ཕྱུངས།།
དབྱིངས་དག་པ་ནམ་མཁའི་ཀློང་ཡངས་ནས།།
ཐུགས་བརྩེ་བས་བུ་ལ་ཞལ་རས་སྟོན།།
གསུང་སྙན་མོ་གདམ་ངག་བསྟན་དུ་གསོལ།།
དགོངས་རྒྱུད་ཀྱི་བྱིན་གྱིས་རླབས་ཏུ་གསོལ།།
ཉོན་མོངས་ཀྱི་དུག་རྣམས་གཞོམ་དུ་གསོལ།།
ཉམས་རྟོག་གི་ཁོ་ལག་རྒྱས་སུ་གསོལ།།
དུས་སྙིགས་མའི་རང་མདངས་ཤར་བ་ལ།།
ཐུགས་སྐྱོ་བའི་མཛད་པ་མི་སྟོན་པར།།
བྱིན་རླབས་ཀྱི་མེ་དཔུང་རབ་འབར་ནས།།
བོན་དགྲ་ཡི་ལྟ་ངན་གཞོམ་དུ་གསོལ།།
ཡེ་ཤེས་ཀྱི་ཉི་འོད་རྟག་འཚེར་ཞིང་།།
མ་རིག་པའི་མུན་པ་དྲུངས་འཇོམ་ཤོག།
ཐུགས་རྗེ་ཡི་འོད་ཞགས་ལེགས་བརྐྱང་ནས།།
བདག་སོགས་ཀྱི་སེམས་ཅན་བདེ་ལ་འཁོད།།
ཕ་བླ་མ་དྲན་པའི་གདུང་བ་འདི།།
མགོན་ཁྱེད་ཉིད་མ་གཏོགས་སུ་ཡིས་ཤེས།།
ཞལ་དཀར་གསལ་ཟླ་བའི་དཀྱིལ་འཁོར་དེ།།
དུས་ད་ལྟ་བུ་ལ་བསྟན་དུ་གསོལ།།
ཐུགས་བོན་སྐུའི་དབྱིངས་སུ་མཉམ་ན་ཡང།།
སྔོན་ཐུགས་བསྐྱེད་ཟབ་མོས་ལེགས་དགོངས་ནས།།
ཡེ་ཤེས་ཀྱི་བྱིན་རླབས་རང་བབས་ཏེ།།
སྣང་སེམས་འདི་རོ་གཅིག་རྟོགས་པར་ཤོག།
མགོན་དཔྱད་བུ་ཁྲི་ཤེས་བླ་མ་ཁྱེད།།
ནད་གདུང་བས་གཟིར་བའི་སེམས་ཅན་ལ།།
ཟས་བདུད་རྩི་སྨན་གྱི་སྦྱིན་པ་ཡིས།།
འགྲོ་སྡུག་བསྔལ་འདི་ལས་ཐར་བར་ཤོག།
ཕ་དྲིན་ཅན་དྲན་པ་ནམ་མཁའ་ཁྱེད།།
བདུད་འདྲེ་སྲིན་གདུག་རྩུབ་ཆེ་བའི་དུས།།
ཕ་ཡི་དམ་སྐུར་བཞེངས་བདུད་སྲིན་ཟློགས།།
བདག་ཉམ་ཐག་འགྲོ་བ་སེམས་ཅན་ལ།།
དུས་རྟག་ཏུ་ཐུགས་རྗེས་ཉེར་གཟིགས་ཏེ།།
བསླབ་གསུམ་གྱི་ཉམས་ལེན་མཐར་ཕྱིན་ནས།།
ས་ལྔ་ཟུང་ལམ་ལྔ་བསྒྲོད་པར་ཤོག།
བདག་དམ་ཚིག་ཆག་ཉམས་རབ་དག་སྟེ།།
སྔགས་བླ་མེད་ཉམས་ལེན་ལ་བརྟེན་ནས།།
མཐར་བླ་མའི་གོ་འཕང་འཐོབ་པར་ཤོག།

       ཅེས་པའང་ཆུ་མིག་གཅོད་འགྲིམ་སྐབས་སུ་རྗེ་བླ་མ་རིན་པོ་ཆེ་ལྷག་ཏུ་དྲན་པའི་མོད་ལ་གང་གི་སློབ་མའི་གྲལ་མཐའ་བ་སྐྱང་ནམ་པས་ཤར་མར་བྲིས་པ་དགེའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།