རིན་ཐང་གིས་ལྕི་བའི་གསེར་ནག་གི་ཕ་བོང་།

 སྐྱིད་སྲས་དགེ་ལེགས་ཉི་མ།    ( སྨན་རིའི་གླིང་།)

 ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ལས་སྤྲུལ་བའི་བྱ་རྒྱལ་ཁྱུང་ཆེན་གསུམ།།

མེ་ཏོག་གླིང་ལ་དལ་ཅིག་བབས་ནས་སླར་ཡང་མཁའ་ལ་གཤེགས་པའི་ཤུལ།།

སྦར་མོའི་དྲོད་ལས་སྲིད་པའི་ཁྱུང་སྒོང་དཀར་ནག་སེར་གསུམ་ཆགས་པའི་རྟེན།།

ཁྱུང་དཀར་ཐོག་ལ་འབར་གྱི་རྒྱུད་འཛིན་རིག་འཛིན་ཚོགས་ཀྱིས་ཤིས་པ་སྩོལ།།

 

གཡོ་རྩོལ་དྲག་པོ་རླུང་གིས་མ་གཡོས་གདོད་ནས་དག་པ་བོན་གྱི་སྐུ།།

དུག་ལྔའི་རླུང་གིས་ཐུར་དུ་འཁྱེར་བའི་རིགས་དྲུག་བྱེ་བའི་སྡུག་བསྔལ་ལ།།

བྱམས་པའི་སྤྱན་གྱིས་རིང་ནས་གཟིགས་ཤིང་ཐུགས་རྗེ་ནམ་མཁའི་དཀྱེལ་ཡངས་ལས།།

སྤྲུལ་བའི་ཉི་ཟེར་སྲིད་པའི་ཁྱུང་རབས་ཁྱུང་དཀར་ཚངས་པའི་གདུང་ལ་བབས།།

 

འབྲོང་ཆུ་སྔོན་མོ་ནུབ་ན་འཁྱུག་པའི་གཡུ་ཆུའི་རྟེན་འབྲེལ་ཐོག་མ་དང་།།

ཞོ་ལུང་ཞོ་སར་ལྷོ་ནས་འཕྱུར་ཞིང་མཁའ་ལ་འགྱིང་བའི་བརྗིད་ཉམས་ལས།།

སྨན་རི་ཕྱུག་མོ་བྱང་ན་བརྗིད་ཅིང་ཤར་ལ་ཆས་པའི་གཡས་མདུན་ནས།།

རིག་འཛིན་གོང་མའི་ལྷ་ཡི་རྨུ་ཐག་ཞོ་ལུང་རི་བོའི་འདབས་ལ་ཟུག །

 

དམ་པའི་ཀུན་སྤྱོད་བསླབ་ནས་སྤྱོད་པ་ཀུན་གྱི་ལུགས་ལ་ཡོད་མོད་ཀྱང་།།

མ་སློབ་ཆུང་ནས་གཤིས་ཀྱི་སྤྱོད་པ་རང་གཞན་ཀུན་གྱི་ཐུན་མོང་མིན།།

རིམ་པ་བཅུ་གསུམ་མཐོངས་ནས་བབས་པའི་རིགས་སད་སྐྱེས་མཆོག་ཁྱད་པར་ཅན།།

དགུང་གྲངས་བརྒྱད་ཅུར་བཞུགས་པའི་དེ་རིང་ཧི་མ་ལ་ཡའི་ཆབ་འདིས་བྲན།།

 

ལོག་རྟོག་གཤེ་སྐུར་ཚིག་མཚོན་འཁོར་ལོས་གཤེན་རབ་ཡབ་ཀྱང་སྨད་པའི་དུས།།

གདོན་འདྲེ་སྙིང་རླུང་ལོག་པའི་ཚོགས་ཀྱིས་གདོན་གཟུགས་བོན་དུ་སྒྲོ་སྐུར་དུས།།

སྙིང་རྗེ་གཏེར་ཆེན་བུམ་བཟང་ལས་བྱུང་ལྷག་བསམ་དུང་གི་སྒྲ་དབྱངས་ཀྱིས།།

རང་རློམ་ང་རྒྱལ་ཨ་འཐས་བྲག་ལ་གཏན་ཚིགས་གཡུ་ཡི་ཕུར་བ་གདབ།།

 

ཤེས་མེད་བྱིས་པ་ལོ་གསུམ་ལོན་ཚེ་ལད་ཟློས་གཏམ་གྱིས་སྒྲུང་ཡང་བཤད།།

མཁས་རློམ་ཕལ་ཅིག་དཀོར་གྱིས་འགྲངས་ན་བདེན་པའི་ལོ་ཚིགས་རྫུན་གྱིས་འཚོལ།།

ཆོས་ལུགས་ཆོས་བཞིན་སྤྱོད་པར་ངལ་བས་ཕྱོགས་ཞེན་ཡོན་པོའི་ཞལ་སྒོ་ལ།།

རིས་མེད་བསྟན་རྩིས་ཚད་མའི་ཨ་ལོང་དགུ་སྒྲིལ་གཡུང་དྲུང་རྒྱ་ཡིས་བཏབས།།

 

མི་རིགས་ཤིག་གི་ལོ་རྒྱུས་ཚད་ཤིང་ཡོན་པོའི་ལག་གིས་གཅུ་བའི་དུས།།

ཞང་བོད་ཤེས་རིག་ཉིང་ཁུའི་འབབ་རྒྱུན་ལྟག་ཆུའི་ཡུར་མགོ་གཅོད་པའི་དུས།།

ཁེ་གྲགས་ལྟོ་རྒྱབ་ཟ་ཕོར་ཆེད་དུ་དམུས་ལོང་ཟློས་གར་འཁྲབ་པའི་དུས།།

ཤེས་མེད་མནོག་ཆུང་དབུ་ཡི་སྐྲངས་ལ་དཔྱད་གསུམ་དག་པའི་ཕ་བོང་སྒྲིལ།།

 

སྒྲོ་བཏགས་སྒྲོ་ཡི་ཞྭ་མོ་ནག་པོ་ཞྭ་དཀར་བསྟན་ལ་མེད་ན་ཡང་།།

དཔུང་དང་སྟོབས་ཀྱིས་འཕག་དབང་མ་ཕྱིན་ལོ་ངོ་སྟོང་ལ་གཞན་གྱིས་བཀབ།།

རྫུན་གཅིག་ཐེངས་བརྒྱར་བཤད་པའི་དེ་རིང་བདེན་པར་རློམ་པའི་མིག་ཅན་ལ།།

ལོ་རྒྱུས་ཤེལ་གྱི་རྒྱང་མཐོང་གསལ་པོ་ལོག་རྟོག་སྨིན་དཔྲལ་མཚམས་ལ་གཏོད།།

 

རྒྱལ་སྤྱིའི་མཁས་བརྒྱས་མཉམ་གླེང་ལྡིང་གར་ཤེས་རིག་ནོམ་ཆེན་བསྟར་བའི་དུས།།

ནོམ་ཆུང་རྩམ་སྐྱའི་ཁུག་མ་རལ་བོ་སྔངས་འདར་དྲག་པོས་སྐྱོམས་པའི་དུས།།

སོམ་ཉིའི་རྒྱ་ལ་ལོ་མང་བྱིངས་པའི་དོགས་གནད་ཕུ་ཐག་གཅོད་པའི་དུས།།

སྐྱེས་མཆོག་མི་ཡི་སེང་གེའི་གར་བཞུད་སྨྲ་བའི་སེང་གེ་གང་དེར་བཞུགས།།

 

དུས་འགྱུར་འཚུབ་མ་གཡུག་ཐེངས་གཅིག་གིས་ཕྱུག་པོའི་དཀོར་མཛོད་ཟད་པའི་དུས།།

མི་འདོད་བཙན་གྱིས་ཁྲི་ནས་ཕབ་པའི་སྐྱེས་ཆེན་ཁྲི་མུན་ཉར་བའི་དུས།།

ཞྭ་ཡི་ཁ་དོག་རང་སར་བསྐྱུར་ནས་ཕན་ཚུན་ཞྭ་བཞིན་གཙུག་བཀུར་དུས།།

འགྲོ་བ་ལྷ་ཡི་ཅི་པར་ཉིད་ཀྱིས་རིས་མེད་གཞུང་ཀུན་ཐུགས་སུ་ཆུབ།།

 

རིག་འཛིན་གོང་མའི་བདེན་པའི་ཕ་བོང་བྱང་རྒྱུད་རོང་དུ་འཕོས་པ་ནས།།

ཞང་བོད་ཤེས་རིག་ཕྱྭ་གཡང་མ་ལུས་མར་ཁུའི་ཟོལ་དུ་འཁྱིལ་བར་གྲགས།།

ཚད་མ་དྲུག་གིས་སྲང་ལ་འཇལ་ཀྱང་ཚིག་དོན་སྤུ་བཏོག་མི་མངའ་བ།།

ཚད་མའི་སྐྱེས་བུའི་རིན་ཐང་ཡིན་ཞེས་མཁས་བརྒྱའི་མགྲིན་གཅིག་དབྱངས་ལ་བསྐྱོན།།

 

རྣམ་གསུམ་རི༷ན་ཆེན་རི༷ན་གྱིས་མ་བླུས་རི༷ན་བྲལ་གསེར་ནག་ཕ་བོང་འདི།།

རྣམ་དཀར་བསྟན་པའི་རི༷ན་ཐང་བསྔོགས་པས་རི༷ན་སྤུངས་མཛོད་ཀྱི་རི༷ན་ཆེན་ཏོག།

རྣམ་སྤྲུལ་བླ་མར་རི༷ན་ཆེན་རྡུལ་བརྩེགས་རི༷ན་ཅན་དབྱུག་གི་རི༷ན་མི་མཁོ།།

རྣམ་དག་དད་པའི་རི༷ན་ཆེན་ཤོག་ལ་རི༷ན་ཆེན་སྔོན་པོའི་རི༷ན་གྱིས་འཇལ།།

 

ལྷ་ཡི་བླ་མ་བསྟན་འགྲོའི་དོན་དུ་བརྒྱད་ཅུར་བཞེས་པའི་དགྱེས་སྟོན་ལ།།

གཤེན་གྱི་སྡོམ་ཚིག་བཅུ་གསུམ་འདི་ནི་སློབ་མའི་དད་འདུན་མཆོད་པའི་སྤྲིན།།

གླང་ཆེན་བརྒྱ་ལ་ཁལ་དུ་བཀལ་བའི་རིན་ཆེན་ནོར་ངོ་མི་ཆོད་ཀྱང་།།

ཉིད་ཀྱི་ཞབས་རྡུལ་སྤྱི་བོར་མཆོད་པའི་བྱེས་སྡོད་སློབ་མའི་དད་པས་བཏེགས།།

 

ཞེས་རིས་མེད་གྲུབ་མཐའི་གཞུང་ལུགས་ཀུན་ལ་ནང་བྱན་ཆུབ་པའི་ངེས་པ་དོན་གྱི་མཁས་བརྒྱའི་ཅོད་པན་དུ་འཆང་བ། མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ནང་ཚན་༧དཔལ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག  བསྟན་འགྲོའི་དོན་དུ་སྐུ་འཚོ་ཞིང་གཞེས་ནས་དགུང་གྲངས་བརྒྱད་ཅུའི་དགྱེས་སྟོན་གྱི་དུས་བཟང་འདིར་སློབ་འབངས་ཡོངས་ཀྱི་གྲལ་མཐར་སྙེགས་པའི་སྐྱིད་སྲས་དགེ་ལེགས་ཉི་མ་ནས་འཕགས་ཡུལ་ཧི་མ་ཅིལ་གྱི་སྙིང་པོར་སྨིན་པ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་སློབ་ཁྲིད་ཀྱི་ཐུན་གསེང་ནས་དད་འདུན་མཚོན་བྱེད་དུ་གཤེན་གྱི་འབྱུང་ལྡན་༣༠༡ལོའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོར་ཕུལ་བ་དགེའོ།།  །།

རིན་ཐང་གིས་ལྕི་བའི་གསེར་ནག་གི་ཕ་བོང་།” སྟེང་དུ་དཔྱད་མཆན 6 ཡོད།

  1. ཀློག་ཐེངས་གཅིག་གིས་ཡིད་ཀྱི་སྐོམ་གདུང་བསལ་སོང་། རྩོམ་ཡིག་འདི་ཤ་ཁྲག་རྐང་གསུམ་པའི་འཛོམས་པའི་འཚོ་བཅུད་ཞིག་ཏུ་རོལ་མྱོང་བྱས་ཚར་ཡིན། ཐུགས་རྗེ་ཆེ།

    1. ལོ་རྒྱུས་བདེན་པའི་གསེར་གྲི་རྡོ་ལ་གཞུས་མཁན་དག་གི་བརླ་རྐང་བཅག་པའི་ཤ་དང་། རིགས་ཞེན་གྱི་རྩ་ལམ་ན་རྒྱུ་བའི་ཁྲག བརྗོད་བྱ་དང་རྗོད་བྱེད་ཀྱི་ལྷུ་ཚིགས་འགྲིག་ཅིང་། ཀློག་མ་ཐག་ཏུ་ཡིད་སེམས་ལ་རས་ཡོལ་ངོས་ལ་འཆར་བའི་གློག་བརྙན་བཞིན་སྒྱུ་རྩལ་གྱི་སྨྱུག་ལམ་འབུར་དུ་དོད་འདུག་པ་འདི་དག སྙན་ངག་གི་རུས་རྐང་མ་ཡིན་ནམ།

  2. དེང་སང་སྐྱིད་སྲས་ཀྱི་རླུང་རྟ་ཇེ་མཐོ་ནས་ཇེ་མཐོ་རེད། ཧ་ཧ་ཧ་་་་་བོད་ཕྱི་ནང་གཉི་ཀའི་དྲ་ཐོག་ནས་སྐྱིད་སྲས་ཀྱི་སྙན་རྩོམ་ཀློག་ཐུབ་ཀྱིན་འདུག སྨྱུག་གྲོགས་ལགས་ཀྱི་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ།

མཆན་སྤེལ་ཡུལ་ནི་ རུས་ཚག ལན་དོར།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།