ཕྲོམ་ཡུལ་ནས་མཆེད་པའི་གཡུང་དྲུང་གི་བསྭོ་སྒྲ།

rgbm

 

༡༽​ གཡུང་དྲུང་སྐུ་བརྙེས་རྣམ་འདྲེན་བརྒྱད་པ་སྟོན་པ་བླ་མེད་ཐོད་དཀར་སྲས།།
གཡུང་དྲུང་བསྟན་པ་མདོ་སྔགས་སེམས་གསུམ་སྐྱོབས་པ་བླ་མེད་འཕྲུལ་ངག་བོན།།
གཡུང་དྲུང་བསྟན་འཛིན་ཐེག་གསུམ་གཤེན་རབ་འདྲེན་པ་བླ་མེད་ཚོགས་དང་བཅས།།
གཡུང་དྲུང་བསྟན་སྲོག་འཛིན་པ་རྩ་རྒྱུད་དཔོན་གསས་བླ་མས་ཤིས་པ་སྩོལ།།
༢༽​ མདོ་གམ་སྨད་ཀྱི་ས་འཛིན་རྨ་ཆེན་པོམ་རའི་འཛུམ་ཞལ་འཕྲོ་བའི་ཞིང་།།
གནམ་སྔོན་ཐང་ལ་ལྷུང་འདྲའི་མཚོ་ཆེན་ཁྲི་ཤོག་རྒྱལ་མོའི་དམུ་ཞག་འཁྱིལ།།
རོང་ཆེན་རྣམ་བཞིའི་ཡ་གྱལ་བྱང་ཕྱོགས་ཨཀྟ་རོང་གི་ཁྱིམ་གཞིས་སུ།།
གྲུབ་པའི་གནས་ཆེན་བརྒྱད་ཀྱིས་བསྐོར་ཞིང་རིག་པ་འབྱུང་བའི་གྲོང་ཞེས་གྲགས།།
༣༽​ དབུས་ནས་རྒྱལ་བློན་ཐུགས་ལ་ཨ་གསར་ལྟ་སྤྱོད་ལས་ལ་ཐུགས་མོས་པས།།
​བཀའ་ཚིག་ཐོག་མདས་ཟབ་མོ་གྱེར་སྤྱོད་རུ་བཞི་དབུས་ནས་གྱེས་དགོས་བྱུང་།།
སྨད་དུ་དེ་དུས་བླ་ཆེན་དྲན་པ་ནམ་མཁས་གྱེར་བསྟན་ཐོ་ཆེན་བཙུགས།།
བཀར་རྟགས་རི་མོ་དུས་མཐར་ཆུ་བུར་མིག་གིས་མཐོང་སར་བཞག་པའི་ཞིང་།།
༤༽​ སྟོད་ན་སྐྱེས་ལྷ་བྱ་ཁྱུང་གངས་རི་དཀར་པོའི་དབུ་རྩེ་དགུང་དུ་ཟུག །
​སྨད་ན་དགུ་ཀླུང་དལ་འབབ་རིང་མོས་ལྷུང་ལྷུང་སྙན་གླུ་དབྱངས་སུ་གྱེར།།
​བར་དུ་གྲུབ་ཐོབ་ངོ་སྤྱི་ཁྱུང་གིས་མ་རུང་བདུད་བཙན་དམ་དུ་བཏགས།།
​གདུལ་བྱའི་ཞིང་མཆོག་དེ་རུ་ཐུགས་རྗེ་སྨོན་ལམ་རྒྱུ་རྐྱེན་ལྷན་ཅིག་འཛོམས།།
༥༽ ​གང་སྐུ་དམ་པ་ཁྱུང་གི་གདུང་ལས་མཚན་དཔེ་མེ་ཏོག་གསར་བཞད་དུས།།
ཨ་མདོའི་བྱང་ཆུབ་སེམས་དཔའ་ཆེན་མོ་གཡུང་དྲུང་ཕུན་ཚོགས་དཔལ་བཟང་པོའི།།
ཐུགས་སྤྲུལ་འཁྲུལ་བ་མེད་པའི་བཀྲ་ཤིས་རྟགས་དང་དགེ་མཚན་དུ་མ་བཅས།།
རིས་མེད་སྐྱེས་ཆེན་རྣམས་དང་ལྷ་དང་སྲུང་མས་བརྡ་ལུང་མངོན་དུ་བསྟན།།
༦༽​ གཤེན་བསྟན་སྔ་ཕྱི་ཉམས་རྒུད་ཇི་ལྟར་བྱུང་ཡང་སླར་ཡང་འཛིན་སྐྱོང་མཁན།།
​གཤེན་ཆེན་ཚེ་དབང་རིག་པ་འཛིན་སོགས་སྤྲུལ་བ་གང་གདུལ་དཔལ་དུ་ཤར།།
​གཤེན་ཆེན་གོང་མའི་ཐུགས་བསྐྱེད་སྨོན་ལམ་བཤད་སྒྲུབ་སྨན་གྱི་རི་ནས་སྨིན།།
གཤེན་བསྟན་མེ་རོ་སླར་ཡང་མདོ་གམ་སྨད་ནས་སྤེལ་བའི་ཐུགས་སྟོབས་འབར།།
༧༽​ ལང་ཚོ་གཞོན་ཀྱང་སྐྱེས་སྦྱང་རིག་པའི་དཔལ་གྱིས་ཤེས་བྱའི་དཀྱིལ་འཁོར་གསལ།།
དབང་ལུང་མན་ངག་གདམས་པ་བདུད་རྩིས་ཐུགས་ཀྱི་བུམ་པ་བྱུ་བུར་གཏམས།
​གནས་ལྔ་གཟིགས་པའི་མཁྱེན་ཡོན་རྒྱས་པས་སྐྱང་སྤྲུལ་རྒྱལ་བ་མཆོག་གིས་ཀྱང་།།
​བརྡ་དག་ཀུན་བཤད་མཁས་པའི་ཅོད་པན་དོན་ལྡན་སྙན་ཚིག་སྐྱེས་སུ་ཕུལ།།
༨༽​ རྒྱལ་བསྟན་སྤྱི་ལ་གོད་ཆགས་བྱུང་ཞིང་མཐོ་དམན་མགོ་རྟིང་སློག་པའི་དུས།།
མི་སྡུག་ཁྲིམས་རར་ཕེབས་ཀྱང་རིས་མེད་དམ་པའི་ཞལ་གདམས་བདུད་རྩི་ཐོབ།།​
སྨྱོ་ནད་ཅན་སོགས་སྐྱབས་པ་བྱང་སེམས་ཞལ་སྒོར་ཙམ་མིན་ཕྱག་ཏུ་བཞེས།།
གེགས་རྐྱེན་བྱུང་ཡང་ལྷ་སྲུང་ལུས་དང་གྲིབ་བཞིན་འཁོར་ཞེས་ངོ་མཚར་གླེང་།།
༩༽​ འབྱུང་འགྱུར་བསྟན་ལ་དམིགས་ནས་གསུང་རབ་གླེགས་བམ་བསྐྲུན་པའི་སྟ་གོན་སྒྲུག།།
​གྱེར་དབྱངས་འབུད་རྡུང་ལ་སོགས་གང་དགོས་སྐབས་བབས་སོ་སོར་ལས་བསྐོས་བྱས།།
དམར་ནག་ཁྲིམས་སྒོ་ལོ་དགུར་བྱོལ་ནས་བསམ་སྒོམ་ཉམས་བཞེས་བླ་ལྷག་མཛད།།
ལྷ་བླ་མཁའ་འགྲོས་བྱིན་རླབས་བརྡ་ལུང་བསྟན་པས་ལྐོག་གྱུར་ས་ལེར་གཟིགས།།
༡༠༽​ མགོན་ཁྱེད་མཁས་པའི་གྲགས་པ་དཀར་པོས་ཆོལ་གསུམ་ཕྱོགས་ཀྱི་བུ་སློབ་ཚོགས།།
​པད་མའི་ཚལ་ལ་བུང་པ་འཁོར་བཞིན་ཐོས་བརྩོན་སྦྲང་རྩིའི་མཛོད་དབང་བསྒྱུར།།
​གཤེན་བསྟན་སྨན་གྱི་རི་ནས་འཆད་རྩོད་ལུང་རིགས་དབྱར་རྔའི་སྐད་གསང་སྒྲོགས།།
ཐོས་དོན་ཉམས་བཞེས་མཛད་པའི་གངས་སེང་རབ་མང་སྒོམ་རྟོགས་གཡུ་རལ་མཛེས།།
༡༡༽ གཡས་རུ་སྟོན་པས་གབ་མཛོད་ས་གསུམ་གདམས་ངག་ཐུགས་དམ་ཉམས་བཞེས་མཛད།།
​སྨན་རིའི་མཁན་རབས་གསེར་རིའི་ཕྲེང་པས་མདོ་སྔགས་བཤད་སྒྲུབ་སྲོལ་ཆེན་བཙུགས།།
​ཤར་རྫའི་སྟོན་པས་དབེན་པར་སྐུ་ཚེར་སྒོམ་སྒྲུབ་ཉམས་ལེན་གནད་དུ་བསྣུན།།
​དེ་གསུམ་གཅིག་བསྡུས་མཛད་པའི་ཁུར་ཆེན་བདག་གིར་བཞེས་པ་རྨད་དུ་བྱུང་།།
༡༢༽ ​སྟོན་པ་སངས་རྒྱས་གང་དུ་བཞུགས་ཀྱང་ནག་པོ་བདུད་ཀྱི་དོ་བསྡོ་བཞིན།།
​རིས་མེད་མཛད་འཕྲིན་ཉི་སྣང་དཀར་པོར་ཕ་རོལ་འབྱུང་བྱས་མ་བཟོད་པར།།
སེམས་སྦྱོར་ངན་པས་ཐབས་འཕྲུལ་སྡང་ཟུག་ངན་དགུ་བཏོན་ནས་གཙེས་གྱུར་ཀྱང་།།
བཟོད་པའི་དཔུང་གི་སྲ་བརྟན་མཁར་རྫོང་བརྩན་པོར་རྒོལ་བའི་ཐབས་འཕྲུལ་རྡུགས།།
༡༣༽​ ཡང་དག་སྟོན་པ་དམུ་དབང་སྲས་པོའི་བསྟན་ལ་ངན་དམོད་ཡོད་རྒུ་སྨྲས།།
སྲེག་བསྒྱུར་བཅོམ་པའི་ཐབས་འཕྲུལ་ངན་པའི་ཕ་ནོར་རིན་ཆེན་རྡོག་པས་བརྫུས།།
མངའ་ཐང་ཆེད་དམིགས་ཆགས་སྡང་གཏམ་གྱིས་སྔོན་བྱུང་ལོ་རྒྱུས་མོག་པོར་བཟོས།།
ཆགས་སྡང་གཏམ་གྱིས་གྲུབ་མཐའ་ཕན་ཚུན་རྩོད་འཁྲུགས་ཡ་ངའི་ཟློས་གར་བསྒྱུར།།
༡༤༽​ དེ་ཕྱིར་རིས་མེད་བསྟན་རྩིས་མེ་ལོང་ལོ་རྒྱུས་སྨྲ་བའི་དགོས་མཁོར་བཞེངས།།
​དྲིས་ལན་ལྷག་བསམ་དུང་སྒྲ་སྙན་མོས་ཕྱོགས་ལྷུང་གདོན་གྱི་གཉིད་ལས་དཀྲོགས།།
​ཆོས་སྲིད་ཟུང་འབྲེལ་ལ་སོགས་བདེན་དོན་སྲང་ལ་བཤར་བའི་དཔྱད་རྩོམ་གྱིས།།
ཕྱི་རབས་ལོ་རྒྱུས་སྨྲ་རྣམས་ལེགས་ཉེས་དཔྱོད་པས་ལྟ་བའི་མཐོངས་སྒོ་ཕྱེས།།
༡༥༽​ ལོ་རྒྱུས་ཤེལ་གྱི་རྒྱང་མཐོང་འདས་དོན་གསལ་བའི་རྫུ་འཕྲུལ་མེ་ལོང་ཞིག།།
​དྲང་བདེན་སྨྲ་བའི་ལྗགས་བཟང་གཅིག་གིས་ལོ་རྒྱུས་འཁྱོག་པོར་ག་དར་མཛད།།
​གཟུར་གནས་མཁས་པའི་གྲགས་སྙན་དབྱར་སྐྱེས་རྔ་སྒྲ་རྒོད་པ་དོན་དང་མཚུངས།།
ཕྲོམ་གྱི་ཡུལ་ནས་མཆེད་པའི་བདེན་པ་གཡུང་དྲུང་བོན་གྱི་བསྭོ་སྒྲ་སྒྲོགས།།
༡༦༽ གདམས་ངག་བདུད་རྩི་འཐུང་བའི་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་རྣམས་དང་།།​
​བསླབ་གསུམ་ངུར་སྨྲིག་རྒྱལ་མཚན་འཛིན་དང་སྒོམ་ཆེན་གངས་ཀྱི་སེང་གེ་མང་།།
​དབལ་རམ་འབུམ་པའི་ལྷ་སྐལ་ཐོབ་པའི་གོས་དཀར་ལྕང་ལོའི་སྔགས་སྡེ་འཕེལ།།
​གཤེན་བསྟན་མདོ་སྔགས་མེ་རོ་སླར་ཡང་གེ་སར་ཕྲོམ་གྱི་ཡུལ་ནས་སླང་།།
༡༧༽​ བསྟན་དང་འགྲོ་ཕྱིར་ཀྱག་ཀྱོག་ལོ་ཟླ་སྐྱུར་མོའི་རྔམས་ཁ་མཐོངས་སུ་བསུས།།
​གེ་སར་ཕྲོམ་གྱི་ཡུལ་དུ་མཛད་འཕྲིན་གཡུང་དྲུང་རི་མོ་གཡས་སུ་བྲིས།།
​ལྟོས་བཅས་སློབ་འབངས་རེ་འདོད་སྐོང་ཕྱིར་འཇིག་རྟེན་སྲིད་པའི་ལུགས་བཞིན་དུ།།
​རྟེན་འབྲེལ་དགྱེས་སྟོན་འདི་ཡང་བཀའ་དྲིན་དྲན་པའི་གཏང་རག་མཆོད་པའི་སྤྲིན།།
༡༨༽​ ཤར་རིའི་ཕྲག་ནས་གསེར་མདོག་ཉི་གཞོན་མཐོང་ཚེ་ཁྱེད་སྐུ་ཡང་ཡང་དྲན།།
​ལྷོ་སྤྲིན་གཡུ་འབྲུག་སྔོན་མོའི་དབྱངས་སྙན་ཐོས་ཚེ་གསུང་གི་བདུད་རྩི་དྲན།།
​སྟོན་མཚན་ཟླ་བའི་ཞལ་འཛུམ་དཀར་པོས་བརྩེ་ཆེན་ཐུགས་རྗེ་ཝ་ལེར་དྲན།།
​ཧི་མ་ལ་ཡའི་ལྷུན་པོའི་རྒྱབ་ནའང་གསང་གསུམ་ཡོན་ཏན་ཝ་ལེར་དྲན།།
༡༩༽ བདག་པོས་བཟུང་དང་མ་བཟུང་བལྟ་སྡུག་གཟུགྶ་མཛེས་ཉི་ཟླ་སྒྲོན་མེ་འོད།།​
ངོ་མཚར་ཡིད་འོང་སྒྲ་སྙན་ལྡན་པ་ལྔ་ལྡན་མཆོད་ཡོན་ཇི་སྙེད་ཀུན།།
བརྒྱད་ཅུའི་དགུང་སྟོན་བཀྲ་ཤིས་རྟེན་འབྲེལ་ཉིན་མོར་ཕུལ་བའི་གཏང་རག་ཡིན།།
ལྷན་ཅིག་འཛོམས་པའི་སྐལ་བཟང་ཤར་བ་སེམས་ཀྱི་སྨོན་འདུན་ཉག་གཅིག་ཡིན།།
༢༠༽​ གསང་གསུམ་ཡོན་ཏན་གཏེར་གྱི་ཕུང་པོ་དབྱངས་ཅན་ལྕེ་བརྒྱ་སྒྱུ་འཕྲུལ་གྱིས།།
​ཚུལ་བཞིན་བརྗོད་པར་དཀའ་ན་ཚུར་མཐོང་བྱིས་བློས་བརྗོད་བྱར་དམིགས་མ་ཡིན།།
​སྒྲོ་བཏགས་གཏམ་གྱིས་ཡོངས་བཏང་མཐུན་སྣང་གྲུབ་པའི་རྣམ་ཐར་འདི་ཀོ་ཙམ།།
​སྐལ་བཟང་གྱ་སྟོན་རྟེན་འབྲེལ་བཟང་པོར་ཕུལ་བའི་དག་གཙང་ལྷ་དར་ཡིན།།
༢༡༽

བཀྲ་ཤིས་དགེ༵་ལེག༵ས་བུམ༵་པར༵་ཚོགས་གཉིས་བཅུད་གཏམས་ཐབས་ཤེས་གསེ༵ར་ཉ༵་འཁྱུག།།
​བཀྲ་ཤིས་ཐུགས་གསང་དཔ༵ལ་བེ༵འུ་ལྷུན༵་གྲུབ༵་མཁྱེན་བརྩེ་འཁོ༵ར་ལོ༵འི་རྩིབས་སྟོང་བཀྲ།།
​བཀྲ་ཤིས་གསུང་གི་དུ༵ང་དབྱངས་བོན་སྒོ་རྒྱ༵་མཚོ༵ས་ཕན་བདེ་པད༵་དཀ༵ར་བཞད།།
​བཀྲ་ཤིས་སྐུ་ཡི་རྒྱལ༵་མཚན༵་རྟག་བརྟན་མཛད་འཕྲིན་གདུག༵ས་དཀར༵་མཁའ་མཐར་སྒྲོངས།།
ཅེས་པའང་བཀའ་དྲིན་བཞི་རྫོགས་ཀྱི་དཔོན་གསས་བླ་མ་དམ་པ་༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གི་སྐྱབས་འོག་ཏུ་ཡུན་རིང་འཚོ་ཞིང་བླ་མ་སངས་རྒྱས་སུ་སྒོམ་ཞིང་གདམས་ངག་བདུད་རྩི་རུ་མོས་པའི་འདུ་ཤེས་བརྟན་པོ་རྙེད་པ་སེར་གཟུགས་སྙོམས་ལས་པ་ཁྲི་ཀ་བ་ཚུལ་ཁྲིམས་མཐར་ཕྱིན་ནམ་ཁྲི་བདེ་མཆོག་ཏུ་འབོད་པས་འཛམ་གླིང་གི་ཡུལ་གྲུ་ཆེན་མོ་རྒྱ་གར་འཕགས་པའི་ཡུལ་ཞེས་གདོང་དམར་བོད་པ་ཚང་གི་སྨྲ་སྒོ་ན་སྙན་འཇེབས་ལྡན་པའི་བྱང་ཕྱོགས་ཧི་མ་ཅིལ་ཡུལ་གྱི་སྙིང་པོར་སྨིན་པ་ཆོས་ལུགས་ལྟ་གྲུབ་ཀྱི་གྲུབ་མཐའ་འདྲ་མིན་གྱི་དབུས་སུ་༧གཡུང་དྲུང་བོན་གྱི་བསྟི་གནས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་འཆད་རྩོད་ལུང་རིགས་རྔ་སྒྲ་སྒྲོགས་པའི་ཐུན་གསེང་དུ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ནང་ཚུན་ཆུ་སྦྲུལ་ལོའི་དབྱུ་གུ་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་ཉིན་སྦྱར་བ་དགེའོ།།​
ཐ་ཚན་མུ་ཙུག་སྨར་རོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།