རིན་ཆེན་རྡོ་ལ་ཕོག་པའི་ཆག་སྒྲ།

jpg

 

རིན་ཆེན་རྡོ་ལ་ཕོག་པའི་ཆག་སྒྲ།
           རྗེས་དྲན།              

སྐྱིད་སྲས་དགེ་ལེགས་ཉི་མ། (སྨན་རིའི་གླིང་།)

སྐྱེས་ནས་འཆི་བའི་རང་བཞིན་ཡིན་ཞེས་དུད་དྲེག་གླེགས་བམ་གསེང་ན་གཟིམ།།
མི་རྟག་སྟོན་པའི་སློབ་དཔོན་དེ་ཡང་ཉེ་དུ་བྲལ་བའི་གཤིས་ན་གྲུབ།།
རྩྭ་མགོ་བསིལ་བའི་སྲོག་གི་དཔེ་མཚོན་རིང་ནས་ཡིད་ཆེས་མེད་མོད་ཀྱང་།།
མྱོང་ནས་འཆི་བའི་སྐད་ཅིག་དེ་ཡིས་སེམས་ཀྱི་དྲི་རྟགས་རྡོ་ཡིས་བཅོམས།།

རིགས་རྒྱུད་སྨུག་པོའི་སྲོག་གི་ས་བོན་དཔའ་ལུང་སྟོང་ཁྱུང་འདབས་ནས་བཞད།།
རིགས་རུས་དཀར་པོའི་གཟི་བྱིན་འོད་མདངས་འཕཊ་ཡུལ་སྨན་རིའི་གླིང་ནས་འཕྲོས།།
བགྲང་བྱ་བཅུ་བདུན་བོན་གྱི་སྒོ་མོ་གུས་རྟག་བརྩོན་འགྲུས་ཡུ་བས་བརྡུངས།།
སྨན་རིའི་བཤེས་གཉེན་གསེར་གྱི་ཆོ་ལོ་ཁྲི་གཤོག་རྒྱལ་མོར་ཐོག་མར་བབ།།

མདང་དགོང་ངེད་གཉིས་རྩེད་མཚར་ཁྲོད་ནས་གཟིམ་འཇགས་གནོངས་ཞེས་མཚན་ཕྱག་ཞུས།།
ད་ནངས་ངེད་གཉིས་འདི་ཕྱི་གཉི་ཀའི་ལ་ཚིགས་འདི་ཡིས་རིང་དུ་བསྐལ།།
དབུགས་ཀྱིས་འཚོ་ཞིང་དབུགས་ཀྱིས་འགག་པའི་སྐྱེ་འཆི་བསིལ་ཐིགས་ཕྲེང་བ་འདི།།
ནུབ་ནས་རྒྱུན་ཐག་ཤར་སེ་ཆད་ཚེ་ཤར་ནས་མིག་མཆི་ཤགས་སེ་ལྷུང་།།

ཕ་ས་སྨུག་པོའི་ངོ་གདོང་བསམ་ནས་རི་ཟོམ་ལམ་ཕྲན་རྡོག་པས་མནན།།
ཕ་ཁྱིམ་མེས་པོའི་ཚེ་མདུད་བསམ་ནས་གངས་འཁྱག་ལམ་ཞིག་སྤོབས་པས་གཤགས།།
ཕ་རུས་གངས་ཀྱི་དུམ་བུའི་ལྷུ་ཚིགས་ཧི་མ་ལ་ཡའི་སྒལ་བར་ཕབས།།
ཕ་རྒོད་འབྲོང་གི་རུ་ཐུར་ནག་པོ་ཕ་གི་རི་ལས་དབལ་ཁ་བྱིན།།

ལོ་ཡི་ཉག་མ་གཡེང་བས་མ་ཀོག་གསེར་གྱི་སྒྲོན་མེའི་གླིང་ཞིག་བཙལ།།
ཟླ་བའི་འཕྲང་ལམ་མུན་པས་མ་སྒོག་གཤེན་ལ་དུངས་པའི་ཕྱག་ཅིག་ཕུལ།།
ཉིན་མཚན་བྱི་བ་དཀར་ནག་ཕྲུགས་ཀྱིས་དམ་ཚིག་སྐ་རགས་མ་ཆོད་པར།།
བཤེས་ལ་གཏད་པའི་ཤེལ་གྱི་ཡ་ཐོད་རྡུལ་དྲེག་རྙོག་མས་གོས་པ་མེད།།

རྨ་རྒྱལ་པོམ་རའི་གངས་ཀྱི་དུམ་བུ་ཚ་བའི་དྲོད་ཀྱིས་མ་བཞུ་ཟིག།
ཁྲི་གཤོག་རྒྱལ་མོའི་རླབས་ཀྱི་གཉེར་རིས་ལ་ཐོད་ཉི་མས་མ་ཀོག་ཟིག།
རྨ་ལུང་ཕྱུག་མོའི་འབྲུ་ཤུག་རྩེ་བརྒྱ་ད་རུང་རྩེ་མོ་མ་སྒུར་ཟིག།
མཚོ་ཆེན་རྒྱལ་མོའི་གསེར་གྱི་ངང་ཆུང་གཤོག་ཟུང་རྡེབ་ནས་འཕུར་བ་སྐྱོ།།

སྟོན་པ་ཟེར་བའི་སྲིད་ཞིའི་མགོན་དེ་ལམ་མདོ་འདི་ལས་བཞུད་དང་སྐད།།
ཁམས་གསུམ་ཞབས་བཅགས་གྱད་བུ་དེ་ཡང་བཤུལ་ལམ་འདི་ལ་ཞུགས་དང་སྐད།།
བསམ་བཞིན་དཔྱད་ཚེ་ལོ་རྒྱུས་མི་སྣ་གནམ་ས་གཡོ་བའི་གཡེར་གྲགས་ཅན།།
དེ་རིང་མཐོང་ཚེ་གསེར་བྲིས་གླེགས་བམ་ས་རྡུལ་གསེབ་ཀྱི་མིང་རོ་ཞིག།

གནམ་གྱི་ཀ་བ་ཐག་གེ་ཆག་ན་ས་ནག་མཆིན་པས་སྐྱོར་མ་ཅི།།
ས་ཡི་རྒྱ་མཚོ་དྲག་ཏུ་འཕྱུར་ན་ཟངས་སྐྱོག་ཐོམ་བུར་ཤོང་ནུས་སམ།།
གནམ་སྐོས་ལས་ཀྱི་བཀའ་ལུང་ལྕགས་ཕུར་གཡོལ་མེད་མྱིག་ཁར་ལྷུང་བ་ན།།
བཙུམ་འདོད་མེད་པའི་མིག་ལྕིབས་དེ་ཡང་བཙན་གྱིས་མི་འགེབ་རང་དབང་ཅི།།

གཡུ་ཡི་གཡང་ཏྲི་རྡོ་ངོར་ལྷུང་ན་རྡོ་ལ་འཁུན་སྒྲ་མི་ཤོར་ཀྱང་།།
གཡུ་ཆེན་དཔྲལ་བའི་མིག་ཏུ་བརྩི་བའི་གཡུ་བདག་ཕམ་ཁ་ཅིས་མི་ཆེ།།
སྟོན་འབྲས་སད་ཤོར་ནང་མི་དེ་ལ་མུ་གེ་སྒང་གི་ཟླ་ལྷག་ཅིག།
ལམ་འགྲོ་མེད་པའི་ལམ་ཁར་བདག་ལ་དཔུང་ཡ་ཆད་པའི་ཚོར་སྣང་ཞིག།

བཱ་ཡན་རི་བོའི་གཟི་བརྗིད་མགོ་བོ་སྤྲིན་རུམ་དེ་ལས་སྙིལ་བའི་ཚེ།།
སྟོང་ཁྱུང་འདབས་ཀྱི་ཁྱུང་ཆེན་དེ་ལ་གཤོག་ཡ་ལྷུང་བའི་ན་ཟུག་ཅིག།
ཞལ་འཛོམས་རེ་སྒུག་འོད་ཀྱི་ཉག་ཐག་བགྲང་བྱ་བཅོ་བརྒྱད་སྤྱན་གྱིས་བསྲིངས།།
ཞལ་བཞེས་དམ་བཅའ་སེམས་ཀྱི་རི་མོ་ལས་ཀྱི་རྐང་བས་བསྣོགས་པ་སྐྱོ།།

བགྲང་བྱ་བཅུ་བདུན་རིག་པའི་རལ་གྲི་རྣམ་དཔྱོད་བློ་ཡིས་བརྡར་བའི་འཕྲོ།།
གེ་སར་ཕྲོམ་ནས་གཡུག་དབང་མ་ཕྱིན་གོད་ཆག་ལས་ཀྱིས་བྲག་ལ་བཞུས།།
ལོག་སྨྲའི་ཞལ་སྒོར་རྒྱ་གྲམ་མདུད་བྱེད་གཏན་ཚིགས་གསེར་ནག་ཕ་བོང་སྟེ།།
ལོག་རྟོག་མགོ་བོ་བཅོམ་དབང་མ་ཕྱིན་འཆི་བདག་ཀྱོ་བས་བཀུག་པ་སྐྱོ།།

དཀའ་བའི་ལ་མོ་བརྩོན་པས་འཇལ་བའི་བགྲང་བྱ་བཅུ་བདུན་ཡུན་རེ་རིང་།།
གསེར་གྱི་སྒོ་ཐེམ་དད་པས་རྡུང་བའི་ལོ་ཟླ་དེ་ནི་དོན་རེ་ཆེ།།
ས་མཐའི་ཡུལ་ནས་ཤ་ཁྲག་འདྲེས་པའི་མཆེད་གྲོགས་དག་ནི་གསེར་ལས་ལྷག།
བདུན་གསུམ་འགོར་བའི་ལ་ཚིགས་འདི་ལ་ཁ་སང་ནང་བཞིན་ཡོད་སྣང་ཤར།།

བདག་གི་ཨ་ཇོ་གཞན་ལ་མ་གཡེང་འཛམ་གླིང་སོག་གའི་ཞིང་ལ་གཟིགས།།
ཐོད་དཀར་སྲས་ཀྱི་གྱེར་བསྟན་འཕྲིན་ལས་མཛད་བཅུ་སྤེལ་བའི་སྣོད་ལ་གཟིགས།།
ལས་འཕྲོ་གཡུང་དྲུང་དར་གྱི་མདུད་པ་ཚེ་རབས་ཀུན་ལ་མ་ལྷོད་ཅིག།
མ་ཐོགས་རྟེན་བཟང་རིངས་པར་ཐོབ་པའི་སྐྱབས་འཇུག་ལྷ་དང་བླ་མས་མཁྱེན།།

ཞེས་༧སྨན་རིའི་དགེ་བའི་བཤེས་གཉེན་ཆེན་མོའི་གསེར་གྱི་ཆོ་ལོ་ཁྲི་གཤོག་རྒྱལ་མོར་ཐོག་མར་བསུས་པའི་དགེ་བའི་བཤེས་གཉེན་ཆེན་མོ་གཉའ་དྲང་སྲོང་སྐལ་བཟང་བསྟན་འཛིན་ལྷུན་གྲུབ་མཆོག་ཁྲི་བཞེངས་མཛད་སྒོ་གྲུབ་རྗེས་གློ་བུར་དུ་སྐུ་མྱ་ངན་ལས་འདས་པའི་སྐྱོ་གདུང་དང་འདྲེས་སྐྱིད་སྲས་དགེ་ལེགས་ཉི་མར་འབོད་པས་ལ་ཚིགས་གསུམ་པར་དྲན་གདུང་སྨྱུག་རྩེར་བསྒྱུར་བ་དགེའོ།།

རིན་ཆེན་རྡོ་ལ་ཕོག་པའི་ཆག་སྒྲ།” སྟེང་དུ་དཔྱད་མཆན 3 ཡོད།

  1. རི་བོའི་རྩེ་ནས་ཀི་ཞིག་བཏབ་པ་སྟེང་གི་ལྷ་ཡིས་མ་གསན་ནམ།།
    ཆུ་བོའི་གཏིང་ལ་དཀར་ཞིག་སྐྱུར་བ་འོག་གི་ཀླུ་ཡིས་མ་གསོལ་ལམ།།
    མྱི་ལུས་རིན་ཆེན་བཙོ་སྦྱངས་ཞུན་མའི་གོང་བུ་གཏོར་བའི་བགེགས་ཀྱི་ཚོགས།།
    རྒྱ་ཡན་ལུགས་མེད་སྨྱོ་བར་བྱེད་པ་ཁྱེད་ཚོའི་ལྟག་སྒོ་འཛུལ་ལམ་ཅི།།

    ཁྲོས་པའི་སྡང་མིག་རྡོ་བཞིན་འབུར་བ་ཉམ་ཆུང་ཚོགས་ལ་བསྟན་པའམ།།
    ཞལ་གདངས་ཚེམས་གཙིགས་ཟ་ལ་རྔམ་པ་ཟ་འདྲེ་ཅིག་གི་སྤྲུལ་བ་གང་།།
    དཀོར་ཟས་དཀོར་ཆུ་ཚིམས་པར་སྤྱད་ནས་གཉིད་ཀྱི་ཞིང་གི་འབྲུག་སྒྲ་ཅན།།
    དེ་ཡང་རྫུ་འཕྲུལ་སྣ་གཅིག་ཡིན་ན་བྱང་ཐང་འུག་རྒན་ལྷག་ཏུ་མཁས།།

    ལོ་ངོ་སྟོང་ལ་ཟ་ལ་རྔམ་ཞིང་བཏུང་ལ་མཁས་པའི་ཁྲོ་བོའི་ཚོགས།།
    བཞེས་ཚེམས་སེར་པོ་གསེར་ལས་གྲུབ་ཞེས་ཁྱེད་ཀྱི་མ་བྱན་འཁོར་གྱིས་བསྟོད།།
    ང་ཡིས་མཐོང་ཚེ་སོ་སྐྱག་སེར་པོའི་སོ་ཤན་བརྒྱབ་པའི་ཁ་རུལ་ཅན།།
    སོ་བཀྲུ་སོ་སྨན་བེད་སྤྱོད་ཤེས་ན་རྫུ་འཕྲུལ་ཞིག་ཏུ་བརྩིས་ཀྱང་ཆོག།།

    མི་ཡི་མགོ་ལ་རྭ་ཞིག་སྐྱེས་ན་གདོན་འདྲེ་ཞིག་ཏུ་ངོས་འཛིན་བྱེད།།
    ལྷ་ཡི་མགོ་ལ་རྭ་ཞིག་སྐྱེས་ན་རྫུ་འཕྲུལ་ཚུལ་དུ་སྐུ་བསྟོད་བརྩམས།།
    རང་སེམས་རང་གི་རྟོགས་པར་ནུས་ན་སངས་རྒྱས་བྱ་བ་གཞན་ན་མེད།།
    རང་ཉིད་རང་གི་མགོན་ཏུ་འགྱུར་ལ་རང་ཉིད་རང་གི་བྲན་དུ་གྱུར།།

    གེ་སར་ཕྲོམ་གྱི་བཤེས་གཉེན་དེ་ལ་དད་གུས་གདུང་བའི་བསུ་མ་ཡོད།།
    ཉམ་ཆུང་སྲོག་གི་གཤེད་མ་དེ་ལ་ཁ་ལུད་མཆིལ་མའི་སྐྱེལ་མ་ཡོད།།
    ཟས་ཟས་འཐུང་འཐུང་ལྷ་ཡི་རིགས་དག་རྒྱལ་སྤྱིའི་ཁྲིམས་ལ་འབོད་སྒྲ་ཡོད།།
    རིགས་བཟང་ཁྱེད་ཀྱི་གཤེན་གྲོགས་རྣམས་ལ་བཀའ་དྲིན་ཞུ་བའི་ལྷག་བསམ་ཡོད།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།