༄༅།།ཀུན་གཟིགས་སྐྱབས་མགོན་ཆེན་པོ་དཔལ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་འཁྲུངས་རབས་དང་རྣམ་ཐར་བཞུགས།།

༄༅།།ཀུན་གཟིགས་སྐྱབས་མགོན་ཆེན་པོ་དཔལ་དགེ་ལེགས་

ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་འཁྲུངས་རབས་

དང་རྣམ་ཐར་བཞུགས།།

IMG_0898

 རྩོམ་པ་པོ།  བསོད་ནམས་རྒྱལ།

༄༅།།དགེ་ལེགས་རླབས་ཆེན་ཚོགས་གཉིས་ཉལ་འགྲོས་ཐབས་ཤེས་གསེར་ལྡན་ཡོངས་བརླན་པས། །
སྐུ་གསུམ་ལྷུན་གྲུབ་ཡོངས་འདུ་རབ་རྒྱས་མཚན་དཔེའི་འདབ་མ་ལྷུག་པར་གྲོལ།།
ཟབ་གསལ་ཤེས་རབ་རྒྱ་མཚོའི་འབྲས་སྨིན་གདུལ་བྱ་རྟོགས་གྲོལ་བཅུད་ཀྱིས་གསོ། །
སྡུག་བསྔལ་ཚ་འཛོམས་འགྲོ་དྲུག་ཞི་དབྱིངས་གྲིབ་བསིལ་ཚལ་འགོད་མཆོག་ལ་འདུད།།
རྣམ་དག་ཐུགས་ལ་སྒྲིབ་གཉིས་སྤྲིན་བྲལ་མཁྱེན་གཉིས་ནམ་མཁའི་དབྱིངས་བཞིན་གསལ།།
བརྩེ་ཆེན་འོ་མཚོ་རླབས་ཀྱི་འཁྲི་ཤིང་རྟག་ཏུ་འགྲོ་བའི་དོན་ལ་རྩེན།།
ཐོས་བསམ་སྒོམ་གསུམ་བསྙེན་སྒྲུབ་འབྲས་བུའི་དཔག་བསམ་རྩེ་མོ་དགུང་དུ་མཐོ།།
འཆད་རྩོད་རྩོམ་པས་སྐལ་ལྡན་སྐྱོང་མཛད་བཤེས་གཉེན་ཞབས་པད་སྤྱི་བོར་མཆོད།།
རྨད་བྱུང་དགེ་ལེགས་ལྷུན་གྱིས་གྲུབ་པའི་སྐུ།།
ཤེས་བྱ་རྒྱ་མཚོ་འདོད་རྒུར་འཇོ་བའི་གསུང་།།
གདུལ་བྱའི་ཚོགས་ལ་མ་ལྟར་བརྩེ་བའི་ཐུགས།།
དཔལ་ལྡན་བླ་མའི་ཞབས་པད་སྤྱི་བོར་མཆོད།།

རྣམ་དཀར་དགེ་ཚོགས་ཟླ་བའི་མ་མ་ལས། །སྤང་རྟོགས་ལེགས་འབྱུང་ཡིད་བཞིན་ནོར་བུ་འཁྲུངས། །དགོས་འདོད་ཀུན་འབྱུང་དོན་གཉིས་ལྷུན་གྱིས་གྲུབ། །གདུལ་བྱ་རྒྱ་མཚོའི་མགོན་ཁྱོད་གཏན་གྱི་སྐྱབས། །མི་མཇེད་ཞིང་གི་མི་འཇིག་རབ་བརྟན་གདོང་ལྔའི་ཁྲི་ལ་གདོད་མ་ནས། །རྣམ་འདྲེན་དབང་པོ་རྣམ་མཁྱེན་རྒྱལ་བའི་ཞབས་ཟུང་འཁོར་ལོ་ལེགས་བཀོད་དེ། །བདུད་བོན་བཙན་དང་བདུད་རྗེ་ཁྱབ་པ་ལག་རིང་སོགས་ཀྱི་དམར་མཆོད་སྲོལ། །ལེགས་པར་བསྒྱུར་ནས་ལེགས་བཤད་བོན་གྱིས་འགྲོ་ཀུན་ཐར་བར་འདྲེན་ལ་འདུད། །རྒྱལ་གཤེན་མི་འགྱུར་ཐུགས་ཀྱི་མཁའ་དབྱིངས་ལས། །བརྒྱད་ཁྲིའི་ཡེ་ཤེས་ཆུ་འཛིན་གཡོས་དང་ལྷན། །མི་མཇེད་ཞིང་ལ་བསླབ་གསུམ་གྲུ་ཆར་གྱིས། །སྐལ་བཟང་པད་ཚལ་རྒྱས་མཛད་ལན་བརྒྱར་འདུད། །མཚན་དང་དཔེ་བྱད་མ་ལུས་རྫོགས་པའི་ཟླ་ཞུན་བཀྲག་མདངས་འཛིན་པའི་སྐུ། །ཟབ་རྒྱས་ལེགས་བཤད་འདོད་རྒུར་འཇོ་བ་དྲུག་ཅུའི་ཡན་ལག་རྫོགས་པའི་གསུང་། །གནས་སྣང་ཀུན་ལ་མཁྱེན་བརྩེའི་དཔལ་འབར་རྨད་བྱུང་ཚད་མེད་བཞི་ལྡན་ཐུགས། །བརྟན་གཡོ་ཞིང་གི་མ་རིག་མུན་སེལ་བརྟན་པའི་འཁོར་ལོར་ལན་བརྒྱར་འདུད། །དགེ་ལེགས་ཡེ་ཤེས་ཚོགས་རྣམས་རབ་རྫོགས་སྤྲོས་བྲལ་བོན་སྐུའི་མཁའ་དབྱིངས་ལས། །ལྷུན་གྲུབ་ངེས་པ་ལྔ་ལྡན་རྫོགས་སྐུ་ཟླ་བའི་དཀྱིལ་འཁོར་ལྷང་ངེར་གསལ། །མ་ངེས་རབ་འབྱམས་རྒྱ་མཚོའི་ཞིང་དུ་གང་ལ་གང་མོས་སྐུར་སྟོན་པ། །འདྲེན་པ་མཚུངས་མེད་སྐུ་གསུམ་བདག་ཉིད་བླ་མའི་ཞབས་ལ་འདུད་དོ་སྐྱོངས།།

ཞེས་མཆོད་པར་བརྗོད་པའི་སྙན་ཚིག་ཨུ་དུམ་ཝ་རའི་ཕྲེང་བ་ལེགས་པར་ཕུལ་ཏེ། རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཞིང་གི་སྐྱེ་རྒུ་ཡོངས་དང་། ཁྱད་པར་འཛམ་གླིང་བྱེ་བ་ཕྲག་བརྒྱ། ཡང་སྒོས་སུ་མདོ་སྨད་ཡུལ་གྱི་གདུལ་བྱའི་བསོད་ནམས་ཀྱིས་མེ་ཏོག་ཕོག་པའི་ལྷ་སྐལ་དུ་གྱུར་པ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་དམ་པ། ཡངས་པའི་རྒྱལ་ཁམས་ཀུན་ལ་ཕན་བདེའི་རྩ་བ། ལེགས་ཚོགས་ཀྱི་འབྱུང་གཞི། སྙིགས་དུས་ཀྱི་བཤད་སྒྲུབ་སྲོལ་འཛིན་ཆེན་པོ། སྔ་འགྱུར་ཟླ་ཞུན་ཅོད་པན་འཆང་བའི་བསྟན་པའི་སྲོག་ཤིང་དུ་གྱུར་པ། མཁས་གྲུབ་གཉིས་ལྡན་གྱི་སྙན་གྲགས་ཨུན་ཆེན་དུང་གི་སྒྲ་དབྱངས་ས་གསུམ་ཀུན་ཏུ་ཁྱབ་ཅིང་། ཁྱད་པར་དུ་རབ་འབྱམས་རྒྱ་མཚོའི་ཞིང་ལ་སྨིན་གྲོལ་བཀའ་བབས་ཀྱི་ཆུ་བོ་ཆེ་བཞིའི་འཁོར་ལོ་རྒྱ་ཆེན་བསྐོར་བས་འགྲོ་བ་མཐའ་དག་ཐར་བ་དང་ཐམས་ཅད་མཁྱེན་པའི་ས་ལ་བཀོད་པའི་རིགས་བརྒྱའི་ཁྱབ་བདག་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན་དཔལ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་མཛད་པ་མཐའ་ཡས་པ་ནི། འཕགས་པ་རྣམས་ཀྱིས་ཀྱང་བརྗོད་པར་དཀའ་ན། བདག་ལྟ་བུས་ཅི་སྨོས། འོན་ཀྱང་དད་གུས་ཀྱི་མེ་ཏོག་ཀུན་ནས་བཞད་པའི་གསོས་སུ། མཆོག་གི་སྐྱེས་རབས་རྒྱ་མཚོའི་འཇིང་དང་མཉམ་པ་ལས་རྣམ་དཔྱོད་བློ་གྲོས་ཀུ་ཤའི་རྩེ་མོས་མདོར་བསྡུས་ཙམ་ཞིག་སྙན་དབང་ཡོངས་འདུ་འཁྲི་ཤིང་ཚལ་ལ་འབུལ་བར་བྱེད་ན། ཐོག་མར་རིགས་ཀྱི་བདག་པོ་ངོས་བཟུང་ཙམ་བྱས་ན། དེ་ཡང་བོན་སྐུའི་མཁའ་དབྱིངས་རྣམ་པར་དག་པ་ནས་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བསྟན་ཚེ་གནས་མཆོག་ཞིང་ཁམས་འོད་ཀྱི་ར་བར། ལོངས་སྐུ་གསང་བ་འདུས་པ་ཞེས་བྱ་བ་མཚན་བཟང་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། འཁོར་དུ་བདེ་བར་གཤེགས་པ་མ་ལུས་འཁོར་དང་བཅས་བཞུགས་པ་མཆོག་ཡིན་ལ། ཐུགས་རྗེའི་རྩལ་གྱིས་གདུལ་བྱའི་དོན་ལ་གཟུགས་དང་དགོངས་ཚད་དུ་མར་དགོངས་ནས་གང་ལ་གང་མོས་སྐུ་རུ་སྟོན་ཅིང་། ཆུ་ཟླའི་ཚུལ་དུ་བྱེ་བ་ཕྲག་བརྒྱའི་ཞིང་ན་བོན་གྱི་འཁོར་ལོ་རྒྱ་ཆེན་བསྐོར་བར་མཛད་པ་སྲས་མཆོག་འཆི་མེད་གཙུག་ཕུད་ཅེས་སྐུ་གསུམ་གྱི་ངོ་བོ་ཉིད་ཡིན་ནོ།། མཁས་གྲུབ་མཆོག་གི་སྐྱེས་རབས་ཕྱི་མདོ་ལུགས་ལྟར་མཉམ་མེད་ཆེན་པོའི་བར་དུ་རགས་ཙམ་བརྗོད་དེ།  དེ་ཡང་སྤྱིར་རང་རེའི་གཡུང་དྲུང་བོན་གྱི་འདུལ་ཁྲིམས་རྨ་མེད་པའི་འབྱུང་ཁུངས་ནི། སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གཤེན་ལོ་སོ་གཅིག་བཞེས་པའི་ཚེ། ཁྲི་སྨོན་རྒྱལ་བཞད་སྒོ་ཡི་དྲུང་དུ། སྐྱེ་རྒ་ན་འཆི་བཞིའི་སྡུག་བསྔལ་གྱིས་གཟིར་བ་ལ་གཟིགས་པས། ངེས་འབྱུང་གི་རྐྱེན་བྱས་ཏེ་རྒྱལ་སྲིད་ཟང་ཟིང་རྒྱན་ལ་སོགས་པ་སྤངས་ནས། མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ། ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བསིལ། ཡེ་ཤེས་ལྷ་ཡིས་གནངས་པའི་ན་བཟའ་གོས་དྲུག  རིན་ཆེན་རྫས་ལྔ་ལ་སོགས་གསོལ་ཏེ་རབ་ཏུ་བྱུང་ཞིང་ཡེ་ནས་རང་བྱུང་གི་བསྙེན་པ་རྫོགས་པར་བཤད་ན་ཡང་། གདུལ་བྱའི་སྣང་ངོར་གཞན་ལས་ཐོབ་པར་དགོངས་ནས། རྫུ་འཕྲུལ་གྱི་གཤོག་དྲུག་སྐུ་ལ་སྐྱེས་ཏེ་འོག་མིན་དུ་བྱོན་ནས། སྔོན་གྱི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་སློབ་མ་དྲང་སྲོང་ལེགས་ལྡན་རྒྱལ་བའི་དྲུང་ལས་དག་པ་དྲང་སྲོང་གི་སྡོམ་པ། ཕྱི་ཚུལ་སུམ་བརྒྱ་དྲུག་ཅུ། ནང་ཚུལ་ཉིས་བརྒྱ་ལྔ་བཅུ་རྣམས་རྫོགས་པར་མཛད་དེ་མཚན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་བྱ་བར་མཚན་གསོལ་ཞེས་མདོ་ལས་གསུངས།།

༼༡༽ ཕྱི་འདུལ་བ་ལྟར་སྐྱབས་མགོན་མཆོག་གི་བླ་རབས་དང་པོ་ནི། སྟོན་པ་གཤེན་རབ་ཀྱི་དྲུང་དུ་སྲིད་པའི་དཀའ་ཐུབ་ཡིད་ཀྱི་ཁྱེའུ་ཆུང་རྣམ་བཞིའི་མཁན་པོ། སྡེ་སྣོད་མཐའ་དག་གི་འབྱུང་གནས་གཡུང་དྲུང་སེམས་དཔའ་ཆེན་པོ་མཐའ་དག་གི་ཐུ་བོར་གྱུར་པ། གཡུང་དྲུང་གཙུག་གཤེན་རྒྱལ་བ་མཆོག་ཡིན་ལ། མཆོག་ཉིད་ཀྱིས་ཐབས་དང་ཐུགས་རྗེའི་སྟོབས་ཀྱིས་ཧོས་གླིང་གི་འགུ་ལིང་མ་ཏི་སོགས་འགྲོ་བ་མཐའ་དག་ཐམས་ཅད་མཁྱེན་པའི་ས་ལ་བཀོད་པའི་ཕྱི་ནང་གསང་བའི་འཕྲིན་ལས་ཉི་མ་སྟོང་གིས་སྡུག་ཀུན་གྱི་གདུང་བ་མ་ལུས་ལྷག་མེད་བཅོམས་པར་མཛད་པ་ལགས།

༼༢༽ གཉིས་པ་ཁྲི་འབར་ཚུལ་ཁྲིམས་ཞེས་བྱ་བ་མཆོག་ནི། འདུལ་བསྟན་ཕྱི་དར་དབུ་བརྙེས་པའི་སྐབས་སུ་སོག་པོའི་རྟ་རྫི་སྤྲེལ་སླག་ཅན་གྱི་སྐྱེས་པར་བཞེས་ནས། མི་ལོ་ཆིག་སྟོང་བརྒྱད་རྒྱའི་བར་དུ་འགོག་པའི་སྙོམས་འཇུག་ལ་བཞུགས་པའི་མུ་ཟི་གསལ་བཟང་ཏིང་འཛིན་ལས་བཞེངས་པར་བྱས་ཏེ། དྲང་སྲོང་སྡོམ་པ་ཆིག་རྫོགས་སུ་ཞུས་པས། ཚུལ་མཚན་ལ་ཁྲི་འབར་ཚུལ་ཁྲིམས་ཞེས་སུ་གསོལ། གོས་དྲུག་རྫས་ལྔས་རྣམ་པར་མཛེས་པར་བྱས། དེ་ཡང་མ་འོངས་ལུང་གིས་ཟིན་ཚུལ་ལ། འདུལ་གླིང་བསྒྲགས་བྱང་ལས། གཡུང་དྲུང་གཙུག་གཤེན་རྒྱལ་བའི་རྣམ་སྤྲུལ་ནི། །སོག་སྟོན་ཁྲི་འབར་ཚུལ་ཁྲིམས་བྱ་བ་འབྱུང་།

།ཞེས་གསུངས་པ་ལྟར་ལགས།

༼༣༽ གསུམ་པ་འདུལ་བསྟན་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཉི་མ་ལྟར་གསལ་བར་བྱེད་པ་ཡར་མེ་བ་ཤེས་རབ་འོད་ཟེར་བྱ་བ། མ་འོངས་ལུང་གིས་ཟིན་ཚུལ་ཡང་། འདུལ་བ་གླིང་བསྒྲགས་ལས། གསེར་ཐོག་ལྕེ་འབྱམས་སྤྲུལ་བ་ལ། །རྨིའུ་གདུང་འཛིན་འདུལ་བའི་མཚན། །སྔོན་གྱི་ལས་འཕྲོ་སད་ནས་ནི། །ཚུལ་ཁྲིམས་མནོས་ཤིང་ལུང་བསྟན་ཐོབ། །མཚོ་གཡུང་གཉིས་ལས་ལུང་བླངས་ནས། །ཚུལ་ཁྲིམས་མཐའ་རུ་རྒྱས་པར་སྤེལ། །ཞེས་ལུང་གིས་བསྔགས་པ་ལྟར། ཡུལ་ཡར་འབྲོག་སྟག་ལུང་ར་བ་དམར་པོ་ནས། ཡབ་མེ་ཉག་གཡུང་དྲུང་གཉན་དང་། ཡུམ་གུར་ཟ་དར་རེ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ངེས་འབྱུང་སྙིང་རྗེ་ཚད་མེད་རྒྱུད་ལ་འཁྲུངས་པས་བྲུ་ཞུ་གཉིས་དང་རྗེ་བཙུན་ཁྲོ་ཚང་སོགས་སློབ་དཔོན་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ། མདོ་སྔག་རྫོགས་གསུམ་གྱི་ཉམས་ལེན་མཐིལ་ཕྱིན་བྱས་པས། བསྒོམ་བྱུང་ཤེས་རབ་ཀྱི་རྩལ་ཡོངས་སུ་རྫོགས་ཤིང་། ཚིག་དོན་ཀུན་ལ་མངའ་དབང་ཐོབ་པ། གནས་དང་གནས་མ་ཡིན་པ་སོགས་མཁྱེན་པའི་མངོན་ཤེས་གསལ་བ། གོང་མའི་ལུང་གི་མཛོད་ཆེན་པོ། གཞན་དོན་དུ་ཐུགས་བསྐྱེད་ལྡན་པ་སོགས་ལྔ་བོ་འདི་དག་མ་ལུས་པར་ཚང་བ། ངོ་མཚར་གྱི་མཛད་རྗེས་མཐའ་ཡས་པས་འགྲོ་བ་མཐའ་དག་བཀྲི་དྲངས་མཛད་ནས། ཡུལ་མིའི་འཁྲུགས་པ་འདུམ་པ། ཕ་རོལ་གྱི་དགྲ་སྡེ་ཚར་ཐག་བཅད་པ། རྣམ་དག་སྲས་ཡུམ་གྱི་ཞལ་མངོན་དུ་གཟིགས་པ། ནམ་མཁར་གོམ་པ་བོར་བ། རྡོ་ཟན་ལྟར་བརྫི་བ། རྡོ་རྗེ་བྲག་ལ་ཕྱག་རྗེས་དང་ཞབས་རྗེས་ལམ་མེར་བཞག་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྫུ་འཕྲུལ་ལ་མངའ་བརྙེས་པའི་མཁས་གྲུབ་ཀྱི་མཚན་སྙན་བ་དན་ཡངས་པའི་ས་ཆེན་ཀུན་ཏུ་ཁྱབ་ཅིང་འགྲོ་བའི་དམིགས་བུ་ལྟ་བུར་གྱུར་པ་ལགས།

༼༤༽ བཞི་པ་བྲུ་ཡི་རྒྱལ་ཐེབས་ཏེ། །གཡོར་མེ་གྲགས་པའི་དཔལ་ཞེས་བྱ། །མ་འོངས་ལུང་གིས་ཟིན་ཚུལ་ནི། །དབྱིལ་གྱི་ལྡེ་མིག་འབྲིང་བོ་ལས། །ཡར་མེའི་སྐུ་སྐྱེ་ཡིན་གསུངས་པས། །དེ་རྗེས་གཡོར་པོའི་ས་ཆ་རུ། །རུས་མེ་མེ་དཔལ་ཞེས་བྱ་འབྱུང་། །སེམས་ཕྱོགས་གདམས་པའི་འགྲོ་དོན་མཛད། །འགྲོ་བ་ཐར་བར་དེ་ཡིས་འདྲེན་ཞེས་ལུང་གིས་བསྔགས་པ་ལྟར། ཡུལ་གཡོར་བོའི་དོལ་ཞེས་བྱ་བ་གདུང་རུས་མེ་ཡིན་ལ། ཡབ་ཡུམ་མཚན་དང་ལྡན་པའི་སྲས་སུ་ཤིང་སྟག་ལོར་འཁྲུངས། བྲུ་སྟོན་ཉི་རྒྱལ་དང་གཤེན་སྟོན་ནམ་མཁའ་གཉིས་ལས། གཙང་གཙུག་དང་དྲང་སྲོང་བསླབ་པ་རྫོགས་པར་ཞུས་ཤིང་། ཉམས་པའི་དྲི་མ་རྡུལ་ཙམ་ཡང་མ་གོས་པར་ལེགས་པར་སྲུང་། དམ་པ་ཚུལ་ཤེས་ལས་ཐེག་པ་ཆེན་པོའི་ངོ་སྤྲོད་ཞུས་ཤིང་། མི་གཡོ་རྩེ་གཅིག་ངང་དུ་ཉམས་སུ་བླངས། ཁོང་གིས་མཛད་པའི་ཞལ་གདམས་ལས་ཀྱང་། ཁོ་བོ་གཡོར་བོ་མེད་དཔལ་ངས། །སྤྱིར་བླ་མ་རྣམས་ལ་མོས་གུས་བྱས། །སྒོས་དྲིན་ཅན་གསུམ་ལ་གསོལ་བ་གདབ། །གདམས་ངག་བདུད་རྩིའི་ཆུ་འཐུངས་པས། །ཉམས་མྱོང་རྟོགས་པ་ནང་ནས་ཤར། །ཞེས་གསུངས་ལ། གཞན་སྤྲུལ་སྐུ་ཉི་རྒྱལ་དང་རྨ་སྟོན་སྲོལ་འཛིན་སོགས་དམ་པ་དུ་མའི་ཞབས་ལ་གཏུགས་ཏེ་ཐུགས་བཅུད་ཟབ་མོ་བུམ་པ་གང་བྱོའི་ཚུལ་དུ་བླངས་ནས། དབུས་རི་ནག་པོ་དང་ཡར་ལ་ཤམ་པོ་སོགས་ནས་རྩེ་གཅིག་ངང་དུ་སྒོམ་སྒྲུབ་མཛད་པས་གྲུབ་པའི་རྟགས་སུ། བུམ་ཆུ་རང་འཁོལ་བྱས་པ། ཡི་དམ་ལྷའི་ཞལ་མངོན་སུམ་གཟིགས་པ། ལྗགས་མཆིལ་བཏབ་པས་སེམས་ཅན་གྱི་ན་ཚ་ཞི་བ་སོགས་གྲུབ་རྟགས་རྫུ་འཕྲུལ་དཔག་མེད་མངའ་ཞིང་། འཆད་རྩོད་རྩོམ་གསུམ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པ་ལགས།

༼༥༽ ལྔ་བ་གཡས་རུ་འ་ཞའི་གདུང་། །འགྲོ་མགོན་བློ་གྲོས་རྒྱལ་མཚན་ཞེས། །མ་འོངས་ལུང་གིས་ཟིན་ཚུལ་ནི། །བདེ་བར་གཤེགས་པ་ཕྱི་རབས་འདྲེན་པའི་གཤེན། །བ་གོར་དབེན་ས་བོན་གྱི་འབྱུང་གནས་སུ། །བྱང་ཆུབ་སེམས་དཔའ་ཆེན་པོའི་སྐུར་གྱུར་པ། །སྐྱེ་མེད་ས་གནོན་བློ་གྲོས་རྒྱལ་མཚན་གྱིས། །རིག་པ་རང་ཤར་གླིང་བཞིའི་ཡུལ་ལ་གཟིགས། །རང་རིག་སྒྲིབ་མེད་སྐྱེ་བ་ལྔ་བརྒྱ་གསལ། །གཟི་བརྗེད་གདེང་ལྡན་བདུད་བཞི་ཟིལ་གྱིན་གནོན། །ཕྱི་རབས་འགྲོ་བ་མ་ལུས་དྲན་པས་ཆོག །ཞེས་གསུངས་པ་བཞིན། གཡོར་བོའི་ས་ཆའི་གོང་ཉིད་དུ་འགྲོ་མགོན་བདུད་རྩིའི་སྐུ་མཆེད་ཀྱི་སྲས་སུ་འ་ཞའི་གདུང་འཛིན་དུ། ས་ཕོ་རྟ་ལ་ཡབ་ཡུམ་མཚན་དང་ལྡན་པ་གཉིས་ཀྱི་སྲས་སུ་སྐུ་བལྟམས་པ་དང་། རྒྱལ་བའི་ཡེ་ཤེས་མིའི་གཟུགས་སུ་སྣང་བ། ཕྱི་དར་བསྟན་པའི་རྒྱལ་མཚན་དུ་གྱུར། ཁོང་གིས་འགྲོ་མགོན་བདུད་རྩིའི་རྒྱལ་མཚན་དང་། གཏེར་སྟོན་དཔོན་གསས་ཁྱུང་རྒོད་སོགས་ཚུལ་བཞིན་ལེགས་པར་བསྟེན་ནས། དབལ་ཕུར་གྱི་དབང་ལུང་དང་གཏེར་ཁའི་དབང་ལུང་རྣམས་སྐོམ་པས་ཆུ་འཐུང་བ་བཞིན་རྫོགས་པར་ཞུས་ཤིང་། གཞན་ཡང་གཤེན་སྟོན་ཀླུ་ཡི་དབང་པོ་ཁྱེའུ་གཉེན་འཐིང་དང་། ཁུ་ཚ་ཟླ་འོད་རྗེ་འོར་སྒོམ་སོགས་ཀྱིས་གཏེར་ནས་བཏོན་པའི་བོན་སྡེ་རྣམས་དབང་ལུང་མན་ངག་རྒྱུན་འཐུད་ཅིང་། དེ་དག་གི་བདག་པོར་མངའ་གསོལ། ཁྱད་པར་འགྲོ་མགོན་གྱི་རྗེས་སུ་འབྲངས་ནས། གནས་ལུགས་དོན་གྱི་ངོ་སྤྲོད་ཞུས་ཏེ། གདམས་པ་དམར་ཁྲིད་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་བ་དང་། གཉན་ཆེན་ཐང་ལྷ་སོགས་དབེན་གནས་སུ་ཕྱིན་ཏེ། རྩེ་གཅིག་འབྲལ་བ་མེད་པར་ཉམས་སུ་བླངས་པས་ཉམས་རྟོགས་ཡོན་ཏན་རྒྱ་མཚོ་ཐུགས་ལ་མངའ་ཞིང་། མཁས་དང་གྲུབ་པའི་སྙན་གྲགས་ཕྱོགས་ཀུན་ཁྱབ། ཁོད་སྤུངས་དྲན་པའི་ཞལ་མཇལ་ནས་རྩ་རླུང་དང་འཕོ་ཁྲིད་ཀྱི་གདམས་པ་སྙན་དུ་བརྒྱུད་ཅིང་ཡེ་ཤེས་དབལ་མོས་བསྐྱེད་རྫོགས་གསང་གདམས་གནང་བ། གཞན་ཡང་ཕྱི་ནང་ཡུལ་ཅན་ས་རི་རྡོ་བྲག་ལ་སོགས་གདོས་བཅས་ཀྱི་སྣང་བས་ཆ་ཙམ་ཡང་མ་སྒྲིབ་པ་སོགས་གྲུབ་རྟགས་དཔག་མེད་མངའ་ཞིང་། སྦས་ཚུལ་གྱིས་ཕྱོགས་བཞིའི་བུ་སློབ་མང་དུ་བསྐྱངས། འཆད་རྩོད་རྩོམ་གསུམ་ལ་སྤོབས་པ་ཆེས་ཆེར་རྒྱས་ཤིང་། སྨྲ་བའི་སེང་གེ་དང་གཉིས་སུ་མ་མཆིས་པའི་བོད་ཀྱི་པཎྚི་ཏ་ཞེས་གྲགས་པ་ས་གསུམ་དུ་ཁྱབ་པ། སྡེ་སྣོད་མན་ངག་ཀུན་གྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལྟ་བུ་ལགས།

༼༦༽ དྲུག་པ་བྲུ་སྟོན་བསོད་རྒྱལ་ཞེས། །མ་འོངས་ལུང་གིས་ཟིན་ཚུལ་ནི། །སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། །ཚེ་དབང་རིག་འཛིན་བྱིན་རླབས་ལ། །བྲུ་སྟོན་བསོད་ནམས་རྒྱལ་བའི་མཚན། །འཕྲིན་ལས་བཞི་ཡིས་འགྲོ་བ་འདྲེན། །ཞེས་སོགས་གསུངས་པ་བཞིན་བླ་ཆེན་འདི་ནི་ས་ཐོབ་ཀྱི་གཡུང་དྲུང་སེམས་དཔའ་ཆེན་པོ་འགྲོ་དོན་དུ་དགོངས་ནས་བྱོན་པ་ཉིད་ཡིན་ལ། ཁོང་ནི་བྲུ་ཤ་འདུལ་བ་གཡུང་དྲུང་གི་སྲས་སུ་འཁྲུངས་ཤིང་། བྲུ་རྒྱལ་བ་གཡུང་དྲུང་དང་། བྲུ་ཤ་ནམ་མཁའ་འོད་ཟེར་སོགས་ཀྱི་ཞབས་ལ་གཏུགས་ནས་སྲིད་པའི་མཛོད་ཕུག་དང་། ས་ལམ་འདུལ་བ། གསང་བ་བསེན་ཐུབ། གབ་པ་སོགས་ཕྱི་ནང་གསང་བའི་བོན་སྡེ་ལ་སྒྲོ་འདོགས་བཅད་ཅིང་། དག་པའི་རི་ལ་གཅིག་པུར་བཞུགས་ཏེ་མི་དང་འབྲེལ་བ་བཅད་ནས། རྩེ་གཅིག་ཡེངས་པ་མེད་པར་སྒོམ་སྒྲུབ་མཐར་ཕྱིན་མཛད་པས། རང་བྱུང་ཡེ་ཤེས་ལྷག་གེར་ཤར། ཀུན་ཏུ་བཟང་པོའི་ཞལ་མངོན་དུ་གཟིགས་པ། ནམ་མཁར་གོམ་པ་བོར་བ། སྣང་སྲིད་ས་ལེར་དུས་གཅིག་ཏུ་གཟིགས་པ། དཀར་ཕྱོགས་ལྷ་ཀླུས་ཞབས་ཏོག་བསྒྲུབ་པ། ནག་ཕྱོགས་འབྱུང་བོ་ཟིལ་གྱིས་གནོན་པ། སྐུ་ལུས་སུམ་སྣང་དུ་མཛད་ནས་མ་དག་ཐམས་ཅད་ཐབས་དང་ཐུགས་རྗེས་འདུལ་བ་སོགས་བློ་ཡིས་མི་དཔོག་ཅིང་བརྗོད་ཡུལ་ལས་འདས་པའི་རྫུ་འཕྲུལ་དང་གྲུབ་པའི་གོ་འཕང་བརྙེས་པ། བསྟན་དང་འགྲོ་བར་བཀའ་དྲིན་བླ་ན་མ་མཆིས་པ་ལགས།

༼༧༽ བདུན་པ་ནང་སྔགས་ལུགས་ལྟར་ན་ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེ་མཆོག་ནི་རིགས་ཀྱི་བདག་པོ་དངོས་ཡིན་ཞིང་། སྐྱེས་རབས་ཀྱི་རིམ་པ་ནི། ལྷ་ཀླུ་མི་ཡུལ་དུ་སུམ་སྣང་གི་སྤྲུལ་བ་མཛད་པ། རྒྱལ་མཁར་བ་ཆོད་གནས་མཆོག་ན། །རྒྱལ་གཤེན་མི་ལུས་བསམ་ལེགས་ཞེས། །མི་རྗེ་ཁྲི་རྒྱལ་འོད་ཀྱི་སྲས་སུ་སྐུ་འཁྲུངས་ནས། མི་ལུས་ལྷའི་ཡུལ་དུ་ཕེབས་ཏེ། ཡུམ་སྲས་གཤེན་གསུམ་དང་སྟག་ལྷ་དང་ལྷ་བོན་ལོ་དྲང་སྲོང་རྒྱལ་བ་སོགས་ལ་བསྟེན་ནས། གསང་སྔགས་རྒྱུད་གསུམ་དང་ཐེག་རྩེའི་ལུང་ཞུས་ཏེ་རྒྱ་མཁར་མཆོད་དུ་སྒྲུབ་པས། གྲུབ་པའི་རྟགས་སུ་མཁའ་འགྲོ་ཀྱེ་མ་འོད་མཚོའི་ཞལ་གཟིགས་ཤིང་། དགུན་ཁར་མེ་ཏོག་གི་ཆར་བབས་པ། འཇའ་འོད་ཀྱི་གུར་ཕུབ། རྒྱ་མཚོའི་གཏིང་དུ་མཆོད་རྟེན་བརྩིགས་པ་སོགས་ངོ་མཚར་དུ་མ་དང་ལྡན་ལ། མགོ་ནག་མིའི་ཡུལ་དུ་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད་དོ། །གཉིས་པ་ཆུ་མིག་བརྒྱད་བཅུའི་དབུས། །ཤེལ་གུར་དཀར་པོའི་ནང་ཤེད་ན། །ཀླུ་བོན་ཡེ་ཤེས་སྙིང་པོ་ཞེས། །བྲམ་ཟེ་མཛེས་ལྡན་དང་། ལྷ་སྦྱིན་གཉན་ལྕམ་བརྗིད་ལྡན་མའི་སྲས་སུ་འཁྲུངས་ཤིང་། ཡུམ་བཟང་ཟ་དང་། གསང་བ་འདུས་པ། སྟག་ལྷ་སོགས་མིའི་གཤེན་པོ་རྣམས་ལས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་མན་ངག་ཞུས་ཤིང་བསྒྲུབས་པ་དང་། ངེས་དོན་སོགས་དཔྱིས་ཕྱིན་པ་སྒོམ་པས་གྲུབ་པའི་གོ་འཕང་མཐོན་པོར་བརྙེས་ཏེ། གྲུབ་རྟགས་སུ་ནམ་མཁའ་ལས་མེ་ཏོག་གི་ཆར་བབས་ཤིང་། སྐུ་ལུས་འོད་ཟེར་དུ་སྤྲུལ་བ་སོགས་མཚར་བའི་ལྟས་དུ་མ་དང་ལྡན་པ། ཀླུ་རྣམས་དབང་དུ་བསྡུས་ནས་ཀླུ་ཡུལ་དུ་གཡུང་དྲུང་བོན་གྱི་འཁོར་ལོ་མཐའ་ཡས་པ་བསྐོར་བར་མཛད་དོ། །རི་རྒྱལ་ལྷུན་པོའི་རྩེ་མོ་ཡི། །གསེར་མཁར་མཛེས་པའི་དབུས་དཀྱིལ་དུ། །ནམ་མཁའ་སྣང་བ་མདོག་ཅན་ཞེས། །ཡར་ལྷ་རྒྱལ་བ་རབ་འོད་དཀར་རྗེ་བྱ་དང་། ཡུམ་ཕྱི་ལྕམ་ཁྲི་ནི་ཏིང་བཙུན་གཉིས་ཀྱི་སྲས་སུ་མཚན་ལྟས་བཟང་པོ་དང་བཅས་ཏེ་སྐུ་བལྟམས། དེ་ལ་འཆི་མེད་ཡུམ་སྲས་གཤེན་གསུམ་དང་། ལྷ་ཀླུ་མི་ཡི་གཤེན་པོ་རྣམས་བསྟེན་ནས། སྔགས་ཕྱོགས་ཀྱི་ལུང་མ་ལུས་པར་གསན། རི་རྒྱལ་ལྷུན་པོ་རུ་སྒྲུབ་པས་གྲུབ་པའི་གོ་འཕང་ཐོབ་སྟེ། མུ་སྟེགས་པ་ཚར་ཐག་བཅད་པ་དང་། བོད་ཡུལ་དུ་བསྟན་པ་སྤེལ་བར་དགོངས་ནས་ལྷ་རི་གྱང་ཐོར་བབས། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙད་པོའི་དབུ་བླར་མཛད་དེ་བོད་ལ་ཆེས་སྔ་བའི་གཤེན་གྱི་ཐོག་མ་ཡིན། ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས། གྲུབ་རྟགས་སུ་ལྷ་རྣམས་ཀྱིས་མཆོད་བཀུར་བྱེད་ཅིང་གསོལ་ཟས་འདྲེན་པ། མེ་ཏོག་གི་ཆར་འབེབས་པ་སོགས་ངོ་མཚར་གྱི་ལྟས་དུ་མ་དང་ལྡན་ལ་རྒྱལ་གཤེན་བསྟན་པ་ཉམས་གསོ་མཛད་ནས་འགྲོ་ཁམས་བདེ་བར་བཀོད་པ་ལགས།

༼༨༽ བརྒྱད་པ་སྟག་གཟིག་བདུད་འདུལ་སྔགས་གླིང་དུ། ལི་མུར་གཙུག་ཕུད་ཅེས་བྱ་བ། སུམ་ལྡན་རིག་པ་འཛིན་པ་གྲུབ་ཐོབ་ཀྱི་ཚུལ་དུ། ཡབ་ཡུམ་མཚན་དང་ལྡན་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལྷ་ཀླུ་མི་ཡི་གཤེན་པོ་དང་རིག་འཛིན་གྲུབ་ཐོབ་སོགས་མང་དུ་བསྟེན་ཏེ། རིམ་གཉིས་ཟབ་མོ་མངོན་དུ་རྫོགས་པ། ཁྱད་པར་ཡང་རྩེའི་བླ་མེད་ཀྱི་དོན་ལ་ཉམས་བཞེས་ལྷུར་ལེན་མཛད་པས་ཉམས་རྟོགས་ཐུན་མོང་མ་ཡིན་པ་རྒྱུད་ལ་ཤར་ཞིང་། ངོ་མཚར་གྱི་ལྟས་དུ་མ་དང་ལྡན་པ། གྲུབ་པའི་གོ་འཕང་བརྙེས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྫུ་འཕྲུལ་དང་གྲུབ་རྟགས་སྣ་ཚོགས་ལ་མངའ་དབང་ཐོབ། སྟག་གཟིག་ཀྱི་ཡུལ་སོགས་ལ་རྫོགས་ཤེན་ཡང་རྩེའི་བླ་མེད་བོན་གྱི་དགོས་འདོད་ཆར་རྒྱུན་བཞིན་དུ་བསྩལ་ནས་འགྲོ་བ་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་བཀོད་པའི་བཀའ་དྲིན་གཞལ་དཀའ་བ་ལགས།

༼༩༽ དགུ་པ་སད་ནེ་གའུ་ཞེས་བྱ་བ་མཆོག་ནི། ཞང་ཞུང་སྒོ་བའི་གཤེན་ཆེན་པོ་སྟེ། དྭང་ར་སེང་རྫོང་བྲག་ཕུག་གནམ་སྐོས་འདབས། ཡབ་ཞང་ཞུང་གི་རྒྱལ་མཚན་བདེ་བ་དང་། ཡུམ་རྒྱལ་བཟའ་ཀློང་ཡངས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཞང་ཞུང་མཁས་པ་སེ་སད་ནེ་གའུ་དང་། དཔོན་གསས་ཆེན་པོ་ཨ་ནུ་ཕྲག་ཐག་སོགས་མཁས་གྲུབ་རྒྱ་མཚོ་ལྟ་བུའི་ཐུགས་བཅུད་བླངས་ནས། རྩེ་གཅིག་ངང་དུ་བསྒྲུབས་པས་ཡི་དམ་ལྷ་ལྔའི་ཞལ་དངོས་སུ་གཟིགས། གྲུབ་པ་ཐོབ་པའི་རྟགས་སུ་མུར་འཛེ་མིག་གིས་བལྟས་པ་ཙམ་གྱིས་སོས་པ་དང་། དམག་སྣ་ཤྭ་སྣ་ཆུ་སྣ་ཟློག་པ་། རྔ་ལ་ཆིབས་ནས་མཚོ་སྟེང་དུ་རྒྱུག་པ། གཅན་ཟན་ལ་ཁལ་འགེལ་བ། སྐུ་ལ་མེ་འབར་བ་སོགས་རྫུ་འཕྲུལ་དུ་མར་མངའ་དབང་བའི་གྲུབ་བརྒྱའི་གཙུག་རྒྱན་ལྟ་བུ་ལགས།

༼༡༠༽ བཅུ་པ་རྒྱ་གར་དང་རྒྱ་ནག་གཉིས་སུ་གཉིས་སྣང་གི་སྤྲུལ་བ་མཛད་པ། རྒྱ་གར་བྱང་ཕྱོགས་བྲུ་ཤའི་ཡུལ་དུ། རི་བོ་གྷི་ར་མི་ཀྲི་ཤ་རུ་བླ་མེད་ཀྱི་དོན་རྟོགས་ཅིང་མཆོག་གི་གཤེན་ཆེན་པོ་གར་བ་པྲ་ཏི་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། བླ་མེད་ཐེག་པའི་བོན་རྣམས་མ་ལུས་ཐུགས་སུ་ཆུད་ཅིང་། ཉམས་ལེན་དང་སྒོམ་སྒྲུབ་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་གྲུབ་པའི་གོ་འཕང་བརྙེས་པས། གྲུ་གཟིངས་མེད་པར་རྒྱ་མཚོའི་ཕ་མཐར་བརྒལ་བ་དང་། རི་རབ་ཀྱི་རྩེ་ལ་འཕུར་བ། དག་པ་ལྷ་གནས་སུ་བསྒྲོད་པའི་རྫུ་འཕྲུལ་དུ་མ་དང་ལྡན་ལ། གཉིས་པ་རྒྱ་ནག་གང་བུ་དམར་རུ་ཡི། །མཚལ་ཕུག་ཉི་དབང་མདངས་ལེན་དུ། །རྒྱ་བོན་ཟིང་བ་མཐུ་ཆེན་ཞེས་བྱ་བ། །རྒྱ་ལྕམ་དཀར་མོ་གྲོགས་སུ་བསྟེན་ཏེ་སྒྲུབ་པ་མཛད་པས། མཆོག་གི་གྲུབ་པ་བརྙེས་ནས་གྲུབ་རྟགས་སུ་སྐུ་ལུས་སྤྱང་ཀིར་སྤྲུལ་ཏེ་བྲན་དངོས་སུ་འགུག་པ། ཟླ་བ་རྟར་ཞོན་པ། ཕྱག་ལ་ཉི་ཟེར་བསྣམས་པ། ཚེ་ཟད་པའི་ཚེ་བསྲིངས་པ། ཉི་ཟེར་ལ་ན་བཟའ་བཀལ་བ་སོགས་འགྲན་པའི་ཟླ་དང་བྲལ་བའི་གྲུབ་བརྒྱའི་གཙུག་ནོར་ལྟ་བུ་ལགས།

༼༡༡༽ བཅུ་གཅིག་གནམ་མཚོའི་དོ་གླིང་དུ། །མཁས་མཆོག་སྟོང་རྒྱུང་མཐུ་ཆེན་ཞེས་བོད་ཀྱི་མཁས་པ་མི་བཞིའི་གཙོ་བོར་གྱུར་པ་གནམ་མཚོ་དོ་རིང་གི་གནས་སུ་མཚོ་སྨན་རྒྱལ་མོས་གྲོགས་བྱས་ཏེ་སྒྲུབ་པ་མཐའ་རུ་ཕྱིན་པ་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་སོང་། གྲུབ་རྟགས་སུ་གསེར་དང་ཉུངས་དཀར་འཐོར་བས་དགྲ་བགེགས་བསྒྲལ་བ། གནམ་མཚོ་དར་དཀར་གྱི་ཐུ་བར་དྲིལ་ཏེ་མཁའ་ལ་འཁྱེར་བ་དང་། ར་བྲག་ཟོར་དུ་འཕེན་པ། རྔ་ལ་ཞོན་ནས་ནམ་མཁར་འཕུར་བ། མཆོག་དངོས་ཁོག་བཀྲལ་རིགས་ལྔའི་ལྷ་ཞལ་སྟོན་པ། ཏིང་འཛིན་གྱི་ཟས་གསོལ་པ་སོགས་ཐབས་དང་རྫུ་འཕྲུལ་གྱིས་འགྲོ་བ་མཐའ་དག་ཞི་དབྱིངས་ཐང་དུ་དབུགས་དབྱུང་མཛད་པའི་བཀའ་དྲིན་བླ་ན་མ་མཆིས་ཤིང་། གསང་སྔགས་ཀྱི་བསྟན་པའི་འཁོར་ལོ་རྒྱ་ཆེན་བསྐོར་བ། ཁྱད་པར་བསྟན་པ་དར་ནུབ་ཀྱི་སྐབས་སུ། ཕྱི་རབས་འགྲོ་བའི་དོན་ལ་དགོངས་ནས། བོན་རྣམས་གཏེར་དུ་སྦས་པའི་གཙོ་བོར་མཛད་པ་སོགས་རྗེས་འཇུག་རྣམས་ལ་བཀའ་དྲིན་ཆེའོ།།

༼༡༢༽ མཁས་གྲུབ་མཆོག་གི་སྐྱེས་རབས་བཅུ་གཉིས་པ་ནི་རིག་འཛིན་ཆེན་པོ་ནམ་མཁའ་སྒྲོན་གསལ་མཆོག་ནི། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་ངོ་བོ། ཡེ་ནས་ཀུན་ཏུ་བཟང་པོའི་རྒྱལ་ས་ཟིན་གྱུར་ཀྱང་། སྙིང་རྗེའི་རྩལ་གྱིས་གདུལ་བྱ་འདུལ་བའི་སླད་དུ་རིག་པ་འཛིན་པའི་སྒྱུ་འཕྲུལ་ཡབ་བླ་ཆེན་དྲན་པ་ནམ་མཁའ་དང་། ཡུམ་མཁའ་འགྲོ་འོད་ལྡན་འབར་མ་གཉིས་ཀྱི་སྲས་སུ་སྤྲེལ་ལོ་སྤྲེལ་ཟླ་ཡར་ངོའི་ཚེས་བཅུ་ལ་ནུ་བོ་གུ་རུ་གཡུང་དྲུང་མཐོང་གྲོལ་དང་ཕུ་བོ་ཚེ་དབང་རིག་འཛིན་ནམ་མཚན་གཞན་ནམ་མཁའ་སྒྲོན་གསལ་ཞེས་སྐུ་མཆེད་ཀྱི་ཚུལ་དུ་འཁྲུངས་ཤིང་། རི་ཁྲོད་པ་ཆེན་པོ་ནམ་མཁའ་སྒྲོན་གསལ་མཆོག་ནི་སྤྱིར་འཛམ་གླིང་དུ་ཁྱབ་པར་བྱོན་པ་ལྷག་པར་གླིང་ཆེན་འགྱིང་རི་སོགས་དང་ཨོ་རྒྱན་གྱི་དུར་ཁྲོད་གནས་བརྒྱད་བཅས་ལ་བྱོན་ནས་གསང་སྤྱོད་བརྟུལ་ཞུགས་ཀྱིས་འགྲོ་དོན་རྒྱ་ཆེར་མཛད། བཀའ་རྒྱུད་ཀྱི་གདམས་པ་མ་ལུས་རང་བརྡོལ་མཁྱེན་པ། སྤྱན་ལྔ་སྒྲིབ་མེད་ཤེས་རབ་མངོན་པར་གསལ་བ། མཁས་པ་དང་ལོ་པན་དུ་མའི་ཞབས་ལ་གཏུགས་ནས་ཐུགས་བཅུད་ཟབ་མོ་ཡོངས་རྫོགས་རྒྱུད་ལ་བླངས། བདེར་གཤེགས་འབུམ་དང་ཞལ་མཇལ་བ། གསང་བ་འདུས་པ་དང་འདུ་འབྲལ་མེད་པར་གྱུར། ཁྱད་པར་བོད་གངས་ཅན་གྱི་ས་ཡི་ཐིག་ལེའི་བོན་གྱི་སྒྲུབ་གནས་ཀུན་ལ་ཉུལ་ནས། ཕྱི་རབས་འགྲོ་བའི་དོན་དུ་ཟབ་གཏེར་མང་དུ་སྦས། གསང་འདུས་དང་ཞལ་མངོན་དུ་མཇལ་བས་སྙན་བརྒྱུད་གཅེར་མཐོང་གི་ངོ་སྤྲོད་བཏབ་ཅིང་རིག་པ་གཡོ་མེད་དུ་བཞུགས། དེ་ཚེ་དྲི་ཟ་དང་གནོད་སྦྱིན་ལྷ་ཀླུ་མི་སོགས་ཀྱི་ཡུལ་དུ་སྤྲུལ་བ་སྣ་ཚོགས་ཀྱིས་གང་ལ་གང་མཚམས་ཀྱི་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་སྦས་པའི་ཚུལ་གྱིས་ལྷ་འདྲེ་མི་མིན་འབྱུང་བོ་ཁ་ལོ་བསྒྱུར་བ། སྐལ་ལྡན་རྣམས་ཐར་པའི་ལམ་དུ་བཀྲི་དྲངས་མཛད་པའི་སྙིགས་དུས་འགྲོ་བའི་མགོན་དང་སྐྱབས་གཅིག་པུ་ཡིན་ལ། བོད་ཀྱི་རི་སྤོས་རི་ངད་ལྡན་དང་གངས་ཅན་ཕྱུག་མོ་སོགས་གནས་ཆེན་རྣམས་ལས་སྒོམ་སྒྲུབ་དཔྱིས་ཕྱིན་པ་མཛད་པས། རིག་འཛིན་རྣམ་བཞིའི་གོ་འཕང་མངོན་དུ་བརྙེས་ཤིང་། འགྲོ་ཁམས་ཇི་སྲིད་བར་དུ་གནས་པ་དེ་སྲིད་དུ་བླ་མེད་ཐུགས་རྗེའི་རྒྱུན་བསྲིངས་ནས་བསྟན་འགྲོའི་དོན་བསྐྱབས་པ་ལགས།

༼༡༣༽ ཀུན་གཟིགས་རིན་པོ་ཆེ་མཆོག་གི་འཁྲུངས་རབས་བཅུ་གསུམ་པ་ནི། ལོ་ཆེན་བཻ་རོ་ཙ་ན་སྒྲ་སྒྱུར་སྨྲ་བའི་དབང་པོ་ཞེས་བྱ་བ་མཆོག་སྟེ། མ་འོངས་ལུང་གིས་ཟིན་ཚུལ་ཡང་། །ཚེ་དབང་རྣམ་ཐར་ཆེན་མོའི་ནང་། །གཡུང་དྲུང་མཐོང་གྲོལ་བྱིན་རླབས་བཻ་རོ་ཞེས། །འཕྲིན་ལས་སྤྲུལ་བ་གར་གྱི་དབང་ཕྱུག་རྗེ། །ཞེས་གསུངས་པ་བཞིན། བཻ་རོ་སྒྲ་བསྒྱུར་སྨྲ་བའི་དབང་པོ་མཆོག་ནི། ཡབ་ཡུམ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་ནས་བློ་རྣོ་ཞིང་རིག་པ་ཀློང་དུ་བརྡོལ་བས། མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ། མདོ་སྔགས་རྫོགས་གསུམ་སོགས་ཐོགས་མེད་མཁྱེན་ཅིང་། སྐད་གཉིས་སྨྲ་བའི་དབང་པོར་གྲགས། གཉིས་འཛིན་གྱི་འཁྲུལ་བ་མཐའ་དག་གཞི་ནས་ཆོད་པས་བོན་ཆོས་དབྱེར་མེད་དུ་སྤེལ་བ་དང་། མཁས་པའི་དབང་པོར་སོན་པས་གཞན་སྡེས་ཀྱང་བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ་ཞེས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར། ཁྱད་པར་མདོ་སྨད་ལྷོ་རྒྱུད་དུ་བསྟན་པ་དང་འགྲོ་དོན་ཐུགས་ལ་དགོངས་ནས། རྒྱལ་རོང་དང་རྒྱལ་མོའི་དམུ་རྡོ་གནས་རི་ཀུན་ཏུ་འགྲོ་དོན་རྒྱ་ཆེར་མཛད། བསྟན་པ་འཕེལ་འགྲིབ་ཀྱི་སྐབས་སུ་རྫོགས་ཆེན་གསེར་ཐུར་སོགས་གཏེར་དུ་བཞུགས་སུ་གསོལ་བ་དང་། གར་བཞུགས་རྡོ་ལ་རི་མོ་བབས་པ། རྡོ་ལ་ཡི་གེ་འབྲི་བ། རིག་འཛིན་རྣམས་ནས་ལུང་བསྟན་པ་ལྟར་རྫུ་འཕྲུལ་སྟོབས་ཀྱིས་རིའི་ཁོང་གསེང་དུ་ཕེབས་ནས་གཏེར་སྒོ་འབྱེད་པ་དང་། མཁའ་ལ་བྱ་ལྟར་འཕུར་བ་སོགས་གྲུབ་རྟགས་རྫུ་འཕྲུལ་དུ་མ་དང་ལྡན་པ། མཁྱེན་བརྩེ་ནུས་པས་འགྲོ་ཁམས་རྒྱ་མཚོ་ཐར་བའི་གོ་འཕང་རིན་པོ་ཆེར་བཀོད་པའི་མཛད་འཕྲིན་མཐའ་ཡས་པ་བསྐྱངས།

༼༡༤༽ བཅུ་བཞི་པ་སྙན་གྲགས་ཀྱི་བ་དན་དཀར་པོ་ས་གསུམ་ཀུན་ཏུ་ཁྱབ་པ། རིག་འཛིན་སྟོང་རྒྱུང་མཐུ་ཆེན་སྒྱུ་འཕྲུལ་གར་གྱིས་རྣམ་པར་རོལ་བ་རྒྱལ་བ་མཉམ་མེད་ཆེན་པོ་མཆོག་ནི། མ་འོངས་ལུང་གིས་ཟིན་ཚུལ་ཡང་། །དྲན་པའི་ཁ་བྱང་འབྲིང་བོ་ལས། །སྟོང་རྒྱང་སྤྲུལ་བ་ཤེས་རབ་རྒྱལ་མཚན་གྱིས། །དབུས་རིའི་དཀྱིལ་དུ་བསླབ་གསུམ་བསྟན་པ་འཛུགས། །ཞེས་གསུངས་པ་བཞིན། རྒྱལ་བ་མཉམ་མེད་ཤེས་རབ་རྒྱལ་མཚན་རིན་པོ་ཆེ་མཆོག་ནི། གངས་ཅན་ཤར་ཕྱོགས་རྒྱལ་མོ་རོང་དུ་ཡུལ་ཁྱད་པར་ཅན་སྟེགས་སྐྱོགས་ཞེས་བྱ་བར། ཡབ་རྒྱུའི་བོན་བཞི་ལ་མཁས་པའི་དབྲ་རིགས་ཀླུ་རྒྱལ་དང་ཡུམ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་དབང་ལྡན་ཞེས་པ་མེ་ཕོ་སྤྲེལ་གྱི་ལོ་དཔྱིད་ར་སྟག་ཟླའི་ཡར་ཚེས་ལྔའི་ཉི་ཤར་གྱི་དང་པོ་ལ་མེ་ཏོག་གི་ཆར་བབས་པ་དང་། འཇའ་འོད་སྣ་ལྔའི་གུར་ཕུབ་པ། གདུལ་བྱ་ལས་དག་འགའ་ཡིས་སྤྲིན་གསེབ་འཇའ་འོད་ཀྱི་དཀྱིལ་ནས་ལྷ་དང་ལྷ་མོས་གར་བསྒྱུར་ཞིང་སྐུ་ཁྲུས་གསོལ་བར་མཐོང་བ་སོགས་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། ཆུང་ངུའི་དུས་ནས་སྔོན་གྱི་ལས་འཕྲོ་སད་པས་སྐྱེས་ཐོབ་ཤེས་རབ་སྟོབས་ཀྱིས་འཕྲུལ་ཆེན་ཡིག་འབྲུ་མ་བསླབ་རང་བརྡོལ་དུ་མཁྱེན་ཞིང་། ཡབ་ཀྱི་དྲུང་ནས་རྒྱུའི་བོན་བཞི་ལ་མཁས་པར་སྦྱངས། དགུང་ལོ་བཅུའི་སྟེང་མི་རྟག་ངེས་འབྱུང་དྲག་པོ་ཐུགས་རྒྱུད་ལ་འཁྲུངས་ནས། ཕྱྭ་བླ་མ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གཙང་ཁྲིམས་ཉེར་ལྔ་སོགས་ཀྱི་སྡོམ་པ་བཞེས་ནས་མཚན་ལ་ཤེས་རབ་རྒྱལ་མཚན་དུ་གསོལ། དེ་ནས་བཟུང་ཤ་ཆང་སྒོག་པ་ལ་སོགས་གཏན་ནས་སྤངས་བར་མཛད། གཞན་ཕོ་རྩེ་ཡེ་ཤེས་རྒྱལ་མཚན། རྟོགས་ལྡན་ཤེས་རབ་བློ་གྲོས། མེ་སྟོན་ཀུན་བཟང་རྒྱལ་མཚན་རྣམས་ཀྱི་མདུན་ནས་དབང་ལུང་མན་ངག་དུ་མ་མནོས་ཤིང་། མཁས་གྲུབ་བློ་གྲོས་རིན་ཆེན་གྱི་མདུན་དུ་ཕྱི་ནང་གསང་གསུམ་རྒྱུད་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་གསན། དེ་དག་གསན་པ་ཙམ་མིན་པར་གཡས་རུ་མཁར་སྣ་དང་། བཀྲ་ཤིས་ཕྱུག་མོ་སོགས་གནས་ཆེན་དུ་ཉམས་ལེན་སྒོམ་སྒྲུབ་མཐའ་རུ་ཕྱིན་པ་མཛད། དབུས་ཀྱི་ན་ལེན་ཏྲར་རོང་སྟོན་ཤེས་བྱ་ཀུན་རིག་གི་མདུན་ནས་ཕར་ཚད་འདུལ་མངོན་དབུ་སྡོམ་སོགས་མཚན་ཉིད་པོད་ཆེན་དྲུག་དང་། གྲངས་ཅན་བཅོ་བརྒྱད་ལ་མཁས་པར་སྦྱངས་ཏེ། དཔལ་ལྡན་གསང་ཕུག་ནེའུ་ཐོག་གི་བཤད་གྲྭ་ཆེན་པོར་གྲྭ་སྐོར་མཛད་ཅིང་། མཚན་ཉིད་རབ་འབྱམས་ཆེན་པོའི་མཚན་གསོལ། ལ་སྟོད་དུ་བྲུའི་མཁན་པོ་ཚུལ་ཁྲིམས་ཡེ་ཤེས་ཀྱི་གཙོས་མཁན་སློབ་དབང་པོ་ལོ་ཙཱ་བ་སོགས་དྲང་སྲོང་རྨ་མེད་བཅུ་ཕྲག་གི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ། ཉིས་བརྒྱ་ལྔ་བཅུའི་ཁྲིམས་རྣམས་མིག་འབྲས་བཞིན་དུ་བསྲུང་། རྗེ་རིན་པོ་ཆེ་མཆོག་སྲོལ་འཛིན་བྲུའི་རྒྱལ་སྲས་རྣམ་གཉིས་ཀྱིས་བླ་མར་བཀུར་ཏེ། གཡས་རུ་དབེན་སའི་དབུ་རྩེ་དཀར་དམར་གྱི་གདན་སར་བཀོད། དེ་ནས་བཟུང་གདུལ་བྱ་སྨིན་གྲོལ་ལམ་ལ་འགོད་ཕྱིར། ཕྱི་ནང་གསང་བའི་བོན་ལ་འཆད་ཉན་གྱི་དབུ་བཙུགས་པས། ཐམས་ཅད་མཁྱེན་པ་མཉམ་མེད་ཆེན་པོ་ཞེས་མཁས་བཙུན་བཟང་གསུམ་གྱི་གྲགས་པས་ས་སྟེང་མ་ལུས་ཁྱབ་པར་གྱུར་བ་དང་། ཡུལ་ཆེན་བཅོ་བརྒྱད་ཀྱི་དབུས་སུ་བཀྲ་ཤིས་སྨན་རིའི་དགོན་ཕྱག་འདེབས་གནང་པར་མ་ཟད། སངས་རྒྱས་སེམས་དཔའི་བསླབ་ཁྲིམས་ཇི་ལྟ་བ་བཞིན་སྒྲིག་ཁྲིམས་བཅས་པ་མཛད། དེ་ཡི་གྲགས་པས་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་རྒྱའི་མཆོད་རྟེན་དཀར་ནག་ཡན་གྱི་བུ་སློབ་སྤྲིན་ཕུང་བཞིན་དུ་འདུས། འཆད་རྩོད་རྩོམ་གསུམ་དང་བསྙེན་སྒྲུབ་ལས་ཀྱི་སྲོལ་རྒྱ་ཆེར་བཏོད་ནས། བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཕུན་སུམ་ཚོགས་པར་མཛད། དེ་ཡང་ཕྱི་མཚན་ཉིད་སྡེ་ལྔའི་སྐོར་ལ་ཏིང་འཛིན་དག་པ་མདོ་ཡི་སྡེ་ལ་རྒྱུད་འགྲེལ་འཕྲུལ་གྱི་ལྡེ་མིག་སྔགས་སེམས་ཀྱི་སྐོར་ལ་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་དགོངས་དོན་སོགས་བསམ་གྱིས་མི་ཁྱབ་པའི་བོན་གྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ་ཕྱི་རབས་རྣམས་ལ་རྗེས་བཞག་མཐའ་ཡས་པ་མཛད། གྲུབ་པའི་རྟགས་སུ་དབུ་སྐྲ་འཐོར་བས་ལྷ་ཤིང་འཁྲུངས་པ། རྡོ་ལ་ཕྱག་སེན་གྱིས་རི་མོ་འབྲི་བ། རྡོ་ལ་ཕྱག་དང་ཞབས་ཀྱི་རྗེས་བཞག་པ། འཁར་གསིལ་བརྡབ་པས་ཆུ་མི་བརྡོལ་བ། རྟ་བདུན་དབང་པོའི་བགྲོད་ལམ་དང་ཉེ་བར་ནམ་མཁའ་ལ་འཕུར་བ། ཉི་ཟེར་ལ་ན་བཟའ་བཀལ་བ། རིག་འཛིན་མཁའ་འགྲོ་རྣམས་ཀྱི་ལྷ་ཞལ་གཟིགས་པ་སོགས་ཐུན་མོང་མ་ཡིན་པའི་རྫུ་འཕྲུལ་མཐའ་དག་བདག་གིར་བཞེས་ཤིང་། ཡངས་པའི་རྒྱལ་ཁམས་ཀུན་ཏུ་མདོ་སྔགས་བཤད་སྒྲུབ་བོན་དང་། འདུལ་བསྟན་ཉི་མ་ལྟར་གསལ་བར་མཛད་ཅིང་། བརྒྱུད་པའི་ཟམ་མ་ཆད་པར་གནས་པ་སོགས་རྗེ་རིན་པོ་ཉིད་ཀྱི་མཛད་འཕྲིན་དང་ཐུགས་རྗེ་རྣམ་པར་དག་པའི་སྨོན་ལམ་གྱི་མཐུ་ཡིན་ཏེ། དམུ་རྒྱལ་ཉི་མ་རྒྱལ་མཚན་ལ་རིག་འཛིན་མཁའ་འགྲོས་སྙན་བརྒྱུད་དུ་བྱུང་བའི་བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ལ་འཛུགས། །བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་འཕྱར། །སྙན་པའི་དུང་ཆེན་སྒྲ་ནི་ཕྱོགས་བཅུར་སྒྲོགས། །བསྟན་འཛིན་གཤེན་རབ་དེ་དང་ཕྱོགས་བཅུ་ཡི། །བསྐལ་སྟོང་སངས་རྒྱས་སེམས་དཔའ་རིག་འཛིན་དང་། །རིགས་ལྔ་མཁའ་འགྲོ་བརྒྱུད་གསུམ་བླ་མར་བཅས། །སྟོང་གསུམ་བདེར་བཀོད་སངས་རྒྱས་སྨན་རི་བ། །ཞེས་ལུང་བསྟན་དུ་མ་ནས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བ་ལགས།

༼༡༥༽ མཁས་དང་གྲུབ་པའི་དབང་པོ་གོང་ས་མཆོག་གི་སྐྱེས་རབས་ཕྲེང་བ་བཅོ་ལྔ་ནི། གཏེར་སྟོན་སངས་རྒྱས་གླིང་བ་མཆོག་ཡིན་ལ། ཁོང་ནི་སངས་རྒྱས་ཀྱི་བསྟན་པ་དར་བའི་ཡུལ་མཆོག རྒྱལ་སྲས་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་དགེ་མཚན་མཐའ་དག་དང་ལྡན་པའི་ཡུལ་ཁྱད་པར་ཅན་ནས། ཡབ་ཡུམ་མཚན་དང་ལྡན་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་ལ་ཐམས་ཅད་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་ཆུང་དུས་ནས་དགེ་ལ་དད་ཅིང་བློ་གྲོས་མཁྱེན་དཔྱོད་མཁའ་ལྟར་ཡངས་པས་མཚན་ལྡན་གྱི་བླ་མ་དགེ་བའི་བཤེས་གཉེན་དུ་མ་སྤྱི་བོར་བཀུར་ཏེ། མདོ་སྔགས་རྫོགས་གསུམ་ལ་ཐོས་བསམ་དང་རིམ་བཞིན་སྒོམ་སྒྲུབ་ཆེན་པོ་མཛད་པས་ལྷ་དང་བླ་མའི་ཞལ་མངོན་དུ་གཟིགས་ཤིང་། རིག་འཛིན་མཆོག་གི་གོ་འཕང་བདེ་བླག་བརྙེས་པས་མ་སྲིང་མཁའ་འགྲོ་རྣམས་ཀྱིས་མཆོག་ཐུན་དངོས་གྲུབ་གནང་། སྔོན་གྱི་ལས་འཕྲོ་སད་དེ་གསང་བའི་བཀའ་གཏེར་སྒོ་ཡངས་པར་ཕྱེས་ཤིང་། བསྟན་ལ་སྡང་བའི་ལོག་སྨྲ་རྣམས་ཚར་ཐག་བཅད། སངས་རྒྱས་ཀྱི་བསྟན་པ་ཕྱོགས་དང་རིས་སུ་མ་ཆད་པར་ཡངས་པའི་ས་ཆེན་ཀུན་ཏུ་ཁྱབ་བདལ་དུ་སྤེལ་བར་མ་ཟད། རབ་བྱུང་བཅུ་གཉིས་པའི་མེ་ལུག་ལ་གཏེར་སྟོན་སངས་རྒྱས་གླིང་བ་ཁོང་གིས་ཇུན་གར་གྱིས་གཏོར་བའི་གསལ་མདའ་བོན་དགོན་བསྐྱར་བཞེངས་མཛད། སྒྲུབ་རྒྱུད་བསྟན་པའི་སྲོལ་ཆེས་ཆེར་ཕྱེས་ཤིང་། ཕྱོགས་ཀྱི་བུ་སློབ་ཉིད་དང་མཉམ་པ་མང་པོ་བརྩེ་བས་རྗེས་སུ་བཟུང་སྟེ་ལྗགས་རྩོམ་མང་པོ་གནངས་པ་བཅས་བསྟན་ལ་མཛད་རྗེས་རྨད་དུ་བྱུང་བས། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་སྤྲུལ་བའི་སྐུ་མཆོག་ཞེས་མཚན་སྙན་གྱི་རྫ་རྔ་ཕྱོགས་ཀུན་ཁྱབ་ཅིང་ཡིད་ཅན་རྒྱ་མཚོ་མ་ལུས་ཐར་བར་འདྲེན་པའི་དེད་དཔོན་ལྟ་བུ་ལགས།

༼༡༦༽ དཔལ་སྐྱབས་མཆོག་དམ་པ་གང་གི་སྐྱེས་རབས་ཕྲེང་བ་བཅུ་དྲུག་པ་ནི། ཀུན་གྲོལ་འཇའ་ཚོན་སྙིང་པོ་མཆོག་ཡིན་ལ། མ་འོངས་ལུང་གིས་ཟིན་ཚུལ་ལ། ཁ་བྱང་ལས། ལྕེ་ཚའི་ཡང་སྲིད་དྲན་པའི་སྣང་བརྙན་གར། །ཀུན་གྲོལ་གྲགས་པ་འཇའ་ཚོན་སྙིང་པོ་འཆང་། །ཞེས་གསུངས་པ་བཞིན་ཡུལ་དྲེ་ཤོ་གོ་ལམ་ཞེས་བྱ་བར་ཡབ་སྨན་རྒྱལ་དྲུང་མི་ཝེར་དང་། ཡུམ་སྟག་ཟ་ཚེ་རིང་མཚོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་མཚན་རྟགས་དང་བཅས་ཏེ་སྐུ་བལྟམས། ཆུང་དུས་ནས་སྐྱེས་སྦྱངས་རིག་པའི་སྟོབས་ཀྱིས་འབྲི་ཀློག་སོགས་མ་བསླབ་རང་བརྡོལ་མཁྱེན་པ། དགེ་བའི་བཤེས་གཉེན་གཡུང་དྲུང་བསྟན་འཛིན་གྱི་དྲུང་ནས་གཙང་གཙུག་གི་སྡོམ་ཁྲིམས་མནོས། བོན་སྒོ་ཕྱི་ནང་ཀུན་གྱི་དབང་ལུང་མ་ལུས་པར་གསན། ཁྱད་པར་གནས་ལུགས་ཐེག་པ་ཆེན་པོའི་ངོ་སྤྲོད་ཞུས་པས་དེ་ཉིད་དུ་ནམ་མཁའ་གཡའ་དག་པ་ལ། རྟ་བདུན་དབང་པོའི་དཀྱིལ་འཁོར་རྒྱས་པ་བཞིན། རྟོགས་གྲོལ་དུས་མཉམ་དུ་གྱུར། མ་སྦྱངས་སྒྲིབ་གཉིས་གནས་སུ་དག །མ་བསྒྲོད་ས་བཅུ་ཟིལ་གྱིས་གནོན། མ་བསྒྲུབས་སངས་རྒྱས་མངོན་དུ་གྱུར། མ་བསྩལ་ས་ལམ་ཡོན་ཏན་རྫོགས། མ་བསླབ་སྡེ་སྣོད་ཐུགས་སུ་ཆུད་པ་སོགས་མཁས་གྲུབ་གཉིས་འཛོམས་ཀྱི་གྲགས་པས་ས་གསུམ་ཀུན་ཏུ་ཁྱབ། ཡི་དམ་བསྙེན་སྒྲུབ་མཛད་པའི་དུས་སུའང་བུམ་ཆུ་རང་སར་འཁོལ་བ། རྔ་གཤང་སོགས་ཕྱག་ཆ་ལས་མེ་སྟག་འཕྲོ་བ། ཡི་དམ་ལྷ་ཞལ་གཟིགས་པ། རིག་འཛིན་མཁའ་འགྲོའི་ལུང་བསྟན་ཐོབ་པ་སོགས་གྲུབ་རྟགས་དཔག་ཏུ་མེད་ཅིང་། འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་འཁོར་ལོ་རྒྱ་ཆེན་བསྐོར་བ། དགོན་སྡེ་མང་པོ་ཕྱག་འདེབས་དང་བསྐྱར་བཞེངས་གནང་བ། ཟབ་རྒྱས་ཀྱི་བོན་དང་གདམས་ངག་མཐའ་ཡས་པ་ཕྱི་རབས་རྟེན་དུ་མང་པོ་ཞིག་གསུངས་པ་སོགས་མཛད་རྗེས་བླ་ན་མེད་པ་བསྟན་པ་དང་རྒྱུད་འཛིན་བུ་སློབ་རྣམས་ལ་རྡོ་བརྐོས་རི་མོ་བཞིན་རྗེས་བཞག་མཛད་པ་ལགས།

༼༡༧༽ འགྲོ་བ་ཡོངས་ལ་མ་ལྟར་བརྩེ་ཞིང་ཐུགས་རྗེ་རྣམ་བཞིའི་བདག་ཉིད་ཅན་སྐྱབས་མཆོག་རིན་པོ་ཆེ་མཆོག་གི་སྐྱེས་རབས་ཕྲེང་བ་བཅུ་བདུན་པ་ནི། རབ་འབྱམས་སྡེ་སྣོད་གསུམ་གྱི་མཛོད་དུ་གྱུར་བ། བཀར་རྟགས་ཕྱག་བརྒྱའི་དོ་ཤལ་ཟུར་ཕུད་རྒྱན་དུ་འཆང་བ། སྦས་བའི་ཚུལ་གྱིས་བསྟན་དང་འགྲོ་དོན་མཐའ་ཡས་པ་བསྐྱངས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་པདྨ་དབང་ཆེན་ཞེས་བྱ་བ་མཆོག་ནི། ཡུལ་ཁམས་ཕྱོགས་སུ་ཡབ་ཡུམ་རྣམ་དཀར་དགེ་བ་ལ་འདུན་པ་མཁའ་འགྲོའི་མཚན་རྟགས་བཟང་པོ་ལྡན་པ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུང་བའི་དུས་ནས་རིག་འཛིན་གོང་མ་རྣམས་ཀྱི་རྣམ་ཐར་རྨ་མེད་པ་ཚུལ་བཞིན་བསྐྱངས་ཏེ། མཚན་ལྡན་གྱི་དགེ་བའི་བཤེས་གཉེན་བླ་མ་དུ་མའི་ཞབས་རྡུལ་སྤྱི་བོར་བཀུར་ནས། མཉེས་པ་གསུམ་གྱིས་ལེགས་པར་བསྟེན། ཁྱད་པར་རྙིང་མའི་བསྟན་པའི་སྒོ་ལ་ཞུགས་ཏེ། སྐྱེས་ཆེན་དུ་མའི་ཞལ་རྒྱུན་དབང་ལུང་མན་ངག་རྫོགས་པར་གསན་པར་མ་ཟད། འཆད་རྩོད་རྩོམ་གསུམ་སོགས་མཁས་པའི་དབང་པོར་སོན། ཁྱད་པར་ཆོ་ག་གསུམ་གྱི་ཉམས་ལེན་མཐར་ཕྱིན་པར་མཛད་པ་དང་། གསང་སྔགས་བསྐྱེད་རྫོགས་ཟབ་མོ་ལ་མངའ་བརྙེས་ཤིང་། རིག་འཛིན་རྣམ་བཞིའི་གོ་འཕང་མངོན་དུ་བརྙེས། གར་བཞུགས་གར་གནས་ལྷ་ཆེན་རྣམས་ཀྱིས་སྡོང་གྲོགས་མཛད་པ། སྲུང་མ་ལས་ལ་མྱུར་ཞིང་རྟག་ཏུ་སྡོང་གྲོགས་བྱེད་པ་སོགས་རྨད་དུ་བྱུང་བའི་གྲུབ་རྟགས་སྣ་ཚོགས་དང་ལྡན་ལ། སྦས་ཚུལ་གྱིས་སྙིགས་དུས་ཀྱི་འགྲོ་བ་མཐའ་དག་བདེ་བའི་དཔལ་ལ་བཀོད་པའི་ཐུགས་རྗེ་དང་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་ལགས།

༼༡༨༽ རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་སྐྱབས་མགོན་མཆོག་གི་སྐྱེས་རབས་བཅོ་བརྒྱད་པ་ནི། ཞིག་ཆེན་བཅོ་བརྒྱད་པ་ནི། ཞིག་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་རྩེ་ཞིག་གམ་སྣང་ཞིག་གདུང་ལས་བྱོན་པའི་ཁྲི་ཆེན་རབ་འབྱམས་པ་རྗེ་ཤེས་རབ་རྣམ་རྒྱལ་མཆོག་གི་ཡང་སྲིད་གསུམ་པ་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་མཆོག་ནི། རབ་བྱུང་བཅུ་གསུམ་པའི་ཤིང་ཡོས་ལ་ཡབ་ཡུམ་མཚན་དང་ལྡན་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཏེ། དགེ་བའི་བཤེས་གཉེན་དམ་པ་དུ་མའི་དྲུང་ནས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཕྱི་འདུལ་བ། ནང་བྱང་སེམས། གསང་བ་སེམས་ཕྱོགས་ཀྱི་བཅོས་མཚམས་རྣམ་པར་དག་ཅིང་། མཁས་བཙུན་བཟང་ལྡན་གྱི་བཤེས་གཉེན་མང་པོའི་ཐུགས་བཅུད་བླངས། ལམ་རིམ་པ་གཉིས་དང་སྤང་བསྒྱུར་གྲོལ་གསུམ་གྱི་ཐེག་པའི་ཉམས་ལེན་ལ་མཐར་ཕྱིན་པར་མཛད་པས། མཁས་གྲུབ་གཉིས་ལྡན་གྱི་སྙན་གྲགས་དབྱར་སྐྱེས་རྔ་གསེང་ཡངས་པའི་འཛིན་མའི་ཁྱོན་ལ་ཁྱབ་པ། སྙིང་རྗེ་ཆེན་པོའི་གཞན་དབང་ཅན་ཡིན་པས་རབ་བྱུང་བཅུ་གསུམ་པའི་ཤིང་གླང་ལ་སོག་རྒྱལ་ཆིན་ཝང་བསོད་ནམས་དར་རྒྱས་ཀྱིས་བླ་རུ་བཀུར་ནས་ཆོ་ལོ་ཕུལ་ཅིང་ཐམ་ཀ་སོགས་གནངས་ཏེ། མདོ་སྨད་ཀྱི་བསྟན་པའི་བདག་པོར་མངའ་གསོལ། ལྟ་བ་ལྷ་ལམ་ཁྱོན་དང་མཉམ་ཞིང་། སྒྲུབ་པ་གཙང་བོའི་རྒྱུན་ལས་རིང་བར་མཛད་པས། ཡེ་ཤེས་ལྷ་ཞལ་མཐོང་བ་དང་མཁའ་འགྲོའི་ལུང་བསྟན་ཐོབ་པས་གསང་བའི་བོན་སྒོ་མང་པོ་བསྟན་པའི་མཛེས་རྒྱན་དུ་དགོངས་ནས་ལས་ལྡན་རྣམས་ལ་ཇི་འདོད་བསྩལ་ཅིང་སྤེལ་བར་བྱས་ཤིང་། བཀའ་བབས་ཀྱི་ཆུ་བོ་ཆེ་བཞིས་གདུལ་བྱ་མཐའ་དག་གཏན་གྱི་བདེ་བའི་དཔལ་ལ་བཀོད་པའི་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པ་ལགས།

༼༡༩༽ རབ་འབྱམས་སྐྱེ་རྒུ་ཡོངས་ཀྱི་བདག་པོ་རྒྱལ་གཤེན་བསྟན་པའི་སྲོག་ཤིང་དུ་གྱུར་པ་སྐྱབས་མགོན་མཆོག་གི་སྐྱེས་རབས་བཅུ་དགུ་པ་ནི་མདོ་སྨད་ཡུལ་གྱི་གཡུང་དྲུང་སེམས་དཔའ་ཆེན་པོ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་དཔལ་བཟང་པོའི་སྡེ་ཞེས་བྱ་བ། བྱང་ཕྱོགས་དགེ་བཅུ་ཚང་བའི་རེབ་གོང་གསེར་ལྗོགས་ཀྱི་ཡ་གྱལ་བོན་རྒྱའི་འབྲོག་ཏུ་རྣམ་དཀར་དགེ་ལ་ཤིན་ཏུ་དད་ཅིང་ཡིད་གཞུངས་པ། བསོད་ནམས་ཆ་མཐུན་གྱི་དགེ་བ་རྒྱ་ཆེན་སྒྲུབ་པའི་ཡབ་བསོད་ནམས་ཚེ་རིང་དང་། ཡུམ་ཆོས་ལ་དགའ་བ་སྙིང་པོ་རྣམ་གསུམ་རྒྱུན་དུ་འདོན་ཞིང་། གསོལ་འདེབས་དང་སྨྱུང་གནས་ལ་འབད་མཁན་ཡུམ་ཐར་རེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཤིང་ཁྱི་ལ་མཚན་ལྟས་བཟང་པོ་དང་བཅས་ཏེ་སྐུ་བལྟམས། དགུང་ལོ་བཞི་ནས་མཉམ་མེད་གསོལ་འདེབས་དང་མ་ཏྲི་སོགས་མ་བསླབ་རང་བརྡོལ་དུ་མཁྱེན། ཆུང་དུས་ནས་སྙིང་རྗེ་ཚད་མེད་རྒྱུད་ལ་སྐྱེས་ནས་གཞན་གྱིས་སྲོག་གཅོད་པ་མཐོང་ཚེ་རྒྱུགས་ནས་སྦར་མོ་འཐམས་ཏེ་མ་གསོད་ཅེས་ངུ་སྒྲ་བཏོན་ནས། ཟོག་ལུག་ཚེ་ཐར་དུ་བཏང་བ་སོགས་དམ་པའི་རྣམ་ཐར་ཚུལ་བཞིན་དུ་བསྐྱངས། ཁྱད་པར་དུ་སྦ་སར་པཎྚི་ཏ་ནམ་མཁའ་དབང་ཕྱུག་དང་། འགྲོ་མགོན་ཚེ་དབང་རིག་འཛིན་གྱི་རྣམ་པར་རོལ་བ་རང་ཤར་རིག་གྲོལ་རྩལ་དང་། ཤིང་བཟའ་ཚང་སོགས་སྐྱེས་ཆེན་དུ་མའི་ཞབས་པད་རིང་དུ་བསྟེན་ནས། མདོ་སྔགས་བླ་མེད་ཀྱི་ཉམས་ལེན་མཐར་ཕྱིན་པར་མཛད་པས་ཉམས་རྟོགས་མེ་ལྟར་འབར་བར་གྱུར། འདིར་སྣང་གི་འཁྲུལ་བ་མཐའ་དག་རྩད་ནས་ཆོད་དེ། ལྷ་ཡེ་ཤེས་པའི་ཞལ་གཟིགས་པ། ཁྱད་པར་འཆི་མེད་ཡབ་སྲས་གསུམ་དང་། མཁའ་འགྲོའི་ཚོགས་ཀྱི་ཞལ་མངོན་དུ་མཐོང་ནས་ལུང་བསྟན་ཐོབ་པ་སོགས་གྲུབ་པ་བརྙེས་པའི་རྟགས་མཚན་མངོན་དུ་ཐོན། ལྷག་པར་བོད་གངས་ཅན་ཁྲོད་ཀྱི་གནས་བྱིན་ཅན་རྣམས་དང་། ཐ་ན་སྒར་གྲོང་སོ་སོའི་ལྷ་ཁང་ཆེ་ཆུང་གཅིག་ཀྱང་མ་ལུས་པར་དག་སྣང་གིས་མཇལ་བསྐོར་བྱས་པ། མར་མེ་ཁྲི་མཆོད་སོགས་ཚོགས་བསགས་རྒྱ་ཆེན་མཛད་པ་དང་། དགུང་ལོ་ཉི་ཤུ་ནས་རེབ་གོང་བོན་མང་ཕུར་ཐོགས་སྟོང་ལ་དབང་ལུང་མན་ངག་གི་རྒྱུད་གནངས་ནས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བ་དང་། རབ་བྱུང་བཅོ་ལྔ་བའི་ས་རྟ་ལ་བོན་བརྒྱ་དགོན་གྱི་དོན་གཉིས་ལྷ་ཁང་བཞེངས་གྲུབ་མཛད། མདོར་ན་ཁོང་གིས་མི་ཚེ་གང་བོར་སྡིག་པའི་ལས་འགོ་ནད་ལྟར་སྤངས་ཏེ། ཚོགས་བསགས་དང་བསྙེན་སྒྲུབ་གཡུང་དྲུང་སེམས་དཔའི་སྤྱོད་པ་དང་བསླབ་བྱ་མིག་འབྲས་བཞིན་དུ་བསྲུང་། ཁྱད་པར་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་ཉམས་སུ་བླངས། བོན་ཆོས་ཀྱི་གྲུབ་མཐའ་ལ་དག་སྣང་བྱེད་ཅིང་རིས་སུ་མ་ཆད་པར་གང་ལ་གང་འཚམས་བོན་གྱི་འཁོར་ལོ་རྒྱ་ཆེན་བསྐོར་ནས། འགྲོ་བ་མཐའ་དག་ཐར་བའི་ལམ་དུ་བཀྲི་དྲངས་མཛད་པའི་འཕྲིན་ལས་ལ་སྐྱེ་རྒུ་ཐམས་ཅད་ཀྱིས་མགྲིན་གཅིག་བཞིན་དུ་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བ་ལགས།

༼༢༠༽ རབ་འབྱམས་ཤེས་བྱའི་གནས་ལ་བདག་གིར་མཛད་པ་སྙིགས་དུས་ཀྱི་འགྲོ་བ་ཐམས་ཅད་ཐར་བར་འདྲེན་པའི་དེད་དཔོན་ཆེན་པོ། མཁས་དང་གྲུབ་བརྒྱའི་གཙུག་རྒྱན་དམ་པ། རྒྱལ་བ་ཐམས་ཅད་ཀྱི་ཐུགས་སྲམ་དམ་པ། རྒྱལ་བ་མཉམ་མེད་ཆེན་པོའི་སྒྱུ་འཕྲུལ་རྣམ་པར་རོལ་བ། བདག་སོགས་འགྲོ་བ་ཡོངས་ཀྱི་འདི་ཕྱིའི་གཏན་གྱི་སྐྱབས་གཅིག་པུ། དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་སྡེ་ཞེས་བྱ་བ་མཆོག་ནི། གྲུབ་པའི་གནས་ཆེན་བརྒྱད་ཀྱིས་བསྐོར་བའི་ཡུལ་དབུས། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར། གྲུབ་ཐོབ་རྣམ་གསུམ་གྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ། མ་འོངས་ལུང་གིས་བསྔགས་པའི་ཡུལ་གྲུ་ཕུན་སུམ་ཚོགས་པ། ཡུལ་མག་སར་ཞེས་གསང་སྔགས་བདུད་འདུལ་གླིང་གི་གཡས་ཟུར་དུ་རྣམ་དཀར་དགེ་ཚོགས་ཚུལ་བཞིན་དུ་སྤྱོད་པའི་ཡབ་ཡུམ་མཚན་དང་ལྡན་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་དགུ་བའི་ཤིང་ཕག་ལོ་ངོ་མཚར་གྱི་ལྟས་དུ་མ་དང་བཅས་མཚན་དཔེ་ཨུ་དུམ་ཝ་རའི་མེ་ཏོག་གསར་དུ་བཞད་ཅིང་། སྐུ་ན་ཕྲ་བའི་དུས་ནས་སྙིང་རྗེ་ཆེན་པོས་གཞན་དབང་ཅན་ལགས་ཕྱིར། སྡུག་བསྔལ་གྱིས་གདུངས་པ་རྣམས་ལ་གཟིགས་ནས་སྤྱན་ཆབ་ཤོར་བའི་ཕྲེང་བ་དབྱིག་འཛིན་བུ་མོའི་སྤྱི་གཙུག་རྒྱན་དུ་བཀོད་ཅིང་། འཁོར་བ་ལས་ངེས་འབྱུང་དང་བྱང་སེམས་བཅོས་མིན་དུ་འཁྲུངས་པས། ཚེ་དབང་རིག་འཛིན་ཆེན་པོའི་སྒྱུ་འཕྲུལ་གར་གྱི་དབང་ཕྱུག་གྲུབ་དབང་ནམ་མཁའ་རྒྱལ་མཚན་རིན་པོ་ཆེའི་ཞབས་པད་ཚུལ་བཞིན་ལེགས་པར་བསྟེན་ཏེ། ཕྱི་ནང་གསང་བའི་དབང་ལུང་མནོས་ཤིང་། གསན་པ་ཙམ་མིན་པར་ཐུགས་ཉམས་སུ་བཞེས་ནས་སྒོམ་སྒྲུབ་མཐར་ཕྱིན་མཛད། དཔལ་སྐྱང་སྤྲུལ་རིན་པོ་ཆེ་ལུང་རྟོགས་སྐལ་བཟང་རྒྱ་མཚོའི་མདུན་ནས་ལོ་ལྔ་ཕྲག་གི་རིང་ལ་དབང་ལུང་ཁྲིད་གསུམ་གདམས་ངག་ཟབ་མོ་སྐོམ་པའི་ཆུ་བཞིན་ངོམས་མེད་བཞེས། ཁྱད་པར་འགྲོ་མགོན་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོའི་ཞབས་པད་ཚུལ་བཞིན་བསྟེན་ནས། དབང་ལུང་མན་ངག་རིག་གནས་ཆེ་ཆུང་ཐམས་ཅད་ཀྱི་ཁྲིད་རྒྱུན་མང་དུ་བསྩལ་བ་དང་། གཞན་ཆོ་ག་བཅུ་གཉིས་གསས་མཁར་མཆོག་ལྔ། མ་རྒྱུད་གསང་གཅོད་རིག་འཛིན་སྐོར་སོགས་དབང་སུམ་ཅུ། ཁྲིད་ལུང་མན་ངག་འདོད་འཇོའི་གཏེར་ལ་བདག་གིར་མཛད། སྐྱེས་སྦྱངས་རིག་སྟོབས་ཡོངས་འདུའི་འཁྲི་ཤིང་མཚར་དུ་རྒྱས་ཏེ། བཟོ་དང་སྒྲ་ཚད་སོགས་བཅུ་ཕྲག་རིག་པའི་གནས་ཀྱི་འབྲས་བཟང་གཡུར་དུ་ཟ་བ་མདོ་སྔགས་རྫོགས་གསུམ་དང་གསང་བ་ཡང་རྩེའི་བླ་མེད་ཀྱི་དངོས་གཞིའི་ཉམས་ལེན་མཐའ་རུ་ཕྱིན་ཏེ་ཡི་དམ་ལྷའི་ཞལ་མཐོང་བ། ཡེ་ཤེས་ཌཱ་ཀིའི་ཟབ་དོན་གླུ་རུ་ལེན་པ། འཛབ་ཕྲེང་ལས་མེ་སྟག་འཕྲོ་བ་སོགས་ངོ་མཚར་གྱི་ལྟས་དུ་མ་དང་ལྡན་པ། མཁས་གྲུབ་གཉིས་ལྡན་གྱི་གོ་འཕང་བདེ་བླག་ཏུ་བརྙེས་པས་ཡངས་པའི་ས་ཆེན་ཀུན་ཏུ་སྙན་གྲགས་གཡས་འཁྱིལ་དུང་གི་སྒྲ་ཡིས་ཁྱབ་པར་གྱུར། སྲིད་ཇུས་འཕོ་འགྱུར་དབང་གིས་རིག་གསར་བྱ་འགུལ་ནང་དུ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེར་ཇི་བཞིན་ཉམས་བཞེས་གནང་སྟེ། ལོ་ངོ་བཅུ་ལྷག་གི་རིང་ལ་སྦས་པའི་ཚུལ་གྱིས་སྐལ་ལྡན་གདུལ་བྱ་མཐའ་དག་ཐུགས་བྱམས་བརྩེ་ཆེན་པོས་རྗེས་སུ་བཟུང་ནས་དབང་ལུང་མན་ངག་དང་ཁྲིད་གདམས་ཟབ་མོ་གང་ལ་གང་འཚམ་དུ་སྟོན་ཅིང་།  ཉ་སྟོང་རྣམས་ལ་རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བ། སངས་རྒྱས་ཀྱི་བསྟན་པ་ལ་དགོངས་ནས་པོ་ཏི་བཅུ་ཕྲག་གཉིས་ལས་བརྒལ་བ་བསྐྱར་བཞེངས་གྲུབ་པར་བྱས། སྐལ་ལྡན་གྱི་བུ་སློབ་བདག་གི་བཤེས་གཉེན་ཚེ་བརྟན་རྡོ་རྗེ་ལ་མ་འོངས་ལུང་བསྟན་གྱི་ཚུལ་དུ། སླར་སངས་རྒྱས་ཀྱི་བསྟན་པ་དར་ནས་སྨན་རི་སྨིན་གྲོལ་གླིང་ཞེས་འདུ་ཁང་ཆེ་ཆུང་བཞེངས་འགྲུབ་དང་། འདུས་སྡེ་བུ་སློབ་འདུ་ཚུལ་སོགས་གསུངས་པ་དང་། བསྟན་པ་སླར་མ་གསོས་གོང་ནས་དབུ་མཛད་ཆེ་ཆུང་བསྐོ་བཞག་མཛད། བློ་རྒྱུགས་སྤྲོད་མི་མ་འོངས་ལུང་བསྟན་གནང་བ་བཅས་དུས་གསུམ་ས་ལེར་གཟིགས་པ་སོགས་མཁྱེན་པའི་སྟོབས་བཅུ་ཡོངས་སུ་རྫོགས། རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་ལ་ཀུན་གཟིགས་པན་ཆེན་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་རྟེན་སྐལ་གནང་ཞིང་ཐུགས་བཀོད་ལྟར་འདུ་ཁང་ཆེན་པོ་བཞེངས་གྲུབ་མཛད་ནས། བསྟན་འཛིན་བུ་སློབ་མང་དུ་བསྐྱངས་ཏེ་རྒྱལ་བ་མཉམ་མེད་ཆེན་ཕོའི་རིང་ལུགས་དྲི་མ་མེད་པའི་ཕྱག་ལེན་ཇི་བཞིན་བཤད་སྒྲུབ་ཟུང་འཇུག་གི་སྲོལ་ཆེས་ཆེར་ཕྱེས་ནས་བསྟན་པ་དང་འགྲོ་དོན་དཔག་མེད་མཛད། ཁྱད་པར་སྐྱབས་མཆོག་རིན་པོ་ཆེའི་ཐུགས་བསྐྱེད་སྨོན་ལམ་དང་། བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་སྐུ་དྲིན་བླ་ན་མེད་པའི་སྟོབས་ཀྱིས་བོན་བརྒྱ་སྨིན་གྲོལ་གླིང་གི་འདུ་ཁང་ཆེ་ཆུང་རྣམས་དང་། ཡར་ནང་བོན་སྡེ་ཁ་གསུམ། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་གསས་ཁང་ཆེ་ཆུང་ཡོངས་རྫོགས་བསྐྱར་བཞེངས་ཀྱི་སྐབས་སུ་རིན་པོ་ཆེ་མཆོག་ནས་ལྷག་བསམ་དུང་ལྟར་དཀར་བའི་སྒོ་ནས་དགེ་བསྐུལ་མཛད་དེ་རྒྱུ་འབྱོར་བ་བསྩལ་པ་དང་། ཐུགས་བཀོད་གནང་བ། རྐྱེན་ངན་གྱི་བར་ཆད་ཞི་བར་དགོངས་ཏེ་རིམ་གྲོ་སྒྲུབ་པ་སོགས་ཐུགས་ཚེགས་རྒྱ་ཆེན་མཛད་པའི་སྐུ་དྲིན་གྱིས་བསམ་དོན་ཐམས་ཅད་ཡིད་བཞིན་དུ་གྲུབ། ལྷག་པར་གདུལ་བྱ་སྨིན་གྲོལ་དཔལ་ལ་འགོད་སླད་དབང་ལུང་དང་སྡེ་སྣོད་རྒྱ་མཚོའི་ཁྲིད་གདམས་ཟབ་མོའི་ཆུ་རྒྱུན་སྐལ་ལྡན་ཤེས་རྒྱུད་འཛིན་མའི་ཁྱོན་ལ་འདོད་རྒུར་འཇོ་ཞིང་། རྗེས་འཇུག་རྣམས་ཐར་བར་བགྲོད་པའི་ཐེམ་སྐས་ལྟ་བུར་གྱུར་བའི་གསུང་རྩོམ་བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་ཆེན་སོགས་མང་དུ་གསུངས། ཁྱད་པར་དུ་ལོག་རྟོག་གི་རྨོངས་མུན་གཉིད་ལས་སློང་ཕྱིར་དྲིས་ལན་ལྷག་བསམ་དུང་གི་སྒྲ་དབྱངས། བོད་ཀྱི་ཡི་གེ་ལ་ཞིབ་མོར་དཔྱད་པ་ཞེས་པའི་སྣང་བྱེད་དཀྱིལ་འཁོར་མཁའ་ལ་འཕོས་པ་ན། ལོག་སྨྲ་སྲིན་བྱའི་ཚོགས་རྣམས་རྫུན་གྱི་ཁུང་བུར་འདུག་པའི་གོ་སྐབས་ཕྲ་ཞིང་། མུན་པའི་ཁྲོད་ན་རྒྱུ་བའི་ཡིད་ཅན་གཉིས་སྐྱེས་ཚོགས་ལ་ཤན་འབྱེད་ཉིན་མོའི་སྣང་བའི་དཔལ་ལ་བཀོད་ཅིང་། ཡང་སྒོས་སུ་བསྟན་རྩིས་རིས་མེད་ཡིད་ཀྱི་མུན་གསལ་སྒྲོན་མེ་བློ་གསར་དགའ་བའི་མཛེས་རྒྱན། བོན་རང་ལུགས་ཀྱི་བསྟན་འབྱུང་བརྩམས་གྲུབ་དང་རྩོམ་བཞིན་གནང་བ་སོགས་བསྟན་དང་འགྲོ་བར་བཀའ་དྲིན་ལྷ་ལམ་ཁྱོན་ལས་བརྒལ་བ་ལགས། །

སྤྱི་ལོ༡༩༩༩ལོར་བོན་བརྒྱ་རིན་པོ་ཆེ་ཁོང་གི་སློབ་བུ་རེབ་གོང་བོན་མང་གི་དགེ་བསྐོས་ཆེན་མོ་སྔགས་འཆང་བསོད་ནམས་རྒྱལ་གྱིས་གསང་སྔགས་རིག་འཛིན་དར་རྒྱས་གླིང་དུ་རྩ་བའི་བླ་མ་རིན་པོ་ཆེ་གདན་ཞུ་ཞུས་ཏེ་བོན་མང་ཕུར་ཐོགས་སྟོང་ལ་ཚོགས་གཏོང་སྐབས་བླ་མ་རིན་པོ་ཆེ་ལ་མཎྚལ་ཞུ་ཚིག་དང་ལྷན་དུ་རིན་པོ་མཆོག་གི་འཁྲུངས་རབས་དང་རྣམ་ཐར་བརྩམས་གནང་མཛད་པ་ཡིན་ལ། འདིར་བཀོད་པ་ནི་ཁོང་རིན་པོ་ཆེ་མཆོག་གི་འཁྲུངས་རབས་དང་རྣམ་ཐར་ལས་ངེད་རེབ་གོང་བོན་དྲ་ཚིགས་རྩོམ་སྒྲིག་པས་མཎྚལ་ཞུ་ཚིག་མ་བཀོད་པ་ལགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།