རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་མཁན་རབས་ལྔ་བ་ཡེ་ཤེས་བློ་གྲོས་མཆོག་གི་མཛད་རྣམ་ཉུང་ངུར་བརྗོད་པ་ཀོ་ཀི་ལ་ཡི་མགྲིན་གླུ།།

11222
རྩོམ་པ་པོ། ། དྲུང་མུ་གྱེར།

      རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

དགེ་བའི་ལེགས་ཚོགས་དབྱར་གྱི་དཔལ་མོ་རྒྱས།།
ལྷུན་གྲུབ་བདེ་ཆེན་འབྲས་བཟང་ཁུར་དུ་སྨིན།།
གདུལ་བྱ་རྒྱ་མཚོའི་འཁོར་འདབ་ཚང་ཚིང་འཁྲིགས།།
ལྷག་པའི་ལྷ་མཆོག་སྐྱབས་ཀྱི་དྭངས་མར་རོལ།།
མཆོད་ཚིག་པུནྚ་རུ་ཀའི་འཛུམ་དཀར་དང་།།
མཐུན་རྐྱེན་སྣང་བ་ཆེན་པོའི་འོད་རླབས་ཀྱིས།།
མཛད་རྣམ་སྦྲང་རྩི་འདོན་ལ་གེགས་མེད་པར།།
དོན་གྱི་བསུང་ཞིམ་དྲི་བཟང་ལོངས་སྤྱོད་ཤོག།
བརྗོད་འདོད་ཀུན་སློང་རྣམ་པར་གཡོས་ཙམ་གྱིས།།
ལྷད་མེད་རང་བཞིན་དག་པ་བཙོ་མའི་གསེར།།
དད་པའི་ཡུལ་དུ་འདྲེན་པར་མི་ནུས་ཀྱང་།།
རེ་བའི་ལེགས་བྲིས་དགའ་ཚལ་གསོ་བར་འདོད།།
མཁྱེན་པའི་བློ་གྲོས་ཡངས་པའི་ཀུན་བཟོད་ནས།།
ཡེ་ཤེས་སྟོན་གྱི་འབྲས་བུ་སྨིན་པའི་ཁུར།།
ལྷག་བསམ་ས་འཛིན་རྩེ་མོར་བླངས་བ་འདི།།
ཉམ་ཆུང་བྱིས་བློས་གཞལ་བྱ་ག་ལ་ཡིན།།
ཡིན་ཡང་དྲན་རྟོག་ཡིད་ཀྱི་ཁང་བཟང་ན།།
ཤེས་བྱའི་ཁྲི་ལ་འགྱིང་བའི་མཁན་པོ་ཁྱེད།།
ཡིད་གཉིས་བདུད་ལས་སྐྱོབ་པའི་མགོན་ཡིན་པས།།
ལྟ་སྤྱོད་མེ་ལོང་གསལ་བའི་གཟུགས་སུ་སྒྲུབ།།
ཡུམ་གྱི་པདྨོའི་སྦུབས་རྒྱ་གྲོལ་བ་ནས།།
ངུ་ངག་བྱ་ལམ་དབྱིངས་སུ་མཆེད་པ་དང་།།
ལྷན་དུ་གང་སྐུ་ཉི་མའི་འོད་ཕྱུང་བས།།
མ་རིག་མུན་པ་བསྐལ་བའི་མཐའ་རུ་བྲོས།།
སྐྱ་རེངས་འོད་དང་འགྲོགས་པའི་ལྷ་བསངས་དང་།།
མཚན་གྱི་ཅོད་པན་བསྩལ་བ་ལ་བརྟེན་ནས།།
འཇིག་རྟེན་མ་ལུས་འཛིན་པའི་སྤྱན་གྱི་སྒོ།།
ཡངས་པར་ཕྱེས་ཏེ་རིག་པའི་རྒྱལ་ཁམས་མཐོང་།།
གང་གི་བརྩོན་འགྲུས་ཞབས་ཟུང་འདེགས་འཇོག་ལ།།
ལྷན་སྐྱེས་ནུས་རྩལ་རྒྱས་པའི་སྟོབས་མཆོག་གིས།།
འཇིགས་མེད་སྤོབས་པའི་གོ་ཆ་མ་བསྒོས་ཀྱང་།།
འབྲི་ཀློག་དོན་ལ་ངང་གིས་རང་དབང་འབྱོར།།
ལང་ཚོའི་ཟླ་གཞོན་འཕེལ་བའི་ཉག་ཕྲ་ཡང་།།
མེ་ཟླའི་ལོ་གྲངས་བརྙེས་པའི་སྐབས་ཉིད་ལ།།
དད་འདུན་རྣམ་ཐོས་སྲས་ཀྱི་བང་མཛོད་ལས།།
ཚུལ་ཁྲིམས་གོས་ཀྱིས་དལ་རྟེན་དོན་ཡོད་བྱས།།
གང་སྐུ་ཉི་མའི་དཀྱིལ་འཁོར་འཛུམ་པ་ནས།།
མ་རིག་མུན་པའི་བདུད་ཀྱི་ཞེ་རྔམ་ལ།།
མ་དག་ལོག་རྟོག་མཚོན་དུ་མཆེད་པའི་དཔུང་།།
མིང་གི་ལྷག་མར་འགྲེམས་པའི་བློ་གྲོས་རྒྱས།།
བཅུ་ཕྲག་རིག་པའི་གནས་ཀྱི་ཆུ་གཏེར་ལས།།
ཡོན་ཏན་ནོར་བུའི་དངོས་གྲུབ་ལེན་པ་ལ།།
གུས་རྟག་བརྩོན་པ་གཟིངས་ཆེན་བསྐྱོད་པའི་ཤུགས།།
མ་ཉམས་མཚན་ལྡན་དེད་དཔོན་མང་དུ་བསྟེན།།
སྒྲ་རིག་ནམ་འཕང་གཅོད་པའི་གཤོག་རླབས་ལ།།
དཀར་ནག་རྩིས་ཀྱི་རླུང་གིས་གྲོགས་བྱས་ཏེ།།
ཟག་བཅས་བདེ་བའི་མཁའ་ལ་འགྲིམས་པའི་དབང་།།
ཐོབ་ཀྱང་ལོ་གསུམ་སྒྲུབ་གྲྭར་དཀའ་བ་སྤྱད།།
སྣ་ཚོགས་འཕྲུལ་གྱི་རྩེད་མོའི་ལྕགས་ཀྱུ་ཡིས།།
ཡིད་དབང་གསེར་མིག་ཅན་དེ་མ་ཟིན་པར།།
འགྱུར་མེད་དམ་བཅའི་རྒྱ་མཚོའི་གོས་ཅན་གཞིར།།
ལུང་རྟོགས་བསྟན་པའི་རིན་ཆེན་མ་ལུས་བཟུང་།།
ལྷོད་མེད་བརྩོན་འགྲུས་ཡན་ལག་བརྒྱད་ལྡན་ཆབ།།
རིག་གཞུང་ཁ་འབབ་རྣམ་བཞིའི་ཀློང་དུ་བསྲེས།།
ཡེ་ཤེས་རླབས་ཕྲེང་འཕྱོ་བའི་ཟེགས་མ་འབུམ།།
བློ་གྲོས་མཁའ་ལ་འཕྱུར་བའི་གཟི་དཔལ་རྫོགས།།
ཞབས་ཟུང་འཁོར་ལོ་ཡུལ་གྲུ་ཀུན་ཏུ་བསྒྱུར།།
ཉམས་རྟོགས་ས་གསུམ་མཛེས་པའི་མེ་ཏོག་བཞད།།
གཞན་ཕན་སྦྲང་རྩིའི་བཅུད་ཀྱིས་བང་མཛོད་བཀང་།།
རིག་པའི་དཔའ་བོ་ཁྱེད་འདྲ་སྲིད་ན་དཀོན།།
བོན་ནག་མིང་གི་གདུང་མ་འདེགས་པའི་ཁུར།།
བཞེས་པའི་ཁྱེད་སྐུ་ཀ་བའི་དཀྱིལ་འཁོར་ལ།།
ཡེ་ཤེས་བཀྲ་ཤིས་རི་མོའི་བཟོ་བཀོད་ཀྱིས།།
བློ་གྲོས་བ་གམ་རྒྱས་པའི་རྟེན་འབྲེལ་ཤར།།
གསས་ཆེན་འབུམ་གྱི་དབུས་ན་མངོན་མཐོ་བའི།།
བུ་མཆོག་འཇིགས་མེད་སྤོབས་པའི་མངའ་བདག་ཁྱོད།།
རང་གྲོལ་སྤངས་རྟོགས་རྒྱས་པའི་འཕྲིན་ལས་ཀྱིས།།
གདོང་ལྔའི་ཁྲི་ལ་འགྱིང་བའི་སྐལ་བཟང་རྙེད།།
འཆད་པའི་དབྱར་རྔ་ལྡིར་བའི་དབྱངས་རྟ་ལ།།
རྩོད་པའི་གློག་ཞགས་འཁྱུག་པའི་ཉམས་དོད་དེ།།
རྩོམ་པའི་ཆར་བ་ཤག་ཤག་འཇོ་བའི་རྒྱུན།།
བློ་གསལ་དབྱིག་འཛིན་རྒྱས་པའི་གྲོགས་སུ་གནང་།།
རྒྱལ་སྲས་བགྲོད་པའི་ལམ་ལས་མ་ཡེངས་བར།།
རོང་ཡུལ་སློབ་གླིང་ཀུན་དགའི་སྐྱེད་ཚལ་ནས།།
དད་ལྡན་འཛུམ་དཀར་རྒོད་པའི་མེ་ཏོག་ཕྲེང་།།
ལྷག་བསམ་ཉི་མ་གཞོན་ནུའི་འོད་ཀྱིས་གསོས།།
ཕུགས་བསམ་སྐྱ་རེངས་འོད་ཀྱི་དབུ་ཁྱུད་ཀྱིས།།
དྲངས་པའི་དྲོད་འཇམ་རིན་ཆེན་གཏེར་གྱི་ཁྱིམ།།
གསོས་པའི་རླབས་ཆེན་བྱ་དཀའི་སྤྱོད་བཟང་འདི།།
འགྲོ་བའི་མིག་གི་རྒྱན་དུ་འདི་ནས་མཆེད།།
རང་དོན་རྩེར་ཆིབ་ཡོན་ཏན་འབྲས་བཟང་རྒྱས།།
གཞན་དོན་ལྷུན་གྲུབ་བློ་ལྡན་འཁོར་འདབ་རྫོགས།།
རྒྱལ་སྲས་བྱེ་བའི་བསྔགས་ཡུལ་ཁྱེད་ལྟ་བུ།།
སྲིད་པ་གསུམ་ན་ཉིན་མོའི་སྐར་མར་སྣང་།།
ང་རྒྱལ་ཁྲི་ལ་འགྱིང་བའི་སྟོབས་རྫོགས་ཀྱང་།།
ཞི་དུལ་སྤྱོད་པའི་རང་བཞིན་མ་ནོར་ལམ།།
ལམ་དུ་བཟུང་ནས་ཤེས་རབ་ཆུ་གཏེར་རླབས།།
གཤེན་བསྟན་ས་གཞིའི་ཁམས་སུ་དྲག་ཏུ་འཕྱུར།།
མ་ཆགས་སེམས་ཀྱི་ཡུམ་ཆེན་དགྱེས་པའི་འཛུམ།།
སྐལ་ལྡན་བུ་ལ་གཏད་པ་བརྩེ་བའི་ནོར།།
དམིགས་མེད་ཕྱོགས་མཐར་བསྐྱལ་བའི་མཛད་རྗེས་དེ།།
གཟུགས་སུ་བཀྲམ་ན་སྟོང་གསུམ་སྣོད་དུ་ཆུང་།།
ཚུལ་འཆོས་ཤོག་བུའི་སྟག་གི་ཉམས་འགྱུར་ལ།།
སྙིང་བོའི་བཀྲག་མདངས་རྒྱས་པ་མ་མཐོང་བར།།
ཚུལ་ཁྲིམས་འདབ་དྲུག་བརྩེགས་པའི་རྩེ་མོ་ནས།།
གཏན་བདེའི་གད་བསྒྱིངས་སྒྲོགས་པ་ཁྱེད་ཉིད་ཡིན།།
གནོད་པར་བསྲན་ཚུགས་དད་པའི་ས་གཞི་བརྟན།།
འགྲོ་དྲུག་མར་ཤེས་བྱང་ཆུབ་ལྗོན་བཟང་རྒྱས།།
གསང་སྔགས་བསྐྱེད་རྫོགས་གདམས་པའི་ཁུར་གྱིས་ལྕི།།
སེམས་དཔའ་ཆེན་པོ་ཁྱེད་ལ་གུས་ཕྱག་འཚལ།།
དགེ་ལ་མངོན་པར་སྤྲོ་བའི་ཅང་ཤེས་ཀྱིས།།
རིག་གཞུང་ས་གཞི་མ་ལུས་འགྲིམས་པའི་མཐུས།།
ཆུ་བུར་མིག་གི་སྣང་ཡུལ་མ་ཡིན་པའི།།
ལུང་རྟོགས་བསྟན་པའི་ལྟད་མོ་མངོན་སུམ་མཐོང་།།
མི་གཡོ་ཏིང་འཛིན་རི་རབ་ལྷུན་པོའི་ལྟོར།།
ཞི་ལྷག་ཉི་ཟླའི་འོད་སྟོང་སྦྲུམ་པ་ཁྱོད།།
འཇིག་རྟེན་མ་ལུས་གསལ་བའི་ཁྲིར་བཀོད་པས།།
སྣང་གསལ་སྒྲོན་མེའི་མཚན་ཉིད་བདག་ཏུ་བཟུང།།
ཤེས་རབ་འཁོར་གསུམ་མཚོན་གྱི་དཔུང་སྦྲེལ་ནས།།
མ་རིག་བདུད་ཚོགས་བཅོམ་པའི་རྒྱལ་ཁ་ཡིས།།
མཁན་པོའི་མཚན་བཟང་དབྱར་རྔ་རྒོད་པའི་སྒྲ།།
བློ་གསལ་མདོངས་མཐའ་དགྱེས་པའི་དཔལ་དུ་བསྒྲགས།།

ཡེ་ཤེས་མེ་དཔུང་འབར་བའི་སྟོབས་མཆོག་གིས།།
མ་འོངས་མྱུ་གུ་རྒྱས་པའི་དགའ་སྟོན་བསྐྲུན།།
བློ་གྲོས་མི་དམན་ཕུན་ཚོགས་ལོངས་སྤྱོད་གཏེར།།
འགྲོ་བའི་བསོད་ནམས་དར་བའི་དཔལ་དུ་འབྱོར།།
སྙིགས་མའི་བདུད་ལྔ་ཡེ་ཤེས་མཚོན་ལྔས་བཅོམ།།
ཡུལ་མཆོག་གནས་བཞིར་བསྟེན་པས་དགོས་བཞི་འཕེལ། །

དུག་གསུམ་བཀྲུས་པས་ལུས་ངག་ཡིད་གསུམ་དག།
བདེན་གཉིས་རྟོགས་པས་རང་གཞན་དོན་གཉིས་གྲུབ།།
ངོ་མཚར་ཕུན་ཚོགས་བྱེ་བའི་ཁྱད་བོན་རེ།།
འཁྲུལ་སྣང་སྤྲེ་འུའི་རྩལ་གྱིས་མ་ཟིན་ཀྱང་།།
མཚུངས་མེད་དཔལ་ལ་ཆགས་པའི་རྒྱུ་སྐར་ཕྲེང་།།
གཟི་བྱིན་ཟླ་བའི་འཁོར་ན་ལྷམ་མེར་བཞད།།
གང་གི་གསང་གསུམ་ཕ་རོལ་མ་མཐོང་བའི།།
མིག་མཐོང་ལག་ཟིན་ཙམ་གྱི་བསྔགས་ཚིག་འདི།།
རྣམ་ཐར་ལྗང་མྱུག་རྒྱས་པའི་ས་བོན་དུ།།
སྒྲུབ་པའི་འདུན་པ་མེ་དཔུང་བཞིན་དུ་མཆེད།།
འོན་ཏང་བློ་གྲོས་གོམ་སྟབས་མི་ལྡན་པའི།།
ཉམ་ཆུང་སེ་འུ་བཅུ་བ་བདག་འདྲ་ཡིས།།
འདི་འདྲ་འདེགས་པ་ཁུར་དུ་མི་འོས་ཀྱང་།།
དད་མོས་མདའ་མོ་ལྟོང་ལས་འདི་ལྟར་ཤོར།།
ཉེས་བཤད་ས་རྡུལ་རྩུབ་པའི་ཁོར་ཡུག་ནས།།
ལེགས་བཤད་འོད་སྣང་འབྱིན་པར་མི་ནུས་ཕྱིར།།
འཕྲུལ་ཡིག་བཞི་བཅུའི་སྦྱོར་སྡེབ་འཕྲུལ་འཁོར་ལ།།
དག་གཙང་རྒྱན་སྤྲས་མ་ནུས་མཐོལ་ལོ་བཤགས།།
ཡིན་ཡང་བཅོས་མའི་ཚིག་གི་མེ་ཏོག་གིས།།
ཡིན་མདོག་སྟོན་པའི་ལེགས་སྐྱེས་མ་ཡིན་པ།།
དོན་དངོས་ཤར་རིའི་ས་འཛིན་རྩེ་མོ་འདི།།
དོན་ལྡན་ལུང་རྟོགས་འོད་སྣང་འགྱེད་པའི་ཡུལ།།
ཅེས་པ་འདི་ནི་2015ལོའི་བོད་ཟླ10བའི་ཚེས11ལ་དྲུང་མུ་གྱེར་དུ་འབོད་པ་བདག་གིས་མཁན་པོ་ཡེ་ཤེས་བློ་གྲོས་མཆོག་གི་ཟོལ་མེད་རང་བཞིན་དེ་དད་པའི་ཡུལ་དུ་བཟུང་ནས་བྲིས་པ་འདི་ཡིས་འགྲོ་ཀུན་བདེ་དགེ་ལེགས་ཚོགས་རྒྱས་པའི་རྒྱུ་རུ་གྱུར་ཅིག།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།