ས་བློན་ཆོས་ནས་བླ་མ་བོན་བརྒྱ་བ་དྲན་པ།

564
 རྩོམ་པ་པོ། བསོད་ནམས་འོད་འབར།
དབུ་དཀར་པོ་ཏི་སེ་ཡི་མདོག་ཅན །།
ཤིང་བེ་དཀར་ཉིན་མཚན་དུ་ལྕིག་རྒྱུན།།
གནས་དབེན་པ་སྨན་རི་ཡི་གནས་ཀྱི།།
རྗེ་བཀའ་དྲིན་མཚུངས་མེད་ཀྱི་བླ་མ།།
ཡིད་དྲན་ཤིང་གདུང་བ་ཡི་དུས་སུ།།
སྙིང་རུས་པའི་གཏིང་རུམ་ནས་དྲན་འོང།།
མྱི་ལས་མེད་སྐལ་མེད་ཀྱི་བུ་ལོས།།
ཡུལ་མཐའ་འཁོབ་བློན་ཆེན་གྱི་སྡེ་རུ།།
རྗེ་དྲན་ན་ཡིད་སེམས་འདི་སྐྱོམས་ཐལ།།

ལུས་ཞུགས་ལྕེ་ཚ་ཚ་རུ་ནུབ་པ།།
ཡིད་མོག་མོག་མུན་དུང་དུ་ལྷུང་འདྲའི།།
འདི་འཁོར་བའི་སྡུག་བསྔལ་གྱིས་བྲན་དུས།།
རྗེ་བླ་མའི་ཐུགས་རྗེ་ཡིས་ཟིན་ཤོག།
བོན་ཟབ་གསལ་དོན་རྒྱས་ཀྱི་ལྟ་བ།།
ལམ་མ་ནོར་སྐལ་ལྡན་ལ་སྟོན་མཁན །།
རྗེ་མཚུངས་མེད་དྲིན་ཆེན་གྱི་ཅི་པར།།
ཡིད་དབུས་ཀྱི་མེ་ཏོག་ལ་བཞུགས་རོགས།།
འདི་གསེར་ཞུན་རྫོགས་ཆེན་གྱི་གདམས་པ།།
དོན་གནས་ལུགས་གནད་ཕུགས་སུ་འབྱིན་པ།།
སྩོལ་མཁས་པའི་སྐྱབས་མགོན་དེ་དྲན་ན།།
འདུག་མི་འདོད་ཡུལ་ཕྱོགས་དེ་འཕུར་འདོད།།
ཚེ་གང་བོར་དོན་ལྡན་གྱི་རྟེན་དེ།།
ཆུད་མི་ཟ་ཐར་ལམ་དུ་བསྙེགས་པའི།།
རྗེ་གཅིག་མཆོག་མཚུངས་མེད་ཀྱི་བླ་མ།།
ཡིད་དར་གྱི་རྩེ་མོ་ནས་དྲན་འོང་།།
ཚེ་མི་རྟག་འཇའ་ཚོན་གྱི་རི་མོ།
ལུས་མི་རྟག་སྐད་ཅིག་ལ་རྒས་པ།།
དོན་རྟོགས་ཀྱང་གཙུག་རྒྱན་གྱི་བླ་མ།།
ལུས་རྒས་པའི་ངང་ཚུལ་དེར་བསམ་ན།།
ཤ་མཆིན་པའི་གཏིང་རུམ་ནས་སྡུག་འོང་།།
མི་མདོ་མེད་གྲལ་མཐར་རུ་གནས་པ།།
སེམས་འཇིག་རྟེན་སྲེད་པ་ལ་ཆགས་པ།།
འདི་བསམ་ན་ངེས་ལེགས་དེ་ལྟ་ཅི།།
འདི་མངོན་མཐོའི་བདེ་འབྲས་ཀྱང་རྙེད་དཀའ།།
མ་འདྲ་བའི་མཚུངས་བྲལ་ཀྱི་དཔོན་གསས།།
སེམས་ངོ་བོ་ཀ་དག་གི་གཤིས་འདི།།
ངོས་ཟིན་ནས་བདེ་ཆེན་གྱི་ཀློང་དུ།།
ཡིད་བརྗོད་མེད་བོན་སྐུ་ཡི་ས་ལ།།
འཚང་རྒྱ་ནས་འགྲོ་རྣམས་ལ་ཕན་ཤོག

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།