ཤིས་ཚིག་པདྨ་དཀར་པོའི་རང་མདངས།

ཤིས་ཚིག་པདྨ་དཀར་པོའི་རང་མདངས།

འཇིགས་མེད་བཤད་སྒྲུབ་རྒྱ་མཚོ།

DSCF6491

རྨད་བྱུང་དགེ་མཚན་རྩིབས་སྟོང་འཁོར་ལོལེགས་བྱའི་སྤྲིན་གྱི་གདུགས་དཀར་པོ།།

འགག་མེད་གསུང་དབྱངས་གཡས་འཁྱིལ་དུང་སྒྲས་མཁས་རྒུའི་འཛིན་བྱེད་རྒྱལ་མཚན་མཐོ།།

ཟབ་གསང་ལྷུན་གྲུབདཔལ་བེའུའི་རི་མོ་ས་ཆེན་གསེར་ཉའི་བསྒྲོལ་ལམ་མྱུར།།

ཕན་བདེ་རྒྱ་མཚོའི་བཅུད་བལྟམས་བུམ་བཟང་ཏོག་ཆེན་པད་དཀར་མཛེས་པར་བཞད།།

 

རིང་ནས་གདོད་མའི་རྒྱལ་སར་གཤེགས་ཀྱང་རང་བཞིན་གཡོ་བ་མེད་པའི་ངང་།།

ངང་ལས་མ་གཡོས་སྐུ་ལྔའི་རང་མདངས་ངང་གིས་མཚན་དཔེའི་རི་མོ་བཀྲ།།

བཀྲ་གསལ་རྒྱ་མཚོའི་སྐལ་བཟང་སྟོང་གི་བདེ་གཤེགས་གཙོ་བོའི་བཀྲ་ཤིས་ཀུན།།

ཀུན་གྱི་མོས་ངོར་སྣང་ཚུལ་ཇི་བཞིན་ཀུན་བཟང་གཟུགས་སྐུའི་ཉི་མ་ཤར།།

 

ཕྱི་ཚུལ་འདུལ་ཁྲིམས་པད་མ་དཀར་པོ་ཕྱི་ནང་རང་མདངས་ངོམ་བཞིན་མཛེས།།

ནང་ཁྲིམས་དམ་ཚིག་རིན་ཆེན་ཤེལ་དཀར་ཕྱི་ནང་སྣོད་བཅུད་ལྷ་སྐུའི་རོལ།།

གསང་བ་ཟབ་མོ་ཟུང་འཇུག་ཕྱག་རྒྱའི་གསང་བདག་གཡུང་དྲུང་འགྱུར་མེད་རྩལ།།

ཀུན་འདུས་དཔོན་གསས་རིག་བརྒྱའི་བདག་ཉིད་ཀུན་ནས་དྭངས་པས་གསོལ་བ་འདེབས།།

 

འཆད་པས་མཁས་མང་ལྗགས་རྩེ་དལ་བའི་གཟི་བྱིན་འབར་བའི་འོད་སྣང་འཚེར།།

རྩོད་པས་ལོག་རྟོག་གངས་ཀྱི་རི་བོ་ཟེགས་མ་འབུམ་གྱིས་བཞུས་པའི་རྒྱུན།།

རྩོམ་པས་རིག་བྱེད་སྨྲ་བའི་དབང་རྣམས་དོགས་རྒྱའི་ཀློང་དུ་ངལ་གསོར་ཚུད།།

ཕྱོགས་ཀྱི་མཁས་མང་རྒྱ་མཚོའི་དཔལ་ནི་འཕགས་པའི་ཟླ་གཞོན་འོད་དཀར་འཕྲོ།།

 

ཕྱོགས་བཞི་དབུས་ལྔའི་རི་ཚོམ་གངས་རིས་ཡོངས་སུ་བསྐོར་བའི་ཕྱོགས་འདིའི་ཞིང་། །

ཕྱོགས་བཅུའི་རྒྱལ་བའི་ཐུགས་བཅུད་སྙིང་པོ་ལུང་རྟོགས་བསྟན་པ་ཕྱོགས་ཀུན་ཏུ།།

ཕྱོགས་མཐར་སྤེལ་བའི་མཛད་རྗེས་རི་མོས་ས་ཆེན་ཁྱོན་ལ་ཕྱོགས་རྡུལ་འཆའ།།

ཕྱོགས་ལས་རྣམ་པར་རྒྱལ་བའི་གྱེར་བསྟན་གསེར་ལྗོངས་ཕྱོགས་ན་ཉི་མ་ཤར།།

 

ཕྱི་ནང་གཙུག་ལག་རྒྱ་མཚོའི་ཀློང་།། ཕྱི་ནང་མེད་པར་གསེར་བཟང་གྲུས།།

ཕྱི་ནང་རིས་མེད་ཤེས་རབ་དར།། ཕྱི་ནང་ནོར་གྱི་མཛོད་ལ་དབང་།།

 

ད་ནི་མི་འགྱུར་ལྷུན་པོ་སྐུ་ཡི་རྒྱལ་མཚན་མཐོན་པོར་བསྒྲེངས་པའི་རྟིང་།།

གཡོ་མེད་བརྟན་བརླིང་སྲོག་གི་ཀ་ཆེན་གསེར་གྱི་འཛིན་མར་བརྡལ་བའི་ཁྱོན།།

འཚོ་མཛད་ཚེ་མཐའ་ཡས་པའི་ངོ་བོར་བཞེངས་པའི་གཟུགས་སྐུ་ཉི་མ་གཞོན།།

དགོངས་བཞེས་བཅུ་ཕྲག་རྣམ་འདྲེན་གྲངས་འདིའི་དགུང་སྟོན་ཆེན་མོར་རྟེན་འབྲེལ་ཞུ།།

 

འཇིགས་མེད་དགོངས་བཞེད་དམ་པའི་ཚལ་ནི་རིང་དུ་འཚོ་བའི་རེབ་གོང་བུ།།

བུ་ངས་བཀའ་དྲིན་མཚོན་ཙམ་བྲིས་འདི་གཟུར་གནས་མགུ་བའི་ལེགས་བཤད་མིན།།

མིན་མིན་ཆུང་ནས་ཡུན་དུ་བསྟེན་ཅིང་དད་དམ་གཙང་བའི་གྲལ་མཐའ་བས།།

བས་མཐའི་སྒྲུབ་གནས་གསེར་ལྗོངས་སྟོད་ཆར་སྨན་རི་གླིང་ནས་བྲིས་པ་དགེ།།

    ཞེས་ཤིས་ཚིག་པད་མ་དཀར་པོའི་རང་མདངས་དད་པའི་སྙིང་པོ་འདི་ནི་བདག་ཅག་གི་དཔལ་བའི་མིག་དང་ཁོང་གི་སྙིང་ལྟར་གྱུར་བའི་དཔོན་གསས་ཆེན་པོ ྋ    སྐྱབས་རྗེ་བོན་བརྒྱ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པའི་བཀྲ་ཤིས་ལྷ་དར་གྱི་རྟེན་མཚོན་ཙམ་དུ་མགོན་པོ་གང་གི་ཞབས་རྡུལ་སྤྱི་བོར་ཡུན་རིང་དུ་བསྟེན་པའི་སྐལ་བ་ཅན་འཇིགས་མེད་བཤད་སྒྲུབ་རྒྱ་མཚོས་བོད་ཟླ༡༡པའི་ཚེས༣ཉིན་སྒོ་གསུམ་གུས་པ་ཆེན་པོས་ཕུལ་བའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།