སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་ལ་ཕུལ་བའི་བརྟན་བཞུགས་ཤིས་རྩོམ་རྟག་བརྟན་གཤེན་གྱི་ལྷ་རྔ།

སྲིད་རྩེ་ན་སྙན་པར་གྲགས་པའི་རྟག་བརྟན་གཤེན་གྱི་ལྷ་རྔ།

རྩོམ་སྒྲིག་པ། མང་བུ།        རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།


དགེ་ལེགས་རླབས་ཆེན་ཉི་འོད་དགུང་ནས་འཕྲོས།།
ལྷུན་གྲུབ་སྤྲིན་གྱི་མེ་ཏོག་ཆར་དུ་འཇོ།།
རྒྱ་མཚོ་མཐའ་ཡས་སློབ་ཚོགས་སྙིང་གི་དཔྱིད།།
བོན་བརྒྱ་ཐམས་ཅད་མཁྱེན་པར་གསོལ་བ་འདེབས།།
མདོ་རྒྱུད་མན་ངག་གནད་དོན་ཐུགས་རྒྱུད་འབྱོངས།།
སྔགས་དོན་གསང་ཆེན་ལྟ་བའི་སྒྱུར་ལམ་པ།།
རྫོགས་ཆེན་ཀ་དག་ལྷུན་གྲུབ་ཡེ་ནས་གྲོལ།།
བོན་བརྒྱ་དགེ་ལེགས་རྒྱ་མཚོར་གསོལ་བ་འདེབས།།

 ཞེས་པའང་གངས་ཅན་མཁས་མང་བྱེ་བའི་གཙུག་རྒྱན་བོན་བརྒྱ་ཐམས་ཅད་མཁྱེན་པ་རིན་པོ་ཆེ་གང་གི་ཞབས་བརྟན་བཞུགས་ཙམ་དུ་རྒྱ་ནག་འཕོ་ཆེན་གྲོང་འཇུག་གི་བླ་རབས་ཉེར་གསུམ་པ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་ཏུ་འབོད་པས་སྒོ་གསུམ་གུས་ཕྱག་དང་བཅས་ཏེ་ཕུལ་བ་དགེ་གྱུར་ཅིག།

བོན་བརྒྱ་བླ་རབས་རྒྱུ་སྐར་བདལ་བའི་ཁྲོད།།
དགེ་ལེགས་སྟོབས་བཅུའི་ཆ་ཤས་ཡོངས་གང་ཞིང་།།
ལྷུན་གྲུབ་སྐུ་ལྔའི་ཟླ་བ་འོད་དཀར་ཅན།།
གདུལ་བྱ་རྒྱ་མཚོ་འདྲེན་པའི་མཁའ་རུ་རྩེན།།

རྒྱལ་ཀུན་འདུས་ཞལ་བླ་ཆེན་རྣམ་རོལ་གར།།
མདོ་ཁམས་སྨད་ན་སྐྱབས་རྗེ་བོན་བརྒྱའི་མཚན།།
ཟླ་མེད་མཁས་གྲུབ་གངས་ཀྱི་སེང་གེ་ཞེས།།
ཤེས་བྱའི་ཕ་མཐར་བརྒལ་བའི་མགོན་དེར་འདུད།།

ཅེས་བདག་ཅག་གི་དགེ་བའི་བཤེས་གཉེན་དམ་པ། གསང་ཆེན་རིག་པ་འཛིན་པའི་བདག་ཉིད་ཆེན་པོ༧སྐྱབས་རྗེ་བླ་མ་བོན་བརྒྱ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་ལ་བོན་དད་སློབ་འབངས་མང་ཚོགས་ཀྱིས་མཎྜལ་བརྟན་བཞུགས་རྒྱས་འབུལ་བྱེད་པའི་གནས་ཚུལ་རྣ་བའི་བུ་གར་སོན་རྗེས་སུ། གུས་སློབ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བར་འབོད་པ་དེས་ཞིག་ཆེན་གྲུབ་པའི་གདན་ས་མཆོག་གྱུར། དཔལ་གཤེན་བསྟན་རྩེ་ཞིག་དགོན་ནས་དད་འདུན་ཆེན་པོས་བསྐུལ་ཏེ་ཕུལ་བ་དགེ་གྱུར་ཅིག ༢༠༡༧་༡་༡༡ཉིན།

དགེ་ལེགས་མཚན་དཔེ་འབར་བའི་དཀྱིལ་འཁོར་ལ།།
ལྷུན་གྲུབ་འཕྲིན་ལས་གཟི་འོད་ཕྱོགས་སུ་རྒྱས།།
སྐལ་བཟང་གདུལ་བྱ་རྒྱ་མཚོའི་མགོན་གཅིག་པུ།།
མཁས་དང་གྲུབ་པའི་དབང་ཕྱུག་བོན་བརྒྱ་རྗེ།།

སྙིགས་མ་ལྔ་བདོ་དུས་ངན་ཐ་མ་འདིར།།
ངེས་པ་དོན་གྱི་སྐྱབས་དམ་པ་ཁྱེད།།
སྐུ་ཚེ་མི་འགྱུར་ལྷུན་པོ་བཞིན་བརྟན་ཅིང་།།
དོན་གཉིས་མཛད་འཕྲིན་མཐའ་རུ་ཕྱིན་པར་ཤོག།
 

 སྤྲུལ་སྐུ་ལྷུན་གྲུབ་དཔལ་ཆེན་རྒྱ་མཚོ་ནས་གུས་པས་ཕུལ།

ཞི་དུལ་པད་དཀར་འདབ་མ་བརྒྱ་པའི་སྐུ།།
ལེགས་བཤད་གདོང་ལྔའི་སྒྲ་དབྱངས་སྒྲོག་པའི་གསུང་།།
ཕྲ་ཞིབ་མཁྱེན་རབ་ཉི་མ་འབར་བའི་ཐུགས།།
བོན་བརྒྱ་བླ་མ་འཛམ་གླིང་མཛེས་པའི་རྒྱན།།

བསླབ་གསུམ་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་ཤིང་།།
འཆད་རྩོད་རྩོམ་པའི་འོད་དཀར་འབུམ་འགྱེད་པས།།
འཛམ་གླིང་མཁས་ཚོགས་ཁྲོད་ན་ལྷམ་མེ་བ།།
ཀུན་མཁྱེན་བོན་བརྒྱ་བླ་མ་ཞབས་བརྟན་ཤོག །

 བྱ་འཕུར་གཡུང་དྲུང་དབང་རྒྱལ་ནས་གུས་པས་ཕུལ།

དགེ་ལེགས་དགེ་བཅུ་རྣམ་དཀར་དཔལ་གྱིས་ཕྱུག།
ལྷུན་གྲུབ་ལྷུན་རྫོགས་གནས་ལུགས་མཐར་གྱིས་ཆུབ།།
རྒྱ་མཚོ་རྒྱ་ཆེན་མཐའ་ཡས་རིག་པའི་གནས།།
ཀུན་མཁྱེན་ཀུན་ནས་མཁྱེན་པར་གསོལ་བ་འདེབས།།

གསོ་བྱེད་སྨན་གྱི་རི་བོ་གཉིས་པ་ལ།།
གཅན་ལྔ་རིན་ཆེན་མར་ཞིའི་ཁྲི་ཆེན་ལ།།
བསྐལ་བར་བརྟན་བཞུགས་གསོལ་བའི་སྨོན་པ་ཡང་།།
སྙིང་ནས་འདེབས་སོ་བྱིན་གྱིས་རློབས་གྱུར་ཅིག།

  ཞེས་དམ་པ་གང་གི་སྐྱབས་འབངས་ཡོངས་ཀྱི་གྲལ་མཐར་གནས་པ་ལས་བསོད་ཅན་སྤྲུལ་མིང་བ་འཇིགས་མེད་བློ་གྲོས་ཀྱིས་གུས་བཏེགས།

མདོ་སྨད་ཁྲི་ཤོར་རྒྱལ་མོའི་ཕང་བ་ནས།།
སྐྱེ་རྒུའི་མུན་པ་དག་པར་འཁྲུད་མཛད་ཅིང་།།
རིག་པའི་ཟེགས་མ་སྙིང་ལ་འཐོར་བ་པོ།།
སྐྱབས་ཀྱི་གཙུག་རྒྱན་བོན་བརྒྱ་པནྡིཊ།།

མཁྱེན་རབ་ཡེ་ཤེས་གངས་ཀྱི་ཟླ་བ་ལས།།
མདོ་སྔགས་བསྟན་པའི་ཆུ་ཀླུང་རབ་རྒྱས་ཤིང་།།
གཤེན་བསྟན་སྣང་བར་བྱེད་ལ་འགྲན་བྲལ་རྗེ།།
བསྐལ་བ་བརྒྱ་ཡི་བར་དུ་བརྟན་བཞུགས་མཛོད།།
             

བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། 

ཨ་དཀར་སེམས་ཉིད་དགོངས་མཛོད་བུམ་བཟང་ལགས།།

འཆད་རྩོད་རྩོམ་གསུམ་བོན་དབྱངས་དུང་སྒྲ་ལྡིར།།

སྒྲིབ་བྲལ་ཟག་མེད་ཐུགས་ཀྱི་དཔལ་བེའུའི་ཀློང་།།

མཁྱེན་རབ་སྒྱུ་འཕྲུལ་བྱེ་བའི་གསེར་ཉ་འཕྱོ།།

 

བོན་འཁོར་རྩིབས་སྟོང་ཡངས་པའི་ཁམས་ཀུན་བསྒྱུར།།

གྱེར་བསྟན་མི་ནུབ་རྒྱལ་མཚན་སྒྲེང་བའི་གཉེན།།

གཤེན་བསྟན་གདུགས་དཀར་སྤོར་བའི་བོན་བརྒྱ་བ།།

ཞབས་པད་སྲིད་མཐའི་བར་དུ་རྟག་བརྟན་ཤོག།

 ཅེས་མཁས་གྲུབ་གཉིས་ལྡན་གྱི་ངེས་པ་དོན་གྱི་བདག་ཉིད་ཆེན་པོ་ཨ་ལགས་བོན་བརྒྱ་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་སུ་དད་གུས་དྲག་པོའི་སྒོ་ནས་བཀྲ་ཤིས་རྟགས་བརྒྱད་ཀྱིས་བརྒྱན་པའི་མཆོད་ཚིག་མེ་ཏོག་ཚོམ་བུ་ཞིག་འབུལ་ལོ།།           གུས་སྤུ་རྒྱལ་བས།

རྨད་བྱུང་དགེ་བའི་ལེགས་ཚོགས་ཆོས་ཀྱི་ཆར་བའི་རྒྱུན། །

ལྷུན་གྲུབ་བདེ་བ་ཆེན་པོའི་སྤྲིན་གྱི་ཀློང་རུམ་ནས། །

ལུས་ཅན་རྒྱ་མཚོའི་སྙིང་ལ་སྩོལ་མཛད་བོན་བརྒྱ་བར། །

སྒོ་གསུམ་མི་ཕྱེད་དད་པས་གུས་ཕྱག་ལན་མང་འབུལ། །

 

དགེ་ལེགས་མཚན་དཔེ་རྫོགས་པའི་སྐུ་ལ་འོད་འཕྲོས་ཏེ།།

ལྷུན་གྲུབ་འགག་མེད་གསུང་དབྱངས་སྙན་མོ་རབ་སྒྲོག་ཅིང་། །

ཀུན་རྟོགས་རྒྱ་མཚོའི་ཐུགས་ན་ནོར་བུའི་གཏེར་བརྡོལ་བའི།།

མཚན་ལྡན་བླ་མའི་སྐུ་ཚེ་བསྐལ་བརྒྱར་བརྟན་གྱུར་ཅིག །

                སྙན་བཟང་གཡུང་དྲུང་ཚེ་རིང་། (ཧྥ་རན་སི)

གཤེན་རབ་མི་བོས་ཐེག་པ་རིམ་དགུ་སྤེལ།།
ཐེག་དགུའི་གསང་བ་འབྱེད་པའི་གཤེན་གཅིག་མཆིས།།
ཐམས་ཅད་མཁྱེན་པར་གྲགས་པའི་བོན་བརྒྱ་བ།།
མཆོང་གུར་དབུས་སུ་འབྲལ་མེད་ངང་བཞུགས་མཛོད།།

རྔ་འདི་རྒྱལ་བ་གཤེན་གྱི་རྔ་ཡང་ཡིན།།
དུས་འདིར་བོན་གཤེན་རྔ་ཐོགས་བོན་བརྒྱ་བས།།
ལན་གཅིག་རྡུང་ཞིང་སྙན་པའི་གྲགས་པ་ཡང་།།
སྲིད་འདིར་རྒྱས་ཤིང་སྐུ་ཚེ་རྟག་བརྟན་ཤོག།
   

          བོན་ནག་ཚང་ཡེ་ཤེས་བློ་གྲོས་ནས་གུས་ཕྱག་དང་བཅས་ཕུལ།

རང་བའི་གཞན་གཅེས་རྒྱལ་སྲས་དཔའ་བོའི་ཟླ།།
སྤངས་བསྒྱུར་གྲོལ་གསུམ་ལྟ་བའི་ཤེས་རབ་རྫོགས།།
མས་འཛེགས་སྤྱོད་པས་འགྲོ་དྲུག་སེམས་ཅན་གཅེས།།
ཁམས་གསུམ་འགྲོ་བའི་འདྲེན་སྟོན་བླ་མ་མཁྱེན།།

རྒྱལ་བའི་བཀའ་བོན་བརྒྱད་ཁྲི་བཞི་སྟོང་གི།
གནས་ལུགས་བདེན་གཉིས་ཟུང་འཇུག་ལྟ་བའི་དོན།།
གྲོལ་ལ་ལྷག་པའི་ཤེས་རབ་ཟབ་མོ་ཅན།།
དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རྟག་བརྟན་མཛོད།།
  

          དགེ་བཤེས་གཡུང་དྲུང་བསམ་གཏན།

མཚན་ཉིད་ཕར་ཕྱིན་སྡེ་ལ་ནང་བྱན་ཆུབ། །
རིམ་གཉིས་ཉམས་སུ་བསྟར་པའི་གསང་ཆེན་པ། །
གནས་ལུགས་རྗེན་པར་གཟིགས་པའི་བླ་མེད་པ། །
གངས་ཅན་མཁས་རྒུའི་གཙུག་རྒྱན་བོན་བརྒྱ་བ། །

དགེ་ལེགས་སྐུ་ལ་སྲིད་ཞིའི་གཟི་འོད་འཕྲོ། །
ལྷུན་གྲུབ་གསུང་མཆོག་དབྱངས་ཅན་མགྲིན་པ་ཅན།།
རྒྱ་མཚོའི་ཐུགས་ལ་ནོར་བུའི་གཏེར་གྱིས་གཏམས།།
གང་གི་སྐུ་ཚེ་བསྐལ་པར་བརྟན་བཞུགས་གསོལ།།

                མར་ནང་ཁྲི་གཡུང་དྲུང་ནས།

བོན་བསྟན་སྤྱི་དང་ཁྱད་པར་སྔགས་སེམས་གཞུང་། །
བརྒྱ་ཕྲག་སྙིགས་མའི་དཔལ་དུ་འདོམས་པ་ལ། །
དགེ་བའི་དེད་དཔོན་མཚུངས་མེད་བླ་མ་རྗེས། །
ལེགས་ཚོགས་ཆར་ཆེན་ཕབ་པའི་བཀའ་དྲིན་དྲན། །
ལྷུན་པོ་ལྟར་བརྗིད་གང་ཁྱེད་ཞབས་པད་བརྟན། །
གྲུབ་མཐར་འཁུ་བའི་ལོག་ཅན་ཚར་གཅོད་ཅིང་། །
རྒྱ་ཆེའི་མཛད་བཟང་རྒྱུན་རིང་སྐྱོངས་མཛོད་ཅེས། །
མཚོ་བྱུང་མགྲིན་པར་བསུས་ཏེ་ཁྱེད་ལ་གསོལ། །
 ཞེས་ངག་རིག་སྨྲ་བ་གཡུང་དྲུང་སྐལ་བཟང་དུ་འབོད་པས་འཕགས་པའི་ཡུལ་གྱི་བྱང་རྒྱུད་གཟི་བྱིན་འོད་སྟོང་འཕྲོ་བའི་གདན་ས་༧དཔལ་ལྡན་སྨན་གྱི་རི་བོ་ནས་2017/1/10ཉིན་གུས་པ་ཆེན་པོས་བཏེགས།
མདོ་སྔགས་རྫོགས་གསུམ་དགོངས་རྒྱ་བཀྲོལ་ཏེ་ཕྱི་ནང་ལྟ་བའི་རུ་ཤན་དབྱེ། །
བཅུ་རིག་གནས་ལ་གོམ་རྩལ་ཁྱུག་སྟེ་ལེགས་བཤད་གསུང་འབུམ་བཅུ་ཕྲག་བརྩམས། །
ལོ་རྒྱུས་རིང་མོའི་བདེན་དོན་བདར་ཏེ་མི་རིགས་ཤིག་གི་བླ་སྲོག་བཀོད། །
ཚིག་དོན་སྒོ་ཀུན་མཁྱེན་རྩལ་རྫོགས་པའི་དོན་ལྡན་མཁས་མཆོག་ཁྱེད་ལ་འདུད། །
གངས་དཀར་ལྷུན་པོའི་དབུ་རྨོག་མཐོངས་སུ་མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེངས། །
གངས་ཆབ་ཟེགས་མའི་རླབས་རྒྱུན་ཀློང་དུ་ལོ་རྒྱུས་སྟོང་གི་རྡོ་རིང་བསླངས། །
གངས་ལྗོངས་ཞིང་དུ་སྙན་པ་འབར་བའི་འཛམ་གླིང་མཁས་དགུའི་གཙུག་གི་ཏོག །
གངས་རིའི་ལྗོངས་ཀྱི་སྐྱེས་ཆེན་ཁྱེད་ཉིད་སྐུ་ཚེ་མི་བཤིག་བརྟན་གྱུར་ཅིག །
ཨ་ཀྲོང་རིན་ཆེན་རྒྱལ་མཚན། 

 

ཀ་ནས་ཡང་དག་བླ་མ་སངས་རྒྱས་ལ།།

ཁ་ལྔ་པད་ཟླ་རྟ་ལྗང་དར་ཟབ་གདན།།

ག་ཅ་ཞལ་ཟས་མཎྚལ་ལྷ་རྫས་བཤམས།།

ང་རྒྱལ་ཆགས་བྲལ་དད་པས་ལྷ་ཕྱག་འཚལ།།

ཅ་དག་དཀར་མངར་ཟས་སྣ་སྨན་བཟང་དང་།།

ཆ་ལང་རྔ་གཤང་སྒྲ་དབྱངས་སྙན་ངག་དཔལ།།

ཇ་ཆང་ཟླ་རྒྱས་མར་གསར་ཐང་མར་བརྡལ།།

ཉ་གང་ཟླ་ལྟར་ཞལ་མདང་གསལ་ལ་དྭངས།།

ཏ་ལྟ་རྒྱལ་བསྟན་ཉག་མ་ཕྲ་སྐབས་ལ།།

ཐ་མལ་བདག་ཅག་སྐྱབས་ལ་རྟག་བརྟན་མཛད།།

ད་ལྟ་བདག་ཅག་སྐལ་ལྡན་སྐྱབས་གནས་ལ།།

ན་ཚ་རྒས་མཛད་མ་གནང་དར་མར་བརྟན།།

པ་སངས་མདང་ལྡན་ལྷག་བསམ་རྣམ་པར་དག།

ཕ་མ་དགྲ་དང་བར་མ་ཐམས་ཅད་ལ།།

བ་ལང་ནང་ནས་ཡང་དག་ལམ་བཟང་བསྟན།།

མ་ཧཱ་མཁས་པ་བགྲང་ལས་འདས་པ་བསྐྱངས།།

ཙ་ཀ་ལྷ་སྔགས་ཟབ་ལམ་གནད་ལ་མཁས།།

ཚ་གྲང་དཀའ་སྤྱད་ངལ་བ་ཁྱད་བསལ་ནས།།

ཛ་ཡ་འཕགས་པ་དམ་པ་རྣམ་ཐར་ཅན།།

ཝ་ལྟར་མངན་བསམ་རང་རྒྱལ་རབ་སྤངས་ནས།།

ཞྭ་དཀར་བསྟན་ལ་ཡང་དག་འཆད་མཉན་མཛད།།

ཟ་ཉལ་འཆགས་དང་རྣམ་པ་ཐམས་ཅད་ལ།།

འ་ཞ་གསང་པས་ལམ་ལ་བསླབ་ལྟར་སྦྱང་།།

ཡ་རབ་རྣམ་ཐར་གནས་ལ་ལམ་བཟང་བསྟན།།

ར་བ་གངས་ཅན་ལ་རྒྱ་ཧ་ཅང་ལྡན།།

ལྭ་བ་ཟས་རྣམས་ཕལ་བ་ལྟར་མཛད་མཁན།།

ཤ་ཆང་ཁ་ཟས་སྣ་མང་སྔ་ནས་སྤང་།།

ས་ཆ་གང་ན་ཧ་ལམ་ཁྱད་འཕགས་གནས།།

ཧ་ར་ཞབས་པད་བསྐལ་བ་བརྒྱ་ཕྲག་བརྟན།།

ཨ་དཀར་གསང་སྔགས་བསྟན་པ་དར་རྒྱས་རྨད།།   །།

   ཅེས་པ་འདི་ནི་སྐྱབས་རྗེ་ཡིད་བཞིན་ནོར་བུའི་ཞབས་པད་བསྐལ་བརྒྱར་བརྟན་པའི་རྟེན་འབྲེལ་དུ་རྩེ་གཡུང་དྲུང་བསྟན་འཛིན་མིང་གིས་མགྱོགས་པར་བྲིས་ཏེ་ཕུལ་བས་བཀྲ་ཤིས་པར་གྱུར་ཅིག།།  །།

དགེ་ལེགས་བོན་སྐུའི་ལྷ་ལམ་དུ།།

ལྷུན་འགྲུབ་ལོངས་སྐུའི་ཉི་འོད་འབར།།

གདུལ་བྱ་རྒྱ་མཚོའི་པད་ཚལ་གཉེན།།

ཨ་ལགས་བོན་བརྒྱ་ཞབས་བརྟན་ཤོག།

 

རིང་རིང་ནུབ་ཕྱོགས་ཨ་རི་ནས།།

དད་དད་སོར་མོའི་འདུ་བྱེད་ཀྱིས།།

མྱུར་མྱུར་བྲིས་པའི་སྨོན་ཚིག་འདིས།།

གང་གང་སྐུ་ཚེ་བརྟན་གྱུར་ཅིག།

           ཀླུ་སྨྱོན་ཧེ་རུ་ཀ།       ཨ་རི།

བོན་སྒོ་བརྒྱད་ཁྲི་བཞི་སྟོང་སྟོན་པ་པོ།།
བརྒྱ་བའི་རྣམ་འདྲེན་གང་དེའི་བསྟན་པའི་ཚལ།།
དགེ་བསམ་བློ་སྣ་དང་པོ་བཀྲི་མཛད་མཆོག།
ལེགས་ཚོགས་རྩ་བ་དཔལ་ལྡན་བླ་མ་བསྟོད།།

ལྷུན་པོར་འགྲན་བཟོད་ཞབས་པད་གཡུང་དྲུང་བརྟན།།
གྲུབ་མཐའ་འཛིན་རྣམས་དབུས་ན་རྣམ་པར་རྒྱལ།།
རྒྱ་ཆེ་གསུང་གིས་སྨིན་གྲོལ་བོན་འཁོར་སྐོརད།།
མཚོ་གླིང་དང་བཅས་ཕྱི་ནང་མཆོད་སྤྲིན་སྤྲོ།།
  

    གསུང་སྐྱེས་གུས་སློབ་ཐ་ཤལ་བ་ཁྲི་བདེ་མཆོག་གམ་དྲ་མིང་ཁྲི་སྤྲེལ་སླག་ནས་ཕྱི་ལོ་༢༠༡༧ཟླ་༠༡ཚེས་༠༩ཉིན་ལ་གདན་ས་༧སྨན་རིའི་གླིང་ནས་གུས་པས་བཏེགས།

རྨད་བྱུང་དགེ་ལེགས་སྐུ་བརྗིད་གསེར་གྱི་རི།།
སྐུ་གསུམ་ལྷུན་གྲུབ་གཟི་བྱིན་བླ་ན་འབར།།
ཟླ་བྲལ་མཁྱེན་བརྩེ་འགྲོ་ཁམས་ཡོངས་ལ་སྙོམས།།
གདུལ་བྱ་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས།།

དམ་ཅན་རྒྱ་མཚོའི་མཐུ་བྱིན་ནུས་པས་གཟིགས།།
བསླུ་མེད་འཕྲུལ་ངག་བདེན་པའི་སྟོབས་ཀྱིས་སྲུང་།།
སྐལ་ལྡན་རྒྱ་མཚོའི་བསོད་ནམས་ཉམས་མེད་པར།།
མགོན་ཁྱོད་བསྐལ་བརྒྱའི་བར་དུ་བརྟན་བཞུགས་ཤོག།

 གང་གི་གུས་སློབ་ཏུ་གཏོགས་པ་གདོང་བཙུན་རྒྱ་ཐར་གྱིས་སྒོ་གསུམ་དང་བས་གསོལ་བ་རྩེ་གཅིག་ཏུ་བཏབ་པའོ།།

ཐུགས་ཀློང་རྒྱ་མཚོའི་རྩི་བཟང་ལས།།
ཟེགས་མ་ཙམ་ཞིག་མྱང་བའི་དགེས།།
བསྐལ་བར་བསགས་པའི་མུན་པ་ཡང་།།
སེལ་བའི་མཛད་བཟང་ཡིད་ལ་བསིལ།།

མཐོང་བས་དད་པ་ངང་གིས་འཕེལ།།
ཐོས་པས་ཤེས་རབ་ངང་གིས་གྲོལ།།
དྲན་པས་བསོད་ནམས་ངང་གིས་རྒྱས།།
འདོད་འབྱུང་མཚན་དཔེ་བརྟན་བཞུགས་མཛོད།།

    གང་གི་ཐུགས་བཅུད་མྱོང་བའི་གོ་སྐབས་བཟང་པོ་སྨིན་པ་གདན་ས་སྨན་གྱི་རི་བོའི་དགེ་བཤེས་ཀྱི་གྲལ་མཐའ་འཛིན་པ་ཤེས་རབ་དགེ་ལེགས་སུ་འབོད་པས་སྦྱར་བའོ།།

བྱང་གི་ཡུལ་ན་ཉི་མ་བྱང་གི་རྒྱལ།།
མི་ཡི་ཡུལ་ན་མི་ཡི་སེང་གེ་བ།།
བོན་གྱི་ཡུལ་ན་ཨ་ལགས་བོན་བརྒྱ་བ།།
སྐུ་ཆེན་གཡུང་དྲུང་ཁམས་སུ་རྟག་བརྟན་ཤོག།

རིག་འབྱུང་ཡུལ་ན་རིག་པའི་རྒྱལ་པོ་བ།།
སྨན་གྱི་རི་ལ་སྨན་མཆོག་རྣམ་རྒྱལ་བ།།
མདོ་སྨད་ཡུལ་གྱི་སྨྲ་མཆོག་བོན་བརྒྱ་བ།།
སྐུ་ཆེན་གཡུང་དྲུང་ཁམས་སུ་རྟག་བརྟན་ཤོག།

 ཅེས་བླ་མ་བོན་བརྒྱ་བའི་སྐུ་ཆེན་གཡུང་དྲུང་ཀ་བ་རྟག་བརྟན་ཡོང་བའི་སྨོན་ལམ་དུ་མདོ་སྨད་ཞིག་པོའི་གླིང་དུ་ཀ་ཤུལ་བསོད་རིན་དུ་འབོད་པས་སྦྱར་བའོ།།     

ཨེ་མ་མཁྱེན་རབ་འབུམ་གྱི་བརྩེ་དགའ་ཡིས།།
རིག་པའི་ལྷ་ལམ་གོམ་པས་གཞལ་མཛད་ཅིང་།།
བསྟན་པའི་དར་ཆེན་དགུང་དུ་སྒྲེང་མཁས་པ།།
ཡོངས་ཀྱི་བཤེས་གཉེན་བསྐལ་བརྒྱར་བཞུགས་སུ་གསོལ།།

 ཞེས་རྗེ་གང་ཉིད་ཀྱི་སློབ་བུའི་གྲལ་མཐའ་བ་ཁྱུང་བཟང་གིས་སྒོ་གསུམ་གུས་པས་ཕུལ་བ་དགེ།

བཅོས་མིན་ཀ་དག་ངོ་བོ་ལྷུན་གྲུབ་རྫོགས།།
རྩལ་སྣང་འགག་མེད་ཤུགས་འབྱུང་ལོངས་སྤྱོད་སྐུ།།
གཉིས་མེད་འོད་གསལ་ལས་རབ་སྤྲུལ་བ་མཛད།།
སྐུ་གསུམ་ངོ་བོ་ཐམས་ཅད་མཁྱེན་ལ་འདུད།།

གང་སྐུ་འགྱུར་མེད་ཐེར་ཟུག་རང་བཞིན་དུ།།
བསྟན་འགྲོའི་མཛད་པ་བསམ་ཡས་མཐའ་ལས་སུ།།
སྔ་རབས་འདས་པས་སྨོན་དབྱངས་ཤུགས་དྲངས་ཏེ།།
མགོན་པོ་རྟག་བརྟན་གཡུང་དྲུང་འོད་སྐུར་ཤོག།
  

ཅེས་བོན་བརྒྱ་རིན་པོ་ཆེ་མཚན་ནས་བརྗོད་པར་མི་ཕོད་པ་༧སྐྱབས་རྗེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་བརྟན་བཞུགས་རྒྱས་འབུལ་སྐབས་གུས་སློབ་སྟོང་སྲས་ལྷ་བུ་རུ་འབོད་པས་གུས་སུ་བཏེགས།      ༢༠༡༧.༡.༡༣

བསྐལ་ཆེན་འདུལ་མཛད་གཤེན་རབ་མི་བོ་ཡི།།
སྒོ་བཞི་མཛོད་ལྔ་ཐེག་པ་རིམ་དགུའི་བོན།།
ཕྱི་དར་བསྟན་པའི་སྒྲོན་མེ་སྦར་མཛད་པའི།།
བོན་བརྒྱ་སྨྲ་བའི་དབང་པོ་གུས་པས་བསྟོད།།

ཁྱད་པར་རྟག་གཟིགས་ཞང་བོད་ལོ་པཎ་གྱིས།།
རིག་པའི་རྩལ་བཏོན་སྨྲ་བའི་གདམ་ངག་སྟེ།།
སྙིགས་དུས་གདུལ་བྱའི་ཚོགས་ལ་སྟོན་མཁས་པའི།།
སྐྱབས་གཅིག་བླ་མའི་སྐུ་ཚེ་བརྟན་པར་ཤོག།

གཤེན་བསྟན་ཉི་མ་འཆར་ནུབ་རེ་རེའི་བར།།
ཁྱེད་ཅག་སྐྱེས་ཆེན་དུ་མའི་ཐུགས་སྟོབས་ཀྱིས།།
སྔ་འགྱུར་གཡུང་དྲུང་བོན་གྱི་བསྟན་པའི་དར།།
དགུང་དུ་བསྒྲེངས་པའི་བཀའ་དྲིན་སྲིད་ན་མཐོ།།
 

 ཞེས་སྨྲ་བའི་སྨྲ་བའི་དབང་བོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་ལ་གུས་པ་ལྷ་བུ་བློ་བཟང་གིས། 

རབ་འབྱམས་གཞུང་ལུགས་ཟབ་མོའི་ནོར་འཛིན་གཞིར།།
རྣམ་དཔྱོད་འཁོར་ལོའི་སྟོབས་ཀྱིས་དབང་བསྒྱུར་ཞིང་།།
ཤེས་བྱའི་གནས་ཀུན་མཛོད་ལ་མངའ་བརྙེས་པ།།
ཀུན་གཟིགས་བོན་བརྒྱ་བླ་མར་ཞབས་བརྟན་གསོལ།།

ལུང་རྟོགས་ཡོན་ཏན་ནོར་བུའི་ཁུར་ལྕི་ཞིང་།།
ལྷར་བཅས་སྐྱེ་རྒུའི་གཙུག་ན་མངོན་མཐོ་བའི།།
གཤེན་བསྟན་སྤེལ་ལ་ཟླ་མེད་བོན་བརྒྱ་བ།།
ཚེ་རབས་ཀུན་ཏུ་མཛུམ་ཟེར་རྟག་འཆར་ཤོག
 

ཅེས་གང་གི་སློབ་འབངས་ཡོངས་ཀྱི་གྲལ་མཐར་གནས་པ་ཁྲི་ཕུན་ཚོགས་འབོད་པས་དད་གུས་རྩེ་གཅིག་པས་སྦྱར་བ་དགེའོ།།

ཞང་བོད་གྲུབ་བརྒྱའི་ཐུགས་ཀྱི་ཟབ་གསང་མཛོད།།

རྟེན་མཆོག་བུམ་བཟང་བཅུད་དུ་མེར་གྱིས་འཁྱིལ།།
དྲེགས་ལྡན་མཁས་མང་གང་ལ་གང་འཚམས་སུ།།
འགྱེད་པའི་དགོས་འདོད་དཔུང་འཇོམས་ཁྱུང་དཀར་པ།།

རྨོངས་བའི་ལུས་ཅན་འདྲེན་པའི་སྨྲ་བའི་སེང་།།

ཆོས་སྲིད་ཁྱད་དབང་གཏོར་བའི་དཔའ་སྙིང་ཅན།།
བྱང་རྒྱུད་རོང་ན་འགྲོ་དོན་མཐར་ཕྱིན་པའི།།
དཔོན་གསས་བླ་མའི་ཞབས་པད་བརྟན་གྱུར་ཅིག།

 ཅེས་པ་འདི་ནི་བཀའ་དྲིན་གཞལ་མཐའ་མེད་པའི་རྩ་བའི་བླ་མ་རིན་པོ་ཆེའི་བརྟན་བཞུགས་ཤིས་སྨོན་དུ་ཕུར་ཐོགས་སྟོང་གི་བྱིངས་འདྲེན་ཆེན་མོའི་མིང་ཙམ་འཛིན་པ་རིན་ཆེན་མཁར་གྱིས་ཕུལ་བ་དགེ་གྱུར་ཅིག

ཐར་ལམ་རྩ་བ་བླ་མ་དམ་པ་ལ།།
དད་པ་དང་བཅས་ཐལ་སྦྱར་ཕྱག་འཚལ་ན།།
རྒྱལ་བ་ལས་ལྷག་ཐམས་ཅད་བླ་ན་འཕགས།།
མཐའ་དག་སྐྱབས་གནས་བླ་མ་དམ་པ་ལགས།།

དྲིན་ཅན་སྐུ་ཡིས་རྟག་ཏུ་ཁམས་གསུམ་འགྲོ་ལ་གཟིགས།།
དྲིན་ཅན་གསུང་གིས་འཆད་རྩོད་རྩོམ་པའི་རྒྱུན་མ་འགག།
དྲིན་ཅན་ཐུགས་ཀྱིས་བསྙེན་སྒྲུབ་ལས་ལ་དུས་མ་གཡོལ།།
དྲིན་ཅན་བླ་མའི་སྐུ་ཚེ་བསྐལ་བརྒྱར་བརྟན་བཞུགས་མཛོད།།

ཞེས་དམ་པ་གང་གི་ཞབས་འོག་ནས་ཐོས་བསམ་གྱི་འཚོ་བ་ཡུན་རིང་དུ་སྤྱད་པ་རེབ་གོང་ནམ་མཁའ་རུ་འབོད་པས་རིན་པོ་ཆེ་ཚང་ལ་བརྟན་བཞུགས་རྒྱས་འབུལ་གྱི་སྐབས་སུ་གསོལ་བ་རྩེ་གཅིག་ཏུ་བཏབ་ཏེ་ཕུལ་བ་དགེའོ།།

འཆད་རྩོད་རྩོམ་ལ་རང་དབང་འབྱོར་བ་དང་།།
ཐོས་བསམ་སྒོམ་པའི་ཉམས་ལེན་མཐར་ཕྱིན་པའི།།
ཡོན་ཏན་རིན་ཆེན་ཀུན་བརྙེས་འགྲོ་བའི་མགོན།།
བོན་བརྒྱ་བླ་མ་འཛམ་གླིང་མཛེས་པའི་རྒྱན།།

བྱམས་དང་སྙིང་རྗེའི་རྩ་བ་རབ་ཏུ་བརྟན།།
ལྷག་བསམ་གཙང་མའི་ལྗོན་ཤིང་ཕྱོགས་མེད་རྒྱས།།
གསང་རྒྱུད་དོན་གྱི་འབྲས་བུ་ཡོངས་སྨིན་པའི།།
སྐྱབས་གཅིག་བླ་མའི་སྐུ་ཚེ་རིང་བར་ཤོག།
  

 མགོན་པོ་གང་ཉིད་ཀྱི་སློབ་མའི་གྲལ་མཐའ་བ་ཕུན་ཚོགས་སྙན་གྲགས་ནས་མོས་འདུན་དང་བཅས་ཏེ་གུས་པས་ཕུལ།

འཚེ་བ་སྣ་ཚོགས་ཅི་ལྟར་བྱས་ན་ཡང་།།
བཟོད་པའི་གོ་བགོས་སྙིང་རྗེའི་སེམས་ཀྱིས་སྐྱོང་།།
བསྟན་ལ་ལྷག་བསམ་རབ་དཀར་ལུས་ཅན་ཀུན།།
སྐྱོབ་མཛད་བྱང་སྟོན་གྲུབ་པའི་དབང་བོར་འདུད།།

བོན་བསྟན་མེ་རོ་བྱང་གི་ཕྱོགས་ནས་གསོས།།
གསང་རྒྱུད་བསྟན་པ་སྐལ་ལྡན་བུ་ལ་གནང་།།
རྗེས་འཇུག་བུ་སློབ་ལེགས་པའི་ལམ་དུ་སློང་།།
མགོན་པོ་མཆོག་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན།།
  

མཁས་དང་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་བོན་བརྒྱ་བ་མཆོག་གི་སློབ་མའི་གྲལ་མཐར་ཟིན་པ་ཐུགས་རྗེ་ཉི་མ་ནས་དད་པའི་ཕྱག་རྒྱ་དང་བཅས་ཏེ་ཕུལ་བ་ལགས་ན་རིན་པོ་ཆེ་ཁོང་ཉིད་སྐུ་ལུས་བདེ་ཐང་དང་ཚེ་རིང་ལོ་བརྒྱ་ཡོང་བའི་བཀྲ་ཤིས་སྨོན་ལམ་ཡང་ནས་ཡང་དུ་འདེབས།

འཆད་རྩོད་རྩོམ་ལ་མངའ་བརྙེས་མཁས་པའི་མགོན།།
ཐོས་བསམ་སྒོམ་ལ་དབང་ཐོབ་གྲུབ་པའི་ཏོག།
མཁས་དང་གྲུབ་པའི་དབང་ཕྱུག་བོན་བརྒྱ་བ།།
སྐུ་ཚེ་རྟག་བརྟན་ཡོང་བར་སྙིང་ནས་སྨོན།།
  

ཨ་ལགས་བོན་བརྒྱ་མཆོག་གི་སྐུ་ལུས་གསེར་གྱི་པདྨོ་རབ་ཏུ་དྭངས་ཤིང་སྐུ་ཚེ་བརྟན་པའི་སྨོན་པ་དང་བཅས་བློ་བཟང་བསམ་གཏན་ནས་གུས་པས་ཕུལ།

མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོ།།
ཁོང་དྲན་པས་རྐྱེན་ངན་ལོག་རྟོག་སེལ།།
ཞལ་མཇལ་བས་སྡུག་བསྔལ་གནས་ལས་སྐྱོབ།།
ངའི་བླ་མ་བྱིན་རླབས་ཆེ་བ་མཆོག།

སྐུ་ཚེ་རིང་ནད་མེད་རྟག་བརྟན་ཤོག།
གསུང་འགག་མེད་འབྲུག་ལྟར་ལྡིར་བར་ཤོག།
ཐུགས་འཁྲུལ་མེད་མཁའ་ལྟར་ཡངས་པའི་མགོན།།
རྗེ་བླ་མ་རྟག་ཏུ་བཞུགས་ཤིག་ཀྱེེ།།

མདོ་སྨད་སྨྲ་བའི་སེང་ཆེན་བྱང་སྟོན་གྲུབ་པའི་དབང་བོ་མཆོག་གི་སློབ་མར་གཏོགས་པ་ཀུན་དགའ་རྒྱལ་མཚན་ནས་སྨྲ་བའི་དབང་བོ་མཆོག་གི་ཚེ་ཡི་དམུ་ཐག་རིང་བའི་བཀྲ་ཤིས་སྨོན་ལམ་སྙིང་ནས་འདེབས།

དུས་གསུམ་སངས་རྒྱས་ཀུན་གྱི་རྒྱལ་སྲས་མཆོག །
རྣམ་པ་མི་ཡི་གཟུགས་སུ་སྐྱེས་བ་བཞེས །
ལྷོ་ཕྱོགས་འཛམ་བུ་གླིང་འདིར་འཁྲུངས་བ་ནས།།
མ་ངེས་འགྲོ་དོན་མཛད་པ་བརྗོད་ལས་འདས། །

གཞན་ཕན་ཐུགས་བསྐྱེད་བརྩོན་མིན་བཅོས་མིན་གྱིས། །
རིག་འཛིན་གོང་མའི་རྣམ་ཐར་མ་ནོར་བསྐྱངས། །
བསྟན་འཛིན་སྐྱེས་བུ་སྟོང་གི་གཙུག་རྒྱན་ཁྱེད། །
བདག་ཅག་མགོན་དུ་ནམ་ཡང་བཞུགས་པར་མཛོད། །
  

དུང་དཀར་བསམ་གཏན་ནས། 

རྨད་བྱུང་དགེ་ལེགས་གཞལ་མིན་ལྷ་ལམ་ཡངས། །
དོན་གཉིས་ལྷུན་གྲུབ་འདི་ཞེས་བརྗོད་འདོད་སྟོང་། །
གསང་གསུམ་ཡོན་ཏན་རྒྱ་མཚོ་བཞིན་དུ་ཟབ། །
མཚུངས་མེད་བླ་མའི་ཞབས་རྡུལ་སྤྱི་བོར་མཆོད། །

མཁས་མང་གྲལ་ལས་གངས་དཀར་ཏི་སེ་འགྱིང་། །
རྒྱལ་བའི་སྲས་ལས་ཉི་ཟླ་བཞིན་དུ་འཆར། །
རིག་འཛིན་ཀུན་ལས་མཚུངས་མེད་ཟླ་བྲལ་བས། །
སྐྱབས་མཆོག་བླ་མའི་སྐུ་ཚེ་ཁྲི་ལོར་ཤོག །
 

དུང་དཀར་དཔལ་འབྱོར་ཉི་མ་ནས།

 

རིས་མེད་བརྩེ་བ་ཆེན་པོའི་མཁའ་དབྱིངས་ན། །

ལྟ་སྒོམ་སྤྱོད་པའི་གདམས་ངག་ཀུན་གསལ་དང་། །

གདུལ་བྱར་གནང་བའི་གསུང་དབྱངས་ཚ་ཟེར་གྱིས། །

འཁོར་བའི་སྡུག་བསྔལ་འཇོམས་མཛད་བོན་བརྒྱ་བ། །

 

སློབ་འབངས་ཡོངས་ཀྱི་རེ་སྨོན་ས་གཞི་ལས། །

མགོན་པོ་ཁྱེད་ལ་གསོལ་བ་བཏབ་པ་བཞིན། །

ཁྱེད་ཀྱི་སྐུ་ལུས་གངས་དཀར་ལྷུན་པོ་དེ། །

མི་ཤིག་གཡུང་དྲུང་རི་མོ་རྟག་བརྟན་ཤོག།།

   དུང་དཀར་ནམ་མཁའ།

 

མཚན་དཔེ་རབ་རྫོགས་བྱང་ཆུབ་གྲུབ་པའི་དབང ་།།

སྨྲ་བའི་སེང་སྤྲུལ་ཉི་མ་གླིང་གི་རྒྱན།།

འགྲོ་ཀུན་མཁྱེན་པའི་དགེ་ལེགས་ཉི་གཞོན་འཆར།།

གཙུག་རྒྱན་བོན་བརྒྱ་བླ་མའི་ཞབས་ལ་འདུད།།

 

བསྟན་འགྲོ་ཀུན་གྱི་སྐྱབས་མགོན་མཆོག་གྱུར་བ།།

མཉམ་མེད་རིང་ལུགས་སྐྱོང་བའི་སྲོལ་འཛིན་པ།།

མཁས་དབང་གྲུབ་པའི་འགྲན་བྲལ་བསྟན་གྱི་བདག།།

བོན་བརྒྱ་བླ་མའི་སྐུ་ཚེ་བརྟན་གྱུར་ཅིག།།

  ཅེས་སློབ་བུ་ཚེ་དབང་ཐར་ནས་གུས་བའི་ཕུལ་བའོ།།

 

དགེ་ལེགས་སྣང་བའི་གཟི་འོད་རབ་མཛེས་ལྷུན་པོའི་སྐུ།།

ལྷུན་གྲུབ་དབྱངས་ལྡན་པི་ཝང་མངོན་འཆང་སྙན་པའི་གསུང་།།

རྒྱ་མཚོའི་འཇིངས་ལྟར་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཐུགས།།

ཨེ་མ་སྐྱབས་གཅིག་བླ་མའི་ཞབས་ལ་གུས་ཕྱག་འཚལ།།

 

རྣམ་དཀར་མཛད་བཟང་འཁོར་ལོ་བསྟན་འགྲོའི་གདུགས།།

གདུགས་དཀར་འོད་ཀྱི་རླབས་རིས་སྲིད་པའི་ཁམས།།

ཁམས་གསུམ་འགྲོ་བའི་སྤྱི་ནོར་དཔོན་གསས་མཆོག །

མཆོག་སྤྲུལ་བླ་མ་བསྐལ་བརྒྱར་བརྟན་བཞུགས་གསོལ།།

 བསོད་ནམས་དཔལ་ལྡན་ནམ་རྨ་གཡང་བུ་རུ་འབོད་པས་གུས་པ་ཆེན་པོས་ཕུལ།    2016.12.13

 

རྒྱལ་བ་སྟོང་གི་ངོ་བོ་གཅིག་བསྡུས་པའི།།
རྗེ་གཅིག་བོན་བརྒྱ་བླ་མ་གཙུག་ཏུ་བསྙེན།།
དད་འབངས་བྱེ་བའི་སྙིང་གི་ནོར་བུ་ཁྱེད།།
མི་ཕྱེད་དད་ཕྱག་སྟོང་གི་ཡུལ་གཅིག་པོ།།

རྒྱལ་བ་གཞན་དང་མི་མཚུངས་རྒྱལ་བའི་མཆོག།
ལྷ་ཚོགས་ཀུན་ལས་མཆོག་གྱུར་ལྷ་ཡི་ལྷ།།
མཁས་བརྒྱའི་དཔུང་ལས་རྣམ་པར་མཐོ་བ་ཡི།།
སྐྱབས་གཅིག་བླ་མའི་ཞབས་པད་རྟག་བརྟན་ཤོག།
   

ཤེས་རབ་ཀུན་གསལ་ནས།

སྐུ་ལ་མཚན་དཔེ་ཡོན་ཏན་རྫོགས་པའི་དཔལ།།
གསུང་ལ་ཚངས་དབྱངས་དྲུག་ཅུའི་བཅུད་ཀྱིས་བྱུག།
ཐུགས་ལ་བརྒྱད་ཁྲི་བཞི་སྟོང་གཡང་དུ་ཆགས།།
རྫོགས་སངས་མི་ཡི་རྣམ་རོལ་ཨ་ཧོ་རྨད།།

གངས་དཀར་ཏི་སེ་ཁྱེད་ཀྱི་བློ་སྤོབས་ཡིན།།
མ་ཕམ་གཡུ་མཚོ་ཁྱེད་ཀྱི་ཐུགས་དགོངས་ཡིན།།
རྨ་འབྲི་རྫ་གསུམ་ཁྱེད་ཀྱི་སྙིང་རྗེ་ཡིན།།
སྐྱབས་གཅིག་བླ་མ་སྙིང་གི་ཡོད་ཚད་ཡིན།།
 

  རྫ་གངས་དཀར་ནས།

འཁོར་འདས་ཤེས་བྱ་ཀུན་གྱི་གཞི་སྐྱེ་མེད།།

རྟོགས་པའི་ཐབས་ཤེས་ཟུང་གི་ལམ་སྐྱེ་མེད།།

མངོན་གྱུར་ཁྱད་པར་གསུམ་ལྡན་འབྲས་སྐྱེ་མེད།།

སྐྱེ་མེད་གསུམ་རྟོགས་སྐྱབས་གཅིག་བོན་བརྒྱ་བ།།

 

གསང་རྒྱུད་བོན་སྐུ་ཀུན་ཏུ་བཟང་པོ་དང་།།

ནང་རྒྱུད་ལོངས་སྐུ་གཤེན་ལྷ་འོད་དཀར་ཉིད།།

ཕྱི་རྒྱུད་སྤྲུལ་སྐུ་གཤེན་རབ་མི་བོ་མཆོག།།

སྐུ་གསུམ་ལྷུན་རྫོགས་བླ་མའི་སྐུ་ཚེ་བརྟན།།

 ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་བོན་གྱི་བཀའ་འགྱུར་དཔེ་སྐྲུན་ལས་གཞི་མཉམ་ལས་པ་དང་རྩེ་རྫོང་སློབ་འབྲིང་གི་ལོ་རྒྱུས་དགེ་རྒན་འཇམ་དབྱངས་དཔལ་ལྡན་ནས་གུས་ཕུལ།

སྐུ་གསུམ་མངོན་རོལ་བོན་གྱི་རྒྱལ་མཚན་མཆོག།
བསྐལ་བརྒྱར་མཐོང་དཀོན་བླ་མ་བྱིན་རླབས་ཅན།།
འགྲོ་རྣམས་དགེ་ལ་འདྲེན་པའི་ཡེ་ཤེས་སྒྲོན།།
ལེགས་ཚོགས་མ་ལུས་འདུས་པའི་བདག་ཉིད་རྗེ།།

ལྷུན་གྲུབ་རིག་པའི་དཀྱིལ་འཁོར་མངོན་ཤར་པའི།།
གྲུབ་པའི་དབང་ཕྱུག་སྐྱབས་རྗེ་བོན་བརྒྱ་པ།།
རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཐུགས་རྗེ་ཡིས།།
གདུལ་བྱ་རྒྱ་མཚོའི་དོན་ཏུ་བརྟག་བཞུགས་མཛོད།།

  དུང་དཀར་བསྟན་པ་དར་རྒྱས།

སྐུ་གསུམ་བདག་ཉིད་དབྱིངས་ཀྱི་སྲིད་པའི་མིག།
སྒྱུ་མའི་འཕྲུལ་བསྒྱུར་ཚང་རྒྱུང་དབུ་མར་འཕྲོས།།
དཔལ་བྱ་གེ་སར་བྱེ་བའི་སྐྱེ་མོའི་ཚལ།།
རྫོགས་ལྡན་རྣམ་པར་བཀྲ་བའི་དཔལ་གྱིས་འཚོ།།

བོན་བརྒྱ་བླ་མ་ཚེ་རབས་འཕྲེང་བའི་ལྷ།།
ལྷ་གཅིག་མཐོང་བ་དོན་ལྡན་སྐུ་ཚེ་རིང་།།
སྐུ་ཚེ་པད་མའི་འདབ་ལོ་རབ་རྒྱས་ནས།།
འཛམ་གླིང་འཛིན་མའི་ཁྱོད་འདི་ཁེབ་པར་ཤོག།
 

ཉག་རོང་བ་བསོད་ནམས་རྒྱ་མཚོ་ནས།

བོན༵་གཤེན་བསྟན་པའི་སྲོག་གི་ཀ་བ་རུ་གྲུབ་པའི།།
བརྒྱ༵་བྱིན་གྲགས་པའི་མུ་ཁྱུད་དཔྱོད་ལྡན་གྱི་གཙིག་ནོར།།
དགེ༵་བའི་བཤེས་གཉེན་བྱེ་བ་ཕྲག་བརྒྱ་ཡི་ཡང་རྩེ།།
ལེགས༵་བཤད་གྲུ་ཆར་འཇོ་བའི་ཆུ་འཛིན་གྱི་དབང་བོ།།

ལྷུན༵་རྫོག་ཡོན་ཏན་ལྡན་པའི་ཡིད་བཞིན་གྱི་ནོར་བུ།།
འགྲུབ༵་པའི་བཞེད་དོན་ཐེག་དགུའི་ཡང་རྩེ་ན་གཡོ་ཞིང་།།
རྒྱལ༵་སྲས་མི་ཡི་རྣམ་རོལ་སྟོང་རྒྱུང་གི་སྤྲུལ་བསྒྱུར།།
མཚོ༵་སྐྱེས་རྒྱུ་སྐར་བདག་པོ་རྟག་བརྟན་དུ་འབུལ་ལོ།།
    

མག་སར་ཚེ་དབང་རྣམ་རྒྱལ་ནས།

ཡིད་འོང་དགེ་ལེགས་འདོད་དགུ་མ་ལུས་པར།།
ཡོངས་རྫོགས་ལྷུན་གྱིས་གྲུབ་པའི་དཔག་བསམ་ཤིང་།།
ཚོགས་གཉིས་རྒྱ་མཚོ་ལས་གྲུབ་ཡེ་ཤེས་གཏེར།།
མཁས་དང་གྲུབ་པའི་དབང་པོར་སྙིང་ནས་འདུད།།

གང་ཐུགས་མཁྱེན་བརྩེའི་ཉིན་བྱེད་འོད་སྣང་གིས།།
གདུལ་བྱའི་པད་ཚལ་ཡོད་དགུ་མ་བཞད་བར།།
མི་འགྱུར་གཡུང་དྲུང་ཁྲི་འཕང་མཐོན་པོ་རུ།།
རྟག་བརྟན་བསྐལ་བརྒྱར་བཞུགས་པར་གསོལ་བ་འདེབས།།  །།
  

ཅེས་སྐྱབས་རྗེ་རིན་པོ་ཆེ་མཆོག་གི་བུ་སློབ་བཙུན་གཟུགས་འཛིན་པ་ལེགས་ལྡན་རྒྱ་མཚོས་དད་མོས་དྲག་པོས་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཟླ་ཚེས་བཟང་པོར་ཤར་མར་བྲིས་ཏེ་ཕུལ་བའོ།།    ༡༢-༡༣

སྐྱེ་མེད་ཐུགས་ཉིད་དགེ་ལེགས་གཞི་དབྱིངས་སུ།།
འགག་མེད་ཀློང་ཆེན་ལྷུན་གྲུབ་རིག་རྩལ་རྒྱས།།
གཉིས་མེད་ཟུང་འཇུག་རྒྱལ་བ་རྒྱ་མཚོའི་ཀློང་།།
མངོན་སྣང་དུས་གསུམ་དབྱེར་མེད་གསོལ་བ་འདེབས།།

གསང་ཆེན་མཁའ་སྤྱོད་ཐུགས་ཉིད་དབེན་ཁྲོད་ན།།
གསང་བདག་ཚེ་དབང་རིག་འཛིན་བོན་བརྒྱ་བ།།
གསང་ཆེན་རྒྱུད་གསུམ་བདག་ཉིད་གྱེར་སྤུངས་བ།།
གསང་གསུམ་སྲ་བརྟན་གཡུང་དྲུང་རྟག་བཞུགས་མཛོད།།

སྔགས་འཆང་གཡུང་དྲུང་ཚེ་རིང་ནས།

མཁས་མཁས་སྤངས་དང་རྟོགས་པའི་ཡོན་ཏན་རྫོགས།།
མཁྱེན་མཁྱེན་ས་བཅུ་ལམ་ལྔའི་རང་ས་ཟིན།།
བརྩེ་བརྩེ་འགྲོ་དྲུག་སེམས་ཅན་མ་ལྟར་བསྐྱངས།།
བརྟན་བརྟན་མི་འགྱུར་ཞིང་དུ་འཚོ་བཞེས་གསོལ།།

དགེ་ལེགས་ཕུན་ཚོགས་སྲིད་ཞིའི་སྐྱབས་གནས་དང་།།
ལྷུན་གྲུབ་སྐུ་ལྔའི་ངོ་བོ་གཅིག་བསྡུས་བ།།
རྒྱ་ཆེར་བསྟན་སྤེལ་མཚོ་མོ་ཅི་བཞིན་རྒྱས།།
མི་འགྱུར་གཡུང་དྲུང་ཁམས་སུ་བརྟན་བཞུགས་གསོལ།།
 

 སྟོབས་ལྡན་ཚེ་རིང་ནས།

གནས་དག་པ་གངས་རྒྱུད་ཏི་སེ་ནས།།
ལྷ་དམུ་རིགས་དཀར་པོའི་བྱིན་རླབས་འཁྱིལ།།
ངའི་དད་པའི་ཕྱག་ཟུང་དྲོན་མོ་ལ།།
མཛེས་འཇའ་ཚོན་སྣ་ལྔའི་དབུ་འཁྱུད་བྲིས།།

མཐའ་འགྲོ་ཀུན་གཟིགས་མོར་ཡོངས་སྨིན་པའི།།
བཞུགས་ཞབས་རྡུལ་ཕྲན་བུ་རེ་རེ་ནས།།
རྒྱལ་ཀུན་མཁྱེན་མཛད་རྣམ་རབ་བཀོད་པ།།
ངའི་བླ་མ་ཁྲི་ལོའི་ཤེས་པ་སྩོལད།།
 

ཅེས་སྔོན་འཇུག་ལྔ་དང་རྗེས་འཇུག་བཅུ་ཡང་འཇུག་གཉིས་བདག་ཉིད་ཅན་གྱི་ཤོ་ལོ་ཀ་འདི་སྨོན་ལམ་རྣམ་དག་ཅིག་གི་མཐུ་ལ་སྦྱར་ནས་སྐྱབས་རྗེ་ཁོང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཞུགས་གསོལ་དུ་ཚེས་བཅུའི་དགོང་མོར་དམུ་ཚང་བ་རྣམ་དག་འབོད་པས་བྲིས་པ་དགེའོ།

གཞན་ཕན་མཛད་བཟང་བརྩེ་བའི་བདག་ཉིད་ཅན།།
བཅུ་རིག་གཞུང་ཆེན་དགོངས་དོན་ཐུགས་ལ་ཆུབ།།
བསྟན་པའི་རྒྱལ་མཚན་ནུབ་མེད་སྒྲེང་བའི་མགོན།།
དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་བསྐལ་བརྒྱར་བརྟན།།

འཛམ་གླིང་གོ་ལའི་ཡང་རྩེ་ཁ་བའི་ལྗོངས།།
འཕྲུལ་ངག་ལུང་རྟོགས་གདུགས་དཀར་འཛིན་པའི་རྗེ།།
མཁས་པའི་ཁྱུ་མཆོག་བོན་བརྒྱ་པཎྜི་ཊ།།
ཞབས་ཟུང་གཡུང་དྲུང་གཤིས་སུ་བརྟན་བཞུགས་ཤོག།།
 

ཁམས་ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་གྱི་གཤེན་བསྟན་དྲི་མེད་ནས་གུས་པས་བཏེགས།

སྐུ་ཡི་མཚན་དཔེ་ཁ་བ་གངས་ནས་རྒྱས།།
འགྲོ་ལ་ཕན་ཕྱིར་གསང་སྔགས་བོན་སྒོ་ཕྱེས།།
རྣམ་དཔྱོད་དུང་གི་སྒྲ་དབྱངས་འབོད་པོ་ཆེ།།
མཁས་གྲུབ་མཆོག་གྱུར་ལྷ་སྲས་བོན་བརྒྱ་རྗེ།།

གཤེན་རབ་དགྱེས་པའི་གནམ་གྱི་མཁའ་དབྱིངས་སུ།།
སྤྲུལ་བའི་ལྷ་བྱ་སྙིང་རྗེའི་གཤོག་ཟུང་ཅན།།
མ་ངེས་འཇིག་རྟེན་འཁོར་བའི་གཡང་གཟར་ནས།།
རིགས་དྲུག་བདེ་བའི་དབྱིངས་སུ་འཁྲིད་པར་མཛོད།།
 

བོན་བརྒྱ་གངས་སྐྱེས་ནས།

སྐུ་མཚན་དཔེ་བྱེད་ཀུན་རྫོགས་པ།།
ཐུགས་མཁྱེན་ནམ་མཁའ་མཐའ་ཡས་པ།།
གསུངས་ངག་ཚངས་དབྱངས་དྲུག་བཅུའི་རྒྱན།།
སེམས་དཔའ་ཆེན་མོར་ཕྱག་འཚལ་ལོ།།

རྩ་གསུམ་ལྷ་ཡི་བྱིན་རླབས་དང་།།
བོན་སྐྱོང་སྲུང་མའི་སྡོངས་གྲོགས་དང་།།
སློབ་འབངས་ཡོངས་ཀྱི་དད་ཕྱག་གྱིས།།
ང་ཡི་བླ་མ་ཁྲི་ལོར་བཞུགས།།
 

 ནོའུ་རོང་མཁས་གྲུབ་ནས།

མུན་སེལ་འཕྲུལ་གྱི་སྒྲོན་མེ་དབྱིངས་ན་གསལ།།

རླུང་འཚུབ་ཆེན་པོའི་གསེབ་ནས་ཤུགས་ཀྱིས་འབར།།
ཁྱེད་ནི་གཟིམ་པ་མེད་པའི་ཚེ་འབར་ཡིན།།

བོན་བརྒྱ་བླ་མའི་ཞབས་པད་རྟག་བརྟན་ཤོག།

 

ནམ་མཁའི་དབྱིངས་སུ་འཕགས་པའི་ཉི་མ་བཞིན།།

ཉི་ཏིག་མེ་ཏོག་སྟོང་གི་ཚལ་དུ་འཕོས།།

སྣ་མང་འདབ་བརྒྱ་གྲོལ་འདི་ཉིད་ཀྱི་དྲིན།།

བོན་བརྒྱ་བླ་མའི་ཞབས་པད་ཁྲི་ལོར་བརྟན།།

དཔའ་ལུང་ཚེ་དབང་རིག་འཛིན་ནས།

འཛམ་གླིང་མཁས་བའི་དབང་བོའི་གཙུག་གི་ཏོག།།
གཤེན་གྱི་བསྟན་པ་འཛིན་པའི་བདག་ཉིད་ཅན།།
སྐྱེས་ཆེན་དུ་མའི་དབུས་ན་མཛེས་ཤིང་སྡུག།།

བོན་བརྒྱ་བླ་མའི་ཞབས་པད་ཁྲི་ལོར་བརྟན།།

གངས་ཅན་ཁ་བའི་ལྗོངས་ཀྱི་ཞིང་ཁམས་ན།།
རྩ་བའི་བླ་མའི་མཛད་འཕྲིན་རྒྱས་ནས་ཡོད།།
ཕུར་ཐོག་སྟོང་དང་དགུ་བརྒྱའི་སེམས་དཔའ་ཆེ།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།།
 

 ཞེས་གསའ་ལུང་འོད་ཟེར་ནས།

བོན་སྤྱི་འདུས་པ་རྒྱ་མཚོའོ་ཀློང་ཡངས་ནས།།
བརྒྱ་ཁྲག་ཕྱེ་བའི་ཚོགས་ཀྱི་མགོན་གཅིག་པུ།།
དགེ་ལྡན་གངས་ཅན་ལྗོངས་ཀྱི་ལྟོ་བ་རུ།།
ལེགས་བཤད་གཏེར་གྱི་མྱུ་གུ་རབ་འབུས་ནས།།

ལྷུན་པོ་གངས་རིའི་ས་འཛིན་ཡོངས་ཁྱབ་ཏེ།།
འགྲུབ་པ་མཛད་འཕྲིན་མ་ལུས་འགྲོ་ཀུན་ལ།།
རྒྱ་ཆེན་གཞུང་དང་ལུགས་གི་སྡེབས་སྦྱར་ནས།།
མཚོ་སྔོན་ཕྱོགས་ནས་སྙན་པ་བོད་ལ་ཁྱབ།།

 རྩེ་དབུས་ཚེ་རིང་བརྟན།

ཤེས་རབ་རྩལ་གྱི་སྤོབས་པའི་གདེང་གྱུར་བས།།
མ་ལུས་གཟིགས་པས་ཤེས་བྱའི་དཀྱིལ་འཁོར་རྒྱས།།
འགྲོ་བའི་སྒྲོན་མེ་མཁས་དང་གྲུབ་པའི་དཔལ།།
བཤད་དང་སྒྲུབ་པའི་བ་དན་སྒྲེང་མཛད་པ།།

རྒྱལ་བསྟན་གསེར་གྱི་ཀ་ཆེན་དམ་པ་ཉིད།།
དྲན་དབང་དགེ༵་ལེག༵ས་ལྷུ༵ན་གྲུ༵བ་རྒྱ་མཚོ་མཆོག།
བསྟན་དང་འགྲོ་བའི་འཁུར་ཆེན་སྤེལ་བའི་དོན།།
བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས་སུ་གསོལ།།
 

གངས་སྨྱུག་དཀར་པོས།

འཛམ་གླིང་འཛིན་མའི་ཁྱོན་གྱི་ཐོས་འཛིན་ཀུན།།
དབང་མེད་འཕྲོག་པའི་གཤེན་རྔའི་མངའ་བདག་པོ།།
གངས་ཅན་མཁས་པའི་གཙུག་རྒྱན་བོན་བརྒྱ་བའི།།
སྐུ་ཚེ་སྐལ་བརྒྱའི་བར་དུ་བརྟན་པར་ཤོག།།

བོན་བརྒྱ་འབྲོང་ཞེན་གྱིས་གུས་ཕུལ།

གཞལ་མེད་ལྷ་ལམ་དབྱིངས་ཀྱི་ལྡིང་ཁང་ནས།།
སྣང་བའི་བདག་པོའི་འཛུམ་ཞལ་རབ་བཞད་པས།།
ནོར་འཛིན་སྒེག་མོར་བཅུད་ཀྱིས་ཡོངས་བལྟམས་ཤིང་།།
འདབ་སྟོང་བྱེ་བ་བསིལ་འཇམ་བདེ་བས་མྱོས།།

གཡུང་དྲུང་ས་གཞིར་ཚོན་གྱིས་རླན་མཁས་ཤིང་།།
བདེ་དགེ་ལེགས་ཚོགས་མ་ལུས་འབྱུང་བའི་གནས།།
རང་སྨིན་གཞན་གྲོལ་དམ་པ་མཆོག་ཁྱེད་ཉིད།།
ནུབ་མེད་བསྐལ་བརྒྱའི་བར་དུ་རྟག་འཆར་ཤོག།
 

རྟོགས་ལྡན་འབྲུག་གྲགས་ནས།’

མཁྱེན་པ་རྒྱ་མཚོས་གྲུབ་མཐའི་དགོངས་དོན་གཟིགས།།
བརྩེ་བས་སྐལ་ལྡན་སློབ་བུར་ལམ་བཟང་བསྐྲུན།།
ནུས་པས་གདུལ་བྱ་ཡོངས་ལ་ཐར་ལམ་སྟོན།།
བོན་བརྒྱ་བླ་མའི་ཆེ་བའི་ཡོན་ཏན་བསྟོད།།

ཟབ་རྒྱས་སྡེ་སྣོད་གཞུང་བརྒྱའི་གནད་ལ་མཁས།།
འཛམ་གླིང་མཁས་མང་དབུས་ན་སྨྲ་བའི་སེང་།།
བྱང་གི་སྟོན་པ་བོན་བརྒྱ་པཎྚི།།
སྲིད་མཐའི་བར་དུ་སྐུ་ཚེ་བརྟན་གྱུར་ཅིག།

རྒྱ་ཞིག་དགོན་བཟོད་པ་འབྲུག་གྲགས།

མཁྱེན་རབ་དགེ༵་ལེག༵ས་འཛུམ་པའི་མཐུ་སྟོབས་ཀྱིས།།
ཐབས་ཤེས་རྟོགས་པ་ལྷུ༵ན་གྱིས་གྲུ༵བ་པའི་དཔལ།།
གདུལ་བྱ་རྒྱ༵་མཚོ༵འི་གཙུག་ལ་བྱོན་པའི་གཉེན།།
བསྟན་འགྲོ་སྤྱི་ཡི་མགོན་པོ་བོན་བརྒྱ་བ།།

ཐབས་དང་མཁྱེན་བརྩེས་རང་གཞན་སྐྱོང་བྱེད་ཅིང་།།
རྨོངས་མུན་ལོག་ལྟའི་ཚོགས་དེ་འཇོམ་མཁས་པའི།
མ་ཐུལ་འགྲོ་རྒུའི་སྤྱི་ན་མཐོ་བའི་ཏོག།
སྐུ་ཚེ་མི་འགྱུར་བསྐལ་བའི་ཁྲི་ལ་བཞུགས།།
 

 རྩེ་སྐྱེས་གཡུང་དྲུང་འོད་ཟེར།

ཤེས་རབ་རྩལ་གྱི་སྤོབས་པའི་གདེང་གྱུར་བས།།
མ་ལུས་གཟིགས་པས་ཤེས་བྱའི་དཀྱིལ་འཁོར་རྒྱས།།
འགྲོ་བའི་སྒྲོན་མེ་མཁས་དང་གྲུབ་པའི་དཔལ།།
བཤད་དང་སྒྲུབ་པའི་བ་དན་སྒྲེང་མཛད་པ།།

རྒྱལ་བསྟན་གསེར་གྱི་ཀ་ཆེན་དམ་པ་ཉིད།།
དྲན་དབང་དགེ༵་ལེག༵ས་ལྷུ༵ན་གྲུ༵བ་རྒྱ་མཚོ་མཆོག།
བསྟན་དང་འགྲོ་བའི་འཁུར་ཆེན་སྤེལ་བའི་དོན།།
བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས་སུ་གསོལ།

 གངས་སྨྱུག་དཀར་པོས།

མཚན་དཔེ་སྐུ༵་མཆོག་གངས་རིའི་གཞུང་དུ་གཏམས།།
འགག་མེད་གསུ༵ངས་དབྱངས་ཡུལ་ཁམས་ཀུན་ཏུ་གྲག།
མངོན་མེད་ཐུ༵གས་བསྐྱེད་འགྲོ་བ་ཀུན་པོར་ཁྱབ།།
བླ་མའི་སྐུ་གསུང་ཐུགས་གསུམ་རྟག་བརྟན་ཤོག།

དགེ༵་ལེག༵ས་བོན་གྱི་རྩ་བ་སྙིང་རྗེ་ཡིས།།
ལྷུ༵ན་གྲུ༵བ་རྒྱལ་བའི་བདག་ཉིད་ཁྱེད་ཉིད་ནི།།
གཞུང་ལུགས་རྒྱ༵་མཚོ༵་མངོན་མེད་འགྲེས་པོ་གང་།།
སྐུ་ཚེ་དམུ་ཐག་རིང་མོ་བརྟན་གྱུར་ཅིག།
 

རྩེ་འོད་སྣང་།  རྩེ་ཞིག་དགོན།

གསང་བ་འདུས་པའི་ཐུགས་སྤྲུལ་བོན་བརྒྱ་བ།།

གསང་བའི་བོན་རྣམས་མ་ལུས་ཐུགས་ལ་མངའ།།

དྲང་ངེས་གང་འཚམས་སྟོན་པའི་བོན་བརྒྱ་བ།།

སྐལ་ལྡན་སློབ་མའི་མགོན་དུ་བཞུགས་པར་ཤོག །

 

མདོ་སྨད་སྨྲ་སེང་ཆེན་པོ་བོན་བརྒྱ་བ།།

ཉམ་ཐག་སེམས་ཅན་མགོན་དུ་རྟག་བཞུགས་མཛོད།།

མཐུ་རྩལ་སྟོབས་མངའ་རྫོགས་པའི་བོན་སྐྱོང་གིས།།

ཕྱི་ནང་གསང་བའི་བར་ཆོད་ཟློག་པར་མཛོད།།

བཟོད་པ་རྒྱལ་མཚན་ནས།

 

འགྱུར་མེད་ཏི་སེ་སྐུ་ཡི་གཟི་འོད་འབར།།

ཤེས་བྱའི་གཏེར་མཛོད་མཚོ་ལ་འཁྱུག་རྩལ་ཅན།།

ཐུགས་དག་འཁྲུལ་མེད་ཟབ་བཞེས་སྙིང་ལ་བསྐྱེད།།

གཤེན་བསྟན་ཞྭ་དཀར་བསྟན་པ་སྐྱོང་འདི་རྨད།།

 

མདོ་སྔགས་ཐེག་ཆེན་གཞུང་ལུགས་དབུས་ལ་བསླངས།།

ལུང་རྟོགས་ཆོས་ཀྱི་གཟི་བྱིན་བློ་ལ་འཕྲེང་།།

མཁས་གྲུབ་བོན་བརྒྱ་མཆོག་གི་མཛད་རྗེས་དག།

ས་མཐའི་སྤྲང་བོས་བགྲང་ན་ཨེ་ནུས་ཐུབ།།

  སྙན་བཟང་ཤེས་རབ་དབང་རྒྱལ། 

 

མདངས་མཛེས་གསེར་ཞུན་བྲན་པའི་ཞལ་རས་མཆོག།།

བྱམས་བརྩེའི་ཟེར་བརྒྱ་འབར་བའི་ལྷག་བསམ་འཛུམ།།

དྭངས་གཙང་ཡིད་ཀྱི་སྦྲང་ཆར་ཟིལ་མ་གནང་།།

བཀྲེས་སྐོམ་སྐྱོ་གདུང་སེལ་ཕྱིར་སྙིང་རྗེས་གཟིགས།།

 

མཐོང་ན་དད་སྐྱེ་མིག་ལ་བདུད་རྩིའི་རོ།།

ཅི་འདོད་སྦྱིན་པའི་ཡིད་བཞིན་ནོར་བུ་ལྟར།།

སྐུ་ཉིད་གཟི་བྱིན་ཉམས་པ་མེད་པའི་གཟུགས།།

ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་ཤོག།

 རྒྱ་ལྡང་། ཀུན་ཐུབ་རྒྱལ། སྤྱི་ལོ2016ལོའི་ཟླ 12པའི་ཚེས་13ལ་གུས་ཕུལ།

 

བཅུ་ཕྲག་རིག་པའི་གནས་ལ་བྱང་ཆུབ་པའི།།

གངས་ཅན་བོན་འབངས་སྐྱོང་བའི་སྐྱབས་མགོན་མཆོག།

བསྟན་པའི་མངའ་བདག་བོན་བརྒྱ་བླ་མར་འདུད།།

བོན་གྱི་གཞུང་བརྒྱ་མཁྱེན་པའི་བོན་བརྒྱ་མཆོག།

 

གངས་ཅན་མཁས་པའི་གཙུག་རྒྱན་བོན་བརྒྱ་མཆོག།

ཤེས་རབ་ཏལ་ཟངས་ལྟ་བུའི་བོན་བརྒྱ་མཆོག།

གངས་ཅན་སློབ་ཚོགས་སྐྱོང་བའི་བོན་བརྒྱ་མཆོག།

མ་རིག་མུན་སེལ་འཇོམས་པའི་བོན་བརྒྱ་མཆོག།

   མང་གངས་སྨྱུག 

གཤེན་བསྟན་གཡུང་དྲུང་བོན་གྱི་རྒྱལ་མཚན་མཆོག།
རིག་པའི་གནས་ལྔར་མཁས་པའི་རྒྱན་གཅིག་པུ།།
སྐྱེས་ཆེན་བླ་མ་དམ་པ་བོན་གྱི་མཆོག།།
སྐྱབས་རྗེ་བླ་མའི་སྐུ་ཚེ་རྟག་བརྟན་ཤོག།།

གསང་སྔགས་བོན་སྡེ་དུ་མའི་གཙུག་གི་རྒྱན།།
ཐམས་ཅད་མཁྱེན་པ་བོན་བརྒྱ་བླ་མ་མཆོག།།
མི་འགྱུར་སྐུ་ནི་རི་རྒྱལ་ལྷུན་པོ་བཞིན།།
རྩ་བའི་བླ་མའི་སྐུ་ཚེ་བརྟན་གྱུར་ཅིག།།
 

 ཞེས་སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་དུ་རྩེ ་གཞུང་ལུང་རྟོགས་དཔལ་ལྡན་ནས་དད་གུས་ཀྱིས་སྦྱར།

གངས་ལྗོངས་ནོར་འཛིན་རིག་པའི་བང་མཛོད་ལ།།

ངོ་མཚར་གཤེན་བསྟན་དགེ་མཚན་དཔལ་མངའ་བའི།།

བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཞེས།།

གདུལ་བྱའི་སེེམས་ཅན་མགོན་དུ་དགྱེས་པར་བྱོན།།

 

ཁྱེད་ཉིད་ལྷག་པའི་ལྷ་མཆོག་ཀུན་འདུས་སྐུ།།

སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་རླབས་པོ་ཆེ།།

ནམ་ཡང་མི་འགྱུར་བོན་འབངས་སྤྱི་བོ་རུ།།

ཞབས་པད་རྟག་བརྟན་གསེར་ཞལ་རྒྱས་པར་ཤོག །།

  རྩེ་ཞིག་བློ་གྲོས་རྣམ་རྒྱལ་ནས་གུས་ པས་འདུད།།  ༢༠༡༦་ ༡༢་ ༡༣ ཉིན།

མདོ་སྨད་སྨྲ་སེང་གསུམ་གྱི་ཡ་གྱལ་དུ་གྱུར་ཞིང་།  །
མདོ་སྨད་གསེར་ལྗོངས་ཕྱུག་མོའི་སྟོད་ཕྱོགས་ནས་འཁྲུངས་པའི།།
མདོ་སྔགས་རྫོགས་གསུམ་ཀུན་ལ་ནང་བྱན་ནི་ཆུད་པ།།
མདོ་སྨད་མཁས་པའི་དབང་པོ་བོན་བརྒྱ་བ་བསྟོད་དོ།།

སྐུ་ཡི་དཀྱིལ་འཁོར་རྟ་བདུན་འོད་ཁྱིམ་གྱིས་མཛེས་ཤིང་།།
སྐུ་མཆོག་ས་འཛིན་རི་བོའི་ངང་ཚུལ་གྱིས་བརྗིད་པ།།
སྐུ་ལ་ནད་མེད་ཚེ་རིང་ལོ་བརྒྱ་སྟེ་ཐུབ་ནས།།
སྐུ་ཚེ་རྟག་ཏུ་བརྟན་ཤོག་ཡིད་བཞིན་གྱི་ནོར་བུ།།

  ཞེས་རང་ཅག་གི་རྩ་བའི་བླ་མ་སྤྱི་བོ་གཙུག་གི་ནོར་བུའམ་མཚན་ཡང་བརྗོད་པར་དཀའ་བ་ངེས་པ་དོན་གྱི་སྨྲ་བའི་མཁས་དབང་ཆེན་མོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་ལགས་ཀྱི་སྐུ་ཚེ་བསྐལ་བ་བརྒྱ་རུ་བཞུགས་ཏེ་མཐར་ཐུག་ཅི་བསམ་གྱི་ཐུགས་བཞེད་གཅིག་ཀྱང་མ་ལུས་པར་ཡིད་ཀྱི་སྨོན་པ་ཇི་བཞིན་འགྲུབ་པའི་སྨོན་འདུན་དུ་དམ་པ་ཁོང་གི་གྲལ་མཐར་ཟིན་པ་ཙམ་མང་བུ་བློ་གྲོས་རྒྱལ་མཚན་ཞེས་པ་ནས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་དམར་ཡག་སྟག་གི་ལུང་བ་རུ་འབོད་པའི་ཕ་ཡུལ་ནས་༢༠༡༦ ༡༢ ༡༡ཉིན་བྲིས་སོ།

དགེ་མཚན་གཡང་དུ་འཁྱིལ་བའི་མདོ་སྨད་རེ་སྐོང་ན།།

ལེགས་ཚོགས་བསོད་ནམས་འཕེལ་བའི་མག་སར་ཁྱུང་རྒྱུད་དུ།།

ལྷུན་གྱིས་གྲུབ་པའི་དུས་བཟང་དེ་ལ་སྐུ་བལྟམས་པའི།།

གྲུབ་པའི་དབང་ཕྱུག་བོན་བརྒྱ་མཆོག་ལ་གསོལ་བ་འདེབས།།

 

སྐུ་ལ་མཚན་དཔེ་འོད་ཟེར་འབར་བ་འཇིག་རྟེན་མིག།

གསུང་ལ་གཙུག་ལག་བོན་འཆད་འཛད་མེད་ཆུ་གཏེར་རྒྱུན།།

ཐུགས་ཀྱི་མཁྱེན་དཔྱོད་ཀློང་དུ་བརྡོལ་བ་མཁས་བརྒྱའི་ཏོག།

མཁྱེན་བརྩེ་གཅིག་བསྡུས་སྐྱབས་རྗེ་བླ་མར་རྟག་ཏུ་འདུད།།
  

འབུམ་བྱམས་རྒྱལ།  ༼ མང་རྫོང་། ༽      

ལྔ་ལྡན་འཇའ་གུར་འཁྲིགས་པ་བོན་དབྱངས་ཀྱི་གནས་ན།།
སྐུ་གསུམ་རོ་གཅིག་ཤར་བའི་ཡེ་ཤེས་ཀྱི་བདག་ཉིད།།
བོན་བརྒྱ་ཐམས་ཅད་མཁྱེན་པར་སྙིང་ཁོང་ནས་དད་ན།།
སྒྱུ་མའི་རང་མདངས་དྲན་པའི་གདམས་ངག་དེ་བསྩོལ་ཅིག།

རིགས་བརྒྱའི་དཀྱིས་འཁོར་དབུས་སུ་བཞུགས་ཡི་བླ་མ།།
ཡེ་ཤེས་སྒྱུ་འཕྲུལ་འགག་མེད་རོལ་བ་ཡི་གར་བསྒྱུར།།
བདག་གི་སྐྱབས་གཅིག་བླ་མའི་སྐུ་དྲིན་དེ་བསམ་བཞིན།།
རྟག་བརྟན་གཤེན་གྱི་ལྷ་རྔ་ཇི་སྲིད་བར་བརྡུང་འདོད།།
 

 བོན་བརྒྱ་དགོན་དཔལ་ལྡན་བཟང་པོ་ནས་གུས་པས་ཕུལ།  

དགེ་བ་རླབས་ཆེན་བསགས་པའི་བསོད་ནམས་ཀྱིས།།
ལེེགས་ཚོགས་རྩ་བ་དཔལ་ལྡན་བླ་མ་ཡི།།
རྒྱ་ཆེན་འཁོར་ལོ་གསུམ་གྱི་མཛད་འཕྲིན་རྒྱས།།
མཚོ་སྔོན་བྱང་ཁའི་སྐྱབས་མགོན་བོན་བརྒྱ་བ།།

གང་སྐུ་མི་འགྱུར་གཡུང་དྲུང་ལྷུན་པོ་བརྟན།།
གང་གསུང་ཚངས་པའི་དབྱངས་ལྡན་འགག་པ་མེད།།
གང་ཐུགས་ནམ་མཁའ་ཇི་བཞིན་མུ་མཐའ་བྲལ།།
གང་གི་གསང་གསུམ་གཡོ་མེད་རྟག་བརྟན་ཤོག།

སྐྱབས་མགོན་གང་གི་ཞབས་པད་སྤྱི་བོར་ཐོབ་པའི་སྐལ་བ་ཅན་སོ་ནག་ཚེ་སྒྲུབ་རྒྱལ་གྱིས་གསོལ་བ་འདེབས་བཞིན།༩༠༡༦/༡༢/༡༣ཉིན་ཕུལ་ལོ།།

 

ཐུགས་རྗེའི་འཕྲིན་ལས་མཁྱེན་བརྩེའི་འོད་ཟེར་མཐའ་ཡས་དཔལ་འབར་པས།།
ཤེས་བྱའི་གནས་ཀུན་ཁྱབ་ཅིང་འགྲོ་བའི་རྨོངས་མུན་མ་ལུས་འཇོམས།།
ཡང་དག་འབྲས་བུའི་བོན་མཆོག་ཚེ་འདིར་སྩོལ་འཛད་བོན་བརྒྱ་ཞེས།།
འཛམ་གླིང་མཁས་པའི་གཙུག་རྒྱན་མཁའ་མཉམ་འགྲོ་བའི་དཔལ་མགོན་འདུད།།

ཁྱེད་སྐུའི་བྱིན་རླབས་འགྲོ་བའི་ཉོན་མོངས་ཚད་གདུང་དབུལ་ཕོངས་ཀུན་སེལ་དང་།།
རྗེའི་གསུངས་འཕྲིན་ལས་འགྲོ་དོན་རྦ་རླབས་འཐོར་ལས་ཡེ་ཤེས་ཐིགས།།
ཁོང་ཐུགས་ཐུཊ་རྗེའི་མ་རིག་ཆུ་འཛིན་བརྟོལ་མཛད་ཉིན་མཚན་གཟིགས།།
ཞྭ་དཀར་བསྟན་པའི་བདག་པོ་བདག་གི་བླ་མ་བོན་བརྒྱ་བ།།

ཞེས་༢༠༡༦ལོའི་ཟླ༡༢པའི་ཚེས་༡༣ཉིན་༔༼ཁྱུངཿཐོག་འདུལ་འམ་ཁྱུང་སྐྱེས་ལྷ་བུ་༽ཡིས།འཛམ་གླིང་མཁས་པའི་གཙུག་རྒྱན་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ།མདོ་སྨད་གཡུང་དྲུང་བསྟན་པའི་བདག་པོ།བདག་ཅག་གི་རྩ་བའི་བླ་མ།སྤྱི་གཙུག་གི་ནོར་བུ།མཆོད་པའི་གནས་དད་པའི་ཡུལ།ཁོང་སྐུ་མཇལ་ན་ལུས་ཀྱི་སྒྲིབ་པ་དག་ནས།གསུངས་ཐོས་ན་ངག་གི་སྒྲིབ་པ་དག་པས།་ཚན་བརྗོད་པར་དཀའ་བ།དངོས་དོན་མཁས་བའི་དབང་བོ་མཆོག་ལ་སྙིང་ཁོངས་རུས་པའི་གཏིང་ནས་གསོལ་འདེབས་སྨོན་ལམ་བཏབས་པ་དང་། སྨོན་ལམ་མྱུར་ཏུ་འགྲུབ་པའི་བརྟེན་འབྲེལ་ལ།།བོན་ཉིད་རྣམ་པར་དག་པའི་བདེན་པ་དང་།།བདག་གི་བསམ་སྤྱོར་དགེ་བའི་ནུས་མཐུ་ཡིས།།དམ་ཅན་རྒྱ་མཚོའི་དཔའ་རྟགས་རྒྱལ་རྔ་བརྡུང་།།ཅི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་གྱུར་ཅིག།།བླ་མ་མཁྱེན་ནོ།བླ་མ་མཁྱེན་ནོ།ངའི་དྲིན་ཆེན་རྩྭ་བའི་བླ་མ་མཁྱེན་ནོ།བླ་མ་བོན་བརྒྱ་བ་མཁྱེན་ནོ།ཐ་ཚན་མུ་ཙུག་སྨ་རོ།། 

ཟབ་མོ་གནས་ལུགས་དོན་ལ་དབང་འབྱོར་ཞིང་།།
འཆད་རྩོད་རྩོམ་པའི་ལས་ཀུན་ཡོངས་རྫོགས་པ།།
འགྲོ་ཀུན་བདེ་ལ་འགོད་པའི་དེད་དཔོན་མཆོག།།
བཀའ་དྲིན་མཚུངས་མེད་བླ་མ་སྐུ་ཚེ་བརྟན།།

 ཞེས་དམ་པ་གང་གི་སློབ་བུའི་གྲལ་མཐའ་གནས་པ་བསྟན་འཛིན་ལྷུན་གྲུབ་ནས་གུས་པའི་བཏེགས།

ལྷོ་རྒྱལ་འཛམ་གླིང་སོག་ཀའི་མགོན་པོ་མཆོག།
མཆོག་གསུམ་ངོ་བོ་དཔལ་ལྡན་བླ་མའི་སྐུ།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རེ་འབྲས་ཆེ། །

ཆེ་དགུས་སྙིང་ནས་གསོལ་བ་དོན་ཡོད་མཛོད།།

  ཞེས་པ་འདི་ནི་དམ་པ་གང་གི་སློབ་མའི་གྲལ་མཐའ་བ་དཀོན་མཆོག་ལྷུན་གྲུབ་ནས་ཕུལ་བའོ།།

ལྷུན་པོ་ཇི་བཞིན་བརྟན་ཅིང་འོད་རིས་མཛེས་པའི་སྐུ།།
པི་ཝང་དབྱངས་བདུན་རབ་སྙན་ཡིད་འཕྲོག་ཚངས་པའི་གསུང་།།
ལྔ་རིག་ཤེས་བྱ་མཚོ་ཟབ་མཁྱེན་ནུས་གཏེར་ཆེན་ཐུགས།།
བརྩེ་ལྡན་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཨེ་མ་རྨད།།

གསལ་བྱེད་མིང་གཞིར་ཚང་བའི་ཚིག་བཅད་དང་།།
གཅིག་བསྡུས་འཆི་མེད་ཚེ་སྦྱིན་འོད་དཀར་ལྷ།།
བོན་སྐྱོངས་མ་བདུད་བཙན་གསུམ་ལ་སོགས་པས།།
སྐྱབས་རྗེ་བླ་མའི་སྐུ་ཚེ་བརྟན་གྱུར་ཅིག།
  

སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་ལ་གསོལ་བ་སྙིང་ནས་འདེབས་བཞིན་སློབ་བུ་སོ་ནག་ཚེ་རིང་དོན་འགྲུབ་ནས་གུས་པས་ཕུལ།།   2016,12,13

སྙིང་དབུས་བདེ་བ་ཆེན་པོའི་དབྱིངས་ཀློང་དུ།།

ངོ་བོ་གདོད་དག་ཀུན་བཟང་དབྱེར་མེད་སྐུ།།

མི་འགག་གསུང་གི་ཐུགས་རྗེའི་འོད་སྣང་འབུམ།།

བདག་གི་གནས་གསུམ་སྨིན་པའི་བྱིན་རླབས་སྩོལ།།

 

ཕྱི་སྣོད་རྟེན་པར་འབྲེལ་བའི་གཞལ་ཡས་སུ།།

ནང་བཅུད་འགྲོ་བའི་སྨོན་པ་གཅིག་བསྡུས་ཏེ།།

གང་སྐུ་མི་འགྱུར་གསེར་གྱི་ཁྲི་འཕངས་སུ།།

བརྟན་པར་བཞུགས་མཛོད་གསོལ་བ་ལན་བརྒྱར་བསྟོད།།

  ཅེས་ལེགས་ཉེས་ཀྱི་བདེན་པ་སྟོན་མཁས་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གི་སྐུ་ཚེ་ཁྲི་ལོར་བརྟན་པའི་གསོལ་བ་སྨོན་འདུན་དང་བཅས། ཁྲི་ཀ་རིན་བློ་བས་  ༢༠༡༧—༠༡—༡༠ཉིན་ཕུལ།  བཀྲ་ཤིས། དགེའོ།

 

སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་སྣང་བ་མཐའ་ཡས་ཁྱེད་སྐུའི་ཞབས་ལ་ཕྱག་འཚལ་ལོ།  །

མ་རིག་མུན་འཇོམས་འོད་སྟོང་འཕྲོ་བའི་ཆོས་ཀྱི་བདག་ཉིད་ཁྱེད་སྐུའི་ཞབས་ལ་ཕྱག་འཚལ་ལོ། །
དགེ་བ་མ་ལུས་དམ་པའི་ཆོས་ཀྱི་ངོ་བོ་ཁྱེད་སྐུའི་ཡེ་ཤེས་སྣང་ངོར་འཐིམ་པ་རྨད། །
ལེགས་པར་གནས་པ་གདོད་མའི་ཆོས་ཀྱི་སྙིང་པོ་ཁྱེད་སྐུའི་མི་ཡུལ་ཁམས་སུ་མཛད་པ་རྨད། །

ལྷུན་ཆགས་ཁ་བ་རི་བོའི་ཞིང་དུ་བོན་གྱི་བསྟན་པ་ཉི་ཟླའི་འོད་བཞིན་གསལ་མཛད་མཁས།  །

གྲུབ་མཐའ་བོན་གཞུང་མདོ་སྔགས་གསང་གསུམ་རྩོད་པས་ཕས་རྒོལ་ཕྱོགས་ལས་རྣམ་པར་རྒྱལ་བ་མཁས། །

རྒྱ་ཆེན་སྤྱོད་བརྒྱུད་སྟོན་པ་གཤེན་རབ་དེ་དེ་བཞིན་དུ་རྗེས་སུ་འཛིན་པ་ཀུན་མཁྱེན་པ། །

མཚོ་ཡི་ཟབ་ཚད་སྐུ་ཚེ་མི་ནུབ་ཚེ་རབས་ཀུན་ཏུ་འཚོ་ཞིང་བཞུགས་རོགས་ཀུན་མཁྱེན་པ། །
 

 ཕྱི་ལོ་2017ཟླ་བ་1ཚེས་10 ཉིན།  སྒོ་གསུམ་གུས་པས་སེམས་ཀྱི་མཆོད་པ་འདི། རྡ་རམ་ས་ལ་ནས་མ་སྐྱེས་མེ་ཏོག་གིས།
                                        

རྨད་བྱུང་དགེ་ལེགས་མཁྱེན་བརྩེ་ནུས་པའི་ཁམས། །

རྩོལ་མེད་ལྷུན་གྲུབ་ཡོངས་ཀྱི་འཁོར་ལོ་བསྒྱུར། །

སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་བཀོད་པའི། །

སུམ་ལྡན་དཔོན་གསས་བླ་མར་དད་ཕྱག་བརྩེགས། །

 

མཚན་ཉིད་སྡེ་ལྔ་ལུང་གི་རྒྱལ་མཚན་བཙུགས། །

དག་པ་རབ་འབྱམས་ལྷ་སྐུའི་འཁོར་ལོར་གྲུབ། །

འཁོར་འདས་ཡེ་གྲོལ་རང་འབྱུང་སེམས་སུ་རྫོགས། །

རིག་སྟོང་རྗེན་འཆར་སྟོན་པ་བརྟན་བཞུགས་གསོལ། །
 

ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ནས།

བསྟན་པའི་སྙིང་པོ་ཐེག་དགུའི་གཡུང་དྲུང་བོན།།
མདོ་སྔགས་རྫོགས་གསུམ་རིང་ལམ་མྱུར་ལམ་ཟབ།།
ཐབས་མཁས་སྟོན་མཛད་རྒྱལ་ཚབ་བོན་བརྒྱ་བ།།
བསོད་ནམས་ཞིང་དུ་སྐུ་ཚེ་རྟག་བཞུགས་མཛོད།།

མི་ཕྱེད་དད་པའི་སྙིང་གི་པད་མའི་རྩེར།།
སྨིན་པའི་བསོད་ནམས་ལྷ་མའི་དྲི་བསུང་མཆོག།
སྐལ་བཟང་བུང་བའི་བདེན་སྟོབས་དབྱངས་སྙན་བཅས།།
བསྐལ་བརྒྱར་ཁྲི་ལ་ཞབས་པད་རྟག་བརྟན་གསོལ།།
 

 ཅེས་མཆོད་ཚིག་མེ་ཏོག་གི་ཕྲེང་བའི་ཚིགས་བཅད་ཟུང་བཤད་སྒྲུབ་ནས་12-15 ཉིན་གུས་པས་ཕུལ།

འདི་ཕྱིའི་བདེ་བ་མ་ལུས་འབྱུང་བའི་གཞི།།
ལྔ་བདོའི་གཤེན་རབ་བསྟན་པའི་མགོན་གཅིག་པུ།།
དད་ལྡན་འགྲོ་ལ་ཐུགས་རྗེས་དགོངས་མཛོད་ལ།།
མགོན་ཁྱེད་ཞབས་པད་བསྐལ་བརྒྱར་བརྟན་པར་སྨོན།།

གཤེན་བསྟན་འཛིན་སྐྱོང་སྤེལ་ལ་སྤོབས་ཆེ་བ།།
གདུལ་བྱ་སྐྱོང་མཁས་གཡུང་དྲུང་སེམས་དཔའ་ཆེ།།
དད་ལྡན་སྙིང་གི་གཡུང་དྲུང་འོད་པོ་ཆེ།།
མི་ནུབ་བསྐལ་བརྒྱའི་བར་དུ་བརྟན་པར་སྨོན།།

 ཁྱུང་སྲས་ནས་གུས་པས་ཕུལ།

བོན་བརྒྱ་ཡབ་སྲས་གསུམ་གྱི་རྒྱལ་ཚབ་མཆོག།
སྐུ་གསུམ་བདག་ཉིད་ཀུན་མཁྱེན་བླ་མ་མཆོག།
འདི་ཕྱིའི་ལེགས་ཚོགས་ཀུན་གྱི་རྩ་བ་མཆོག།
བོན་བརྒྱ་ཐམས་ཅད་མཁྱེན་པ་ཁྲི་ལོར་ཤོག།

དྲིན་ཆེན་བླ་མའི་སྐུ་མཆོག་དཔག་བསམ་རྩེར།།
བྱིན་རླབས་ཟེའུ་འབྲུ་སྟོང་གིས་རབ་ཕྱུག་ཏེ།།
སྐལ་ལྡན་ལོངས་སྤྱོད་ཕུན་སུམ་ཚོགས་པའི་མཛོད།།
རྟག་ཏུ་བསྩོལ་ཅིག་སྐྱབས་མཆོག་ཡིད་བཞིན་ཀྱེ།།

ཤེས་རབ་རྒྱ་མཚོ་ནས།

འཛམ་གླིང་འཛིན་མའི་ཁྱོན་གྱི་གཞུང་བ་རུ།།
དཔྱོད་ལྡན་མཁས་པའི་ཚོགས་རྣམས་འཕེལ་ནས་ཡོད།།
འོན་ཀྱང་གཞུང་ལུགས་ཀུན་ལ་དབང་བསྒྱུར་བའི།།
བླ་མ་ཁྱེད་དང་འདྲ་བ་སྲིད་མཐའ་ཙམ།།

བདག་གི་གཙུག་ན་ཁྱེད་ནི་ནོར་བུ་བཞིན།།
ང་ཡི་ཁོག་ན་ཁྱེད་ནི་སྙིང་ཆུང་བཞིན།།
ཁོ་བོར་ཁྱེད་ལས་ལྷག་པ་གང་ཡང་མེད།།
བོན་བརྒྱ་བླ་མས་ཞབས་པད་རྟག་བརྟན་མཛོད།།
 

 བསྟན་འཛིན་དབང་རྒྱལ་ནས།

གདུལ་བྱ་རྒྱ་མཚོའི་སྤྱི་མཐུན་ལས་ཀྱི་བཅུད།།
སངས་རྒྱས་སྟོང་གི་ཐུགས་སྲས་ཞིང་འདིར་འཁྲུངས།།
གང་ལ་གང་འཚམ་དེ་ལ་དེ་སྟོན་པའི།།
དུས་མཐའི་འདྲེན་པ་ཆེན་པོ་ཨ་ཧོ་མཚར།།

རྒྱལ་བ་སྟོང་གི་བྱིན་རླབས་གཙང་བོའི་རྒྱུན།།
དཔལ་ལྡན་བླ་མའི་གསུང་གི་རྒྱུན་ལས་བབས།།
དད་འབངས་ཁྲི་སྟོང་ཚེ་སྔོན་ལས་ཀྱི་སྒྲིབ།།
དུས་གཅིག་འདག་འཛད་བླ་མ་བརྟན་བཞུགས་མཛོད།།
 

རྣམ་རྒྱལ་ལྷུན་གྲུབ་ནས།

བདག་གི་སྐྱབས་དང་དཔུང་གཉེན་ཁྱེད་ལས་སུ།།
སངས་རྒྱས་མི་ཡི་རྣམ་སྤྲུལ་བོན་བརྒྱ་བ།།
ཚེ་རབས་བྱེ་བའི་ལས་ཀྱི་འཕྲེང་བ་རུ།།
མགོན་པས་ཐུགས་རྗེ་མ་ཆུང་མཁྱེན་མཁྱེན་ཞུ།།

ལྷ་ཚོགས་བྱེ་བ་ས་ཡའི་འ་མོ་ཉིད།།
དྲིན་ཆེན་ཅི་པར་མཆོག་ལས་མ་མཆིས་པས།།
མཚན་ལྡན་སྟོན་མཆོག་རྗེ་བཙུན་བོན་བརྒྱ་བ།།
བསྐལ་བ་མ་སྟོང་བར་དུ་རྟག་བཞུགས་མཛོད།།

ལྷུན་འགྲུབ་དབང་རྒྱལ་ནས།

གྲུབ་མཐའ་ཀུན་ལ་ཕྱོགས་མེད་སྣང་བ་རྒྱས།།
འཆད་རྩོད་རྩོམ་ལ་མི་འཇིགས་སྤོབས་པ་མཐོ།།
བྱམས་དང་བརྩེ་བས་འགྲོ་བ་ཐ་དག་སྐྱོབ།།
བོན་བརྒྱ་བླ་མའི་སྐུ་ཚེ་ཁྲི་ལོར་ཤོག།
 

 རྩ་བའི་བླ་མ་བོན་བརྒྱ་རིན་པོ་མཆོག་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་བཀྲ་ཤིས་སྨོན་འདུན་དུ་སྔགས་འཆང་མཁར་འབུམ་བྱམས་ནས་གུས་པས་ཕུལ།

གངས་ལྗོངས་ཨཀྟ་རོང་ཆེན་ཞིང་གི་སར།།
གཤེན་གྱི་བསྟན་པའི་རྒྱལ་མཚན་ཕྱར་མཛད་པོ།།
དཔོན་གསས་བླ་མ་ཀུན་ལས་ཁྱད་འཕགས་པ།།
སྐྱབས་གཅིག་བླ་མའི་སྐུ་ཚེ་རྟག་བརྟན་གསོལ།།

མཁྱེན་པའི་གསལ་སྟོང་རང་རིག་རྩལ་མངའ་བ།།
བརྩེ་བའི་བྱང་སེམས་རབ་གསལ་ཟླར་འགྲན་པ།།
ལེགས་གཉིས་བླང་དོར་བསླབ་བྱས་བགྲོད་མཁས་པ།།
རྣམ་སྤྲུལ་མཚན་ལྡན་བླ་མ་རྟག་བརྟན་གསོལ།།

  ཞེས་མཁས་གྲུབ་བྱེ་བའི་གཙུག་རྒྱན་༧རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གིས་བསྟན་འགྲོའི་སྐྱོབ་པ་རླབས་ཆེན་གྱི་དོན་རྒྱ་ཆེར་དགོངས་ནས་དགུང་གྲངས་གྱ་གསུམ་ལ་ཕེབས་པར། ཉེ་གནས་དད་འབངས་ཡོངས་ཀྱིས་བརྟན་བཞུགས་རྒྱས་འབུལ་གྱི་སྐབས་དང་བསྟུན་གང་གི་སློབ་བུའི་གྲལ་མཐར་ཚུད་པ་ཁྲི་བསོད་བསྟན་གྱིས་གུས་པས་ཕུལ། 

དུས་གསུམ་རྒྱལ་བའི་ཐུགས་བསྐྱེད་ཀུན་གསལ་ལས་འཕྲོས་པའི། །
རྩ་གསུམ་འདུས་ཞལ་དགེ་ལེགས་འབུམ་རྫོགས་སྣང་བའི་བདག །
སྐུ་གསུམ་ལྷུན་གྲུབ་ལུས་ཅན་རྒྱ་མཚོའི་དཔལ་མགོན་རྗེར། །
སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་སྙིང་ནས་འདེབས། །

གང་སྐུ་བརྗིད་ལྡན་རི་རྒྱལ་ལྷུན་པོ་རབ་བརྟན་ཅིང་། །
གང་གསུང་ཚངས་དབྱངས་དྲུག་ཅུའི་བོན་སྒྲ་སྲིད་མཐར་སྒྲོགས། །
གང་ཐུགས་མཁྱེན་བརྩེའི་ཁྲི་གདུགས་འོད་སྣང་ཡོངས་ཁྱབ་སྟེ། །
མི་འགྱུར་རྟག་བརྟན་བསྐལ་བརྒྱར་བཞུགས་པར་གསོལ་བ་འདེབས། །
 

 སྐྱིད་བུ་ཤ་བོ་གཡུང་དྲུང་ནས།

 

顶礼旺嘉格勒楞智嘉措活佛如意宝八十大寿颂词
须弥般若有无空
四洲八宝庄严颂
南瞻部洲弘教法
大乘雍仲觉悟道
安多圣宗旺嘉佛
智慧尊者传正法
显密双宗同心连
八字真言彻天地
至尊旺嘉智慧佛
扬善说法渡众生
东临泽秀东尼仓
南望朗依法王裔
西隔雍仲拉顶寺
北有盛尊旺嘉佛
至此八十耄耋日
大乘雍仲觉悟道
尊者与天齐福寿
沧海桑田几变更
旺嘉尊者恒古存

 ཟླ་བ་བཀྲ་ཤིས།

ཚད་མེད་བཞི་ལྡན་བླ་མ་ཁྱེད་ཉིད་ཀྱིས།།
འགྲོ་ཀུན་མ་ལུས་འདྲེན་པའི་དགེ་ལེགས་སྩོལ།།
ཐུགས་རྗེ་བཞི་ལྡན་བླ་མ་ལྷུན་གྲུབ་ཀྱིས།
ཡོན་ཏན་རྒྱ་མཚོའི་དངོས་གྲུབ་བསྩལ་དུ་གསོལ།།

ཀུན་རྟོགས་མ་ལུས་གསལ་བའི་བདག་ཉིད་ཀྱིས།།
འགྲོ་ཀུན་ཡོངས་ལ་ཤེས་བྱའི་དངོས་གྲུབ་སྩོལ།།
འགྲོ་ཀུན་འདྲེན་པའི་མངའ་བདག་ཁྱེད་ཉིད་ནི།།
སྐུ་ཚེ་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན།།

 ཞེས་ལི་ཐང་ཤེས་རིག་དཔའ་རྒོད་དུ་འབོད་པའི་ཟླ་བ་དང་པོའི་ཚེས་བཅུ་གཅིག་གི་དགོང་མོར་འཇུ་སྐོར་མ་སྣེ་ཚང་གི་ཁྱིམ་དུ་སྦྱར་བ་དགེའོ།།

དགེ་ལེགས་སྣང་བའི་དཀྱིལ་འཁོར་རབ་རྫོགས་བོན་བརྒྱ་རྗེ། །
ཨེ་ཝཾ་ལྷུན་གྲུབ་ཟེར་འོད་ཅིག་ཆར་འཇོ་བའི་གཉེན། །
རིགས་དྲུག་སེམས་ཅན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཕྱིར། །
ཚེ་མཐའ་ཡས་ངོར་རྟག་བཞུགས་བླ་མེད་ཤིས་པ་སྩོལ། །
 

སྐྱབས་རྗེ་བླ་མ་རིན་པོ་ཆེའི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་དང་བཅས་ཁྱུང་དཀར་ཟླ་བས་གུས་པས་སྦྱར་བའོ།།

 

བོན་སྒོ་བརྒྱ་ཕྲག་མ་ལུས་མཁྱེན་པའི་སྐུ། །
དགེ་ལེགས་གྲུ་ཆར་རྣམ་ཀུན་འཇོ་བའི་གསུང་། །
ལྷུན་གྲུབ་གསང་གསུམ་རྒྱ་མཚོ་བལྟམས་པའི་ཐུགས། །
བསྟན་འགྲོའི་མགོན་དུ་བཞུགས་གསོལ་བོན་བརྒྱ་བ། །

གཞི་དབྱིངས་ཀ་དག་མ་བཅོས་སེམས་ཉིད་གསལ། །
གསལ་སྟོང་འཛིན་མེད་རིག་རྩལ་ཝ་ལེར་གྲོལ། །
གྲོལ་བའི་མགོན་པོ་གཤེན་རབ་དམུ་ཡི་སྲས། །
སྲས་ཀྱི་རྗེ་བོ་བླ་མ་ཨ་ཧོ་རྨད། །

བོན་བརྒྱ་དགོན་པའི་འཕྲིན་ལས་ཉི་མ།

དཔལ་ལྡན་དགེ་བཅུ་ངང་རྫོགས་སྨན་གྱི་རི།།
ལེགས་ཚོགས་བྱེ་བའི་སྤྲིན་ཚོགས་ཕང་བར་རྒྱུ།།
ལྷུན་རྫོགས་སྐུ་གསུམ་ངོ་བོ་དྲི་བཞོན་མ།།
སྲིད་གསུམ་འཛིན་མའི་ཁྱོན་ན་ཤིག་ཤིག་གཡོ།།

སྐུ་དྲིན་གསེར་གྱི་རི་བོ་ལྷིང་ངེར་གསལ།།
ལྷག་བསམ་དུང་གི་སྒྲ་དབྱངས་སང་སང་གྲགས།
མཁྱེན་དཔྱོད་འོ་མའི་ཆུ་གཏེར་ཡར་ཡར་འཕྱོ།།
མཚན་ལྡན་བླ་མའི་སྐུ་ཚེ་རྟག་བརྟན་མཛོད།།
  

  བོན་བརྒྱ་དགོན་བསྟན་འཛིན་ཉི་མ་ནས།

ཁྱད་པར་མདོ་སྨད་བྱང་ཁའི་ཡུལ་ལྗོངས་སུ།།
གཤེན་བསྟན་སྒྲོན་མེ་སླར་ཡང་སྤར་བའི་གཉེན།།

གྲུབ་བརྙེས་རིག་འཛིན་སྟོང་གི་རྣམ་ཐར་མཆོག།།

སྐྱོང་མཛད་ཁྱེད་ཉིད་སྲིད་པ་རྒྱལ་མོས་སྲུངས།།

 

གཞན་ཕན་ལྷག་བསམ་ཟླ་བ་མཁའ་ལ་ཚེས།།

འཁོར་འབངས་བུ་སློབ་ཀུན་དའི་ཚལ་ཆེན་བཞད།།

ཡང་དག་ཚུལ་མཐུན་སྐྱེས་པུ་དམ་པའི་སྲོལ།།

སྐྱོང་བའི་ཁྱེད་ཉིད་དམ་ཅན་བདུད་ཀྱིས་སྲུངས།།

  དམ་པ་གང་གི་སློབ་འབངས་སུ་གཏོགས་པ་གདོང་བཙུན་བཀྲ་བསྟན་གྱིས།

 

ཨེ་མ་ཧོ། དགེ་ལེགས་དཔལ་གྱིས་ཕྱི་ནང་གྲུབ་མཐའི་གཞུང་།།

ལྷུན་གྲུབ་མངའ་བརྙེས་གུས་འབངས་བྱེ་བའི་བློར།།

ཉིན་བྱེད་འགྲོ་དྲུག་ཐར་ལམ་རབ་བཀོད་ཅིང་།།

རྒྱ་མཚོའི་དཔལ་ལ་འགྲན་གང་བརྟན་བཞུགས་མཛོད།།
 

 ཞེས་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་སྐལ་བརྒྱར་བརྟན་ཞིང་མཛད་པའི་འཕྲིན་ལས་ཕྱོགས་མེད་དུ་རྒྱས་པའི་ཤིས་ཚིག་པད་དཀར་ཆུན་པོ་འདི་ནི་གང་གི་གདུལ་བྱར་གྱུར་བ་སློབ་བུ་ཀུན་བཟང་རྒྱ་མཚོས་དད་པའི་གུས་ཕྱག་དང་བཅས་ཏེ་ཕྱི་ལོ་2017ཟླ་1ཚེས་11ཉིན་ལ་སྦྱར་བའོ།།

སྟོང་བ་འོད་གསལ་སྒྲོན་མེ་ཏ་ལ་ལ།
མཉམ་སྣང་མཐའ་བྲལ་གཞའ་ཚོན་གོ་རོ་རོ།།
ཉག་གཅིག་ཁྱབ་གདལ་རྟ་ལྗང་འོད་ལམ་ལམ།།
རང་གྲོལ་བདག་ཉིད་ཆེན་པོར་གུ་དུན་ཧྲུན།།

ན་མོ་རྒྱལ་བའི་ཐུགས་སྲས་ཁྱུང་གི་རུས།།
གཡོ་བ་ཡེ་ཤེས་སྒྱུ་འཕྲུལ་མི་ཡི་གར།།
རྩ་གསུམ་ཀུན་འདུས་ཡོངས་རྫོགས་ཆེན་པོའི་མཛོད།།
བོན་བརྒྱ་བླ་མའི་ཞབས་པད་རྟག་བཞུགས་གསོལ།།
 

 དགེ་ལེགས་བསྟན་འཛིན་ཆུང་ནས།

ཟབ་ཆེན་ལྟ་བའི་གདེང་ཚད་རབ་བརྙེས་པས།།
སྒྲིབ་མེད་འཁོར་འདས་གཉིས་མེད་ས་ལེ་གསལ།།
ལེགས་བཤད་རྒྱ་མཚོ་གླུ་ལེན་ངག་གི་དབང་།།
མ་ནོར་ལེགས་པའི་ལམ་སྟོན་སྐུ་མཆོག་རྗེ།།

འཛམ་གླིང་མཁས་གྲུབ་ཡོངས་ཀྱི་གཙུག་གི་ལྷ།།
གཤེན་བསྟན་གཉེན་འཕྲང་སྐྱོབ་པའི་སྐུ་དྲིན་ཅན།།
འགྲོ་ཀུན་འཇིགས་པའི་ཚོགས་ལས་སྒྲོལ་བའི་མགོན།།
བོན་བརྒྱ་བ་ལགས་སྐུ་ཚེ་བརྟན་པར་ཤོག།
 

 རྒོད་ཕྲུག   ༼སྡེ་དགེ༽

མདོ་སྨད་ལྗོངས་སུ་དྲི་མེད་གསེར་བུམ་ཞེས།།
གཤེན་རབ་སྟོན་པའི་གསུངས་བཅུད་མགུལ་ནས་ཕྱུར།།
ཀ་དག་ལྷུན་གྲུབ་བདུད་རྩིས་བུམ་མཆོག་ཁེངས།།
སྙིགས་དུས་བསྟན་པའི་སྲོག་ཤིང་བོན་བརྒྱ་བ།།

ཞང་བོད་མཁས་གྲུབ་བྱེ་བའི་གཙུག་གི་ཏོག།
གཡུང་དྲུང་བསྟན་པ་འཛིན་པའི་འཕྲིན་ལས་མཁན།།
འགྲོ་དྲུག་སེམས་ཅན་ཡོངས་ཀྱི་འདི་ཕྱིའི་མིག།
བསྟན་འགྲོའི་དོན་ལ་རྟག་ཏུ་བཞུགས་གསོལ་འདེབས།།
  

 མགར་ཚུལ་རྒྱལ།  ༼སྡེ་དགེ༽

ཨེ་མ་དགེ་ལེགས་བྱེ་བས་རབ་ཕྱུག་སྐུ།།
བོན་སྒོ་བརྒྱད་ཁྲི་ཐོག་མེད་སྨྲ་བའི་གསུང་།།
འཁོར་འདས་མ་ལུས་ས་ལེར་མཁྱེན་པའི་ཐུགས།།
སྐལ་ལྡན་སྟོང་གི་དཔུང་ལ་རྟག་བརྟན་གསོལ།།

སྐྱེ་མེད་དོན་ལ་ཨ་ཡི་རི་མོ་གསལ།།
འགག་མེད་ངང་ལ་ཨཱོྃ་གྱི་རང་མདངས་འཁྱིལ།།
གཉིས་མེད་ངོ་བོ་ཧཱུཾ་གིས་མཚོན་པ་ཡིས།།
དཔལ་ལྡན་བོན་བརྒྱ་བླ་མ་ཁྲི་ལོར་ཤོག།
 

 བཀྲ་ཤིས་ཉི་མ་ནས།

སྐུ་ཡི་གཟི་བྱིན་ཁྲི་ལོར་དགེ་ལེགས་རྟག་བརྟན་རྒྱས།།
གསུང་གི་ཚངས་དབྱངས་འགག་མེད་ལྷུན་གྲུབ་ཅིག་ཅར་གྲགས།།
ཐུགས་ཀྱི་མཁྱེན་བརྩེ་འོད་གསལ་རྒྱ་མཚོའི་རིག་པ་ཤར།།
ཡོན་ཏན་གཉུག་མའི་ལྟ་བ་ཕྱོགས་བཅུ་འཕེལ་བར་ཤོག།

ཨེ་མ་བདག་གི་སྤྱི་གཙིག་སྤྱི་བོར་བཀུར་བའི་བླ།།
བླ་མེད་ཐུགས་གཏེར་མཛད་འཕྲིན་བརྩེ་བ་སྙིང་རྗེ་མ།།
མ་དག་གདུལ་བྱའི་དེད་དཔོན་ཆེན་མོ་དེ་ཉིད་ལ།།
ལ་ལུང་ཀུན་གྱི་གུས་པ་དད་པས་སྐྱབས་སུ་མཆི།།
  

 ཞེས་རྗེ་བླ་མའི་གྲལ་མཐར་གནས་པ་རྩེ་སྐྱེས་བསྟན་འཛིན་གྲགས་པ་ནས་བླ་མའི་སྐུ་ཚེ་བརྟན་པའི་ཞབསབརྟན་དུ་ཟླ ༡༢:༡༤ཉིན་ཕུལ་བའོ།

ཉིས་སྟོང་བཅུ་བཞིའི་གནམ་ལོ་གསར་བ་ལ།།
རོང་ཆེན་བཞི་ཡི་བྱང་ཕྱོགས་ཨཀྟ་རོང་དུ།།
བོན་བརྒྱ་ཐམས་ཅད་མཁྱེན་པའི་གསེར་ཞལ་དེ།།
གྱ་སྟོན་བསྐལ་བཟང་དུས་སུ་མཇལ་བ་རྨད།།

མ་རིག་སེམས་ཅན་འཁོར་མཚོ་སྒྲོལ་བ་ལ།།
འཇིག་རྟེན་གནས་འདིར་བསྐལ་མང་འཚོ་བཞེས་སུ།།
མི་ཤིགས་གཡུང་དྲུང་ཁྲི་ཆེན་མཐོ་པོའི་སྟེང་།།
ཡང་ཡང་བཞུགས་པའི་བཀྲ་ཤིས་སྨོན་ལམ་འདེབས།།

 ཞེས་ལྗོངས་རྒྱུ་བ་བཀྲ་ཤིས་སམ་གཡུ་རི་བས་བོན་གྱི་གནས་ཆེན་རྒྱ་ནག་གླང་ཆེན་ཉེ་འགྲམ་སྤོས་རི་ལྔ་ལྡན་གྲོང་ཁྱེར་རམ་བོད་སྐད་དུ་ཁྲི་འདུ་ཞེས་འབོད་པ་ནས་སྒོ་གསུམ་གུས་པའི་ངང་ནས་ཕུལ།

ཀྱེ་ཀྱེ་སྨྲ་སེང་མི་ཚུལ་རྣམ་རོལ་བོ༵ན་བ༵རྒྱ་བ།།
རླབས་ཆེན་མཛད་འཕྲིན་གོ་ལའི་ཁྱོན་ནས་དགེ༵་ལེག༵ས་སྨིན།།
མ་ལུས་ཡོང་རྫོགས་བྱང་ཆུབ་མངའ་བདག་ལྷུ༵ན་གྲུ༵བ་པ།།
ཨེ་མ་བོན་བརྒྱ་ཐམས་ཅད་མཁྱེན་གཟིགས་རྒྱ༵་མཚོ༵འི་མཚན།།

བོ༵ན་བརྒྱ༵་རིག་པའི་དབང་ཕྱུག་རེབ་གོང་ཡུལ་དུ་འཁྲུངས།།
དགེ༵་ལེག༵ས་རིས་མེད་འགྲོ་ལ་སྩོལ་མཛད་མི་ཡིས་བསྔགས།།
ལྷུན༵་གྲུ༵བ་ཀ་དག་དབྱིངས་ལས་མ་གཡོས་གཉུག་མའི་གཤིས།།
རྒྱ༵་མཚོ༵་མ་སྐོམ་འགྱུར་མེད་ཁྲི་ལ་རྟག་བརྟན་བསྭོ།།
 

ཉིན་རྒྱལ་ཁམས་པ་རང་འབར་དེས་ཁམས་སྡེ་དགེ་ནས་སྤྲིངས།

 

  ༧སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་མཛད་འཕྲིན་མཐའ་རུ་ཕྱིན་ཆེད་ངེད་སློབ་འབངས་ཡོངས་ཀྱིས་མི་འགྱུར་གཡུང་དྲུང་རི་མོ་སེམས་སུ་བསྒོམ་བཞིན་བཀྲ་ཤིས་སྨོན་ཚིག་དཀར་པོ་ངག་ནས་གྱེར་བཞིན་སྲིད་པའི་རྩེ་ན་སྙན་པར་གྲགས་པའི་༼རྟག་བརྟན་གཤེན་གྱི་ལྷ་རྔ་༽མཉམ་བརྡུང་བྱས་པ་འདིའང་དཔལ་ལྡན་བླ་མ་མཉེས་པའི་མཆོད་པར་འབུད་དོ།
༧ཟུར་དུ་སྨྲས་དགོས་པ་ཞིག་ལ་ད་རེས་བདག་གིས་དད་འདུན་གཙང་མས་ཀུན་ནས་སླང་སྟེ།༼རྟག་བརྟན་གཤེན་གྱི་ལྷ་རྔ་༽ཞེས་པའི་ཁ་བྱང་གཅིག་པའི་རྩོམ་ཞིག་བསྡུས་པ་འདིའི་གོ་རིམ་སྒྲིག་སྟེང་གི་ཐད་ནས། རྩོམ་ཡིག་བསྐུར་ཡོང་བའི་དུས་ཚོད་ཀྱི་སྔ་བཞུགས་ལྟར་སྒྲིག་ཡོད་པས། ཁྱེད་དཔྱོད་ལྡན་ཀུན་གྱིས་བཟོད་གསོལ་ཡོད་པར་ཞུ་ཞུ།

   མཇུག་མཐར་དཔལ་ལྡན་བླ་མ་གཙོར་མཛད་པའི་ཕྱོགས་ཀུན་ན་བཞུགས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་མཛད་འཕྲིན་མཐའ་རུ་ཕྱིན་པ་དང་།སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་པའི་སྨོན་འདུན་དང་མཐར་རྣམ་པར་དག་པའི་དག་འབྲས་ཀུན་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པའི་རྒྱུ་རུ་གྱུར་ཅིག་གུ་ཞེས་བསྔོ་བ་དང་བཅས་ཡོངས་སུ་མཇུག་རྫོགས་སོ།ཐ་ཚན་མུ་ཙུག་སྨར་རོ།།།།

ཞེས་ལག་བསྟར་རྩོམ་སྒྲིག་པ་རེབ་སྐྱིད་ཡར་འཕེལ་ནས།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།