ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེའི་སློབ་མ་དག་གིས་སྨན་རིའི་མཁན་ཆེན་རིན་པོ་ཆེ་ལ་ཕུལ་བའི་ཞབས་བརྟན་མཆོད་རྩོམ་ཕྱོགས་བསྡུས།

 

རྩོམ་ཁུངས། རེབ་གོང་བོན་མང་དྲ་བ། 

 

མཁའ་ཁྱབ་འགྲོ་རྣམས་སྡུག་བྲལ་བདེ་ལྡན་ཕྱིར། །

མཉམ་མེད་བླ་མའི་གསང་གསུམ་བསྟན་དོན་དུ། །

སྐུ་ཚེ་ཧྲིལ་པོར་བཞེངས་པའི་སྨན་རི་བ། །

ཞབས་པད་གཡུང་དྲུང་ཁྲི་ལ་རྟག་བརྟན་ཤོག །

__༡_ཧོར་རུ་དགེ་བཤེས་ཡོན་ཏན་ཕུན་ཚོགས།

 

ཟླུམ་གཟུགས་གོ་ལའི་ཡང་རྩེར་ས་ཡི་སྙིང་། །

གཤེན་བསྟན་དྲི་མེད་ལུང་དང་རྟོགས་པའི་བོན། །

བསྟན་པའི་ཉི་མ་གསལ་བྱེད་འགྲོ་ཁམས་མགོན། །

རྣམ་འདྲེན་རྒྱལ་བའི་རྒྱལ་ཚབ་རྟག་བཞུཊ་གསོལ། །

___༢_ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས།

 

ཟབ་རྒྱས་ལུ༵ང་རྟོག༵ས་བོན་གྱི་འོད་སྟོང་གིས། །

རྒྱལ་གཤེན་བསྟ༵ན་པ༵འི་པད་ཚལ་རྒྱས་མཛད་པའི། །

འཛམ་གླིང་ཉི༵་མ༵་རྒྱལ་བ་སྨན་རི་བ། །

སྲིད་གསུམ་སྐྱེ་དགུའི་བླ་རུ་རྟག་བརྟན་ཤོག །

___༣_ཏི་སེའི་བུ།

 

མཆོག་གསུམ་རིན་ཆེན་རྒྱལ་བ་སྲས་བཅས་ཀྱི། །

གསང་གསུམ་ཡོན་ཏན་ངོ་བོ་གཅིག་བསྡུས་པའི། །

བསླབ་གསུམ་དབང་ཕྱུག་རྒྱལ་བ་སྨན་རི་བ། །

སྲིད་གསུམ་འགྲོ་བའི་མགོན་དུ་རྟག་བརྟན་ཤོག །

___༤_ཁམས་མེ་ཞགས།

 

མཆོག་སུམ་ཀུན་འདུས་མཁན་རབས་རིམ་བྱོན་གྱི། །

སྐུ་གསུང་ཐུགས་ཀྱི་ངོ་བོ་གཅིག་བསྡུས་པ། །

གྲུབ་མཐའི་མངའ་བདག་མཁན་ཆེན་རིན་པོ་ཆེ། །

སྐུ་ཚེ་གཡུང་དྲུང་རི་རྒྱལ་རྟག་བརྟན་ཤོག །

___༥_ཤར་བྲམ་ཟེ།

 

བྱམས་བརྩེའི་ཟླ་བ་ནགས་ཀླུང་སྨན་རིར་འཚེར། །

སྙིང་རྗེའི་ཆབ་ཟེགས་ཧི་མའི་མགུལ་ནས་འབྱུར། །

སྐྱབས་མཆོག་དམ་པ་ལུང་རྟོགས་མཚན་ཅན་གང་། །

རྣམ་བཀྲའི་གཟུགས་སྐུ་གཡུང་དྲུང་གཤིས་སུ་རྟོན། །

___༦_ཁྲི•རིག་པའི་མདའ།

 

གྱེར་བསྟན་སྲོག་གི་ཀ་བ་དང་། །

གྱེར་འབངས་སེམས་ཀྱི་ཉི་མ་སྟེ། །

གྱེར་གྱི་གཙུག་རྒྱན་སྨན་རི་བ། །

མི་ཤིགས་ཁྲི་ལ་ཞབས་བརྟན་ཤོག །

____༧_སྐྱ་ཀ་ཁྲ་བོ།

 

ལུ࿆ང་རྟོ࿆གས་མཛོད་འཆང་རྒྱལ་བ་སྨན་རི་བའི། །

བསྟ࿆ན་པའི་ཉི࿆་མ࿆་གངས་ཀྱི་རི་སུལ་ནས། །

དགྱེས་ཞལ་འཛུམ་སྟེ་སྐྱེ་དགུའི་དད་དཔལ་དུ། །

སྐུ་ཚེ་ཁྲི་ཁྲག་བརྟན་པའི་རྒྱལ་མཚན་སྒྲེང་། །

____༨_གསང་མིག

 

ས་སྟེང་བོན་གྱི་ལྷ་སྐལ་སྨན་རི་བ། །

ས་ཆེན་འདིར་རུ་བསྐལ་བརྒྱར་བཞུཊ་རོགས་ཅེས། །

ས་མཐའི་འཁྱམ་པོ་ཁྱུང་གི་ཁྲི་ལྡེ་ཡིས། །

ས་ལ་སྤུས་མོ་བཙུགས་ནས་གསོལ་བ་འདེབས། །

___༩_ཁྱུང་ཁྲི་ལྡེ།

 

སྐྱབས་མཆོག་བླ་མ་མཁྱེན་བརྩེའི་བདག་ཉིད་ཅན། །

ལུང༵་རྟོགས༵་བོན་གྱི་བསྟན༵་པའི༵་ཀ་ཆེན་པོ། །

འདུལ་བྱའི་མགོན་དུ་བསྐལ་བརྒྱའི་བར་དག་ཏུ། །

གསལ་བྱེད་ཉི༵་མ༵་ནུབ་མེད་རྟག་འཆར་ཤོག །

___༡༠_ཨ་རྩེ་རྣམ་དག

 

སྤྱི་རྗེ་རྒྱལ་བ་སྨན་རི་བའི། །

སྐུ་ཚེ་མི་ཤིགས་གཡུང་དྲུང་ཁམས། །

བརྟན་ཞིང་རྣམ་བཞིའི་འཕྲིན་ལས་ཀུན། །

གེགས་མེད་འགྲུབ་པའི་བཀྲ་ཤིས་ཤོག །

___༡༡_གཤིས་ཀ་འཚོལ་བ།

 

ཁྱེད་ནི་གཤེན་རབ་མི་བོའི་ཞལ་སྐྱིན་ཏེ། །

དེ་ནི་གྲུབ་མཐའ་ཞིག་གི་མཚོན་བྱེད་ཡིན། །

དེ་ནི་བོན་འབངས་ཡོངས་ཀྱི་རྒྱལ་སྲས་ལགས། །

མི་འཇིག་གཡུང་དྲུང་ཁྲི་ལ་བཞུགས་སུ་གསོལ། །

___༡༢_དྷི་ཧེ་དྲུང་མུ།

 

རྗེ་བཙུན་དམ་པ་སྲིད་པའི་འཇིགས་བྱེད་ཅན། །

གྱེར་སྟོན་བསྟན་པར་མ་ཉམས་སྐྱོང་བའི་མཐུས། །

གཡུང་དྲུང་རྒྱལ་མཚན་གསེར་གྱི་རི་ནང་བཞིན། །

འགྱུར་མེད་ཁྲི་ལོར་བརྟན་ཞིང་བཞུགས་སུ་གསོལ། །

___༡༣_འོད་གསལ་ཟླ་བ།

 

དམུ་རི་སྨུག་པོའི་རྩེ་མོ་དགུང་སྙེགས་བཞིན། །

དམུ་གཤེན་བསྟན་པའི་ཀ་ཆེན་འཛུག་མཛད་རྗེ། །

དམུ་རྒྱལ་སྲས་ཀྱི་ཐུ་བོ་སྨན་རི་བ། །

ཞབས་པད་རྟག་བརྟན་སྤྱི་བོའི་གཙུག་ཏུ་བཞུཌ། །

__༡༤_ཏཱ་དབེན་པ།

 

རང་གཤིས་དྲི་མེད་གཉུག་མའི་ཐིག་ལེ་རུ། །

མ་འགག་ལྷུན་འགྲུབ་ཡེ་ལྔའི་ཕུང་ཕོ་རྫོགས། །

གཞན་ཕན་གྲུ་ཆར་འཇོ་མཛད་སྨན་རི་བ། །

དུས་གསུམ་མི་ནུབ་བདུད་ལས་རྒྱལ་གྱུར་ཅིག །

___༡༥_ས་ཏྲིག

 

སྐུ་ཚེ་ཧྲིལ་བོར་བསྟན་འགྲོའི་དོན་མཛད་པའི། །

རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི། །

སྐུ་ཡི་སྙུང་གཞི་མྱུར་དུ་སངས་དྲག་ནས། །

ཞབས་པད་རྟག་བརྟན་ཡོང་བའི་གསོལ་འདེབས་ཞུ། །

___༡༦_ཡ་ངལ་ཁྲི་རྒྱལ།

 

རིག་པའི་ཉི་ཟེར་བརྒལ་དེ་ཤེས་རིག་ཟླ་མདངས་ལྟ་བུ་འབད། །

རི་བོ་ཧི་མ་ལ་ཡིས་ཚར་ལང་བྱུང་བའི་རིག་པའི་མེ་ལྕེ་དེས། །

བོན་གྱིས་གྲྭ་ས་ཞིག་ནས་རིག་པའི་རླུང་རྟ་སྒང་ལ་ཕྱར། །

བློ་གསལ་རིག་པའི་རླབས་སྒྲ་འཛམ་གླིང་དཀྱིལ་དུ་ཞུམ། །

___༡༧_གཟུ་ལུམ།

 

མཚན་དཔེའི་སྐུ་ལ་ཚུལ་ཁྲིམས་དྲི་བསུང་འཐུལ། །

གདངས་སྙན་གསུང་ལ་ཁུ་བྱུག་མགྲིན་པ་རྫོགས། །

བརྩེ་ཆེན་ཐུགས་རྗེར་ཉི་ཟླའི་གཟི་འོད་འབར། །

འགྲོ་བའི་མགོན་ཅིག་དམ་པ་སྨན་རིའི་ཞབས། །

___༡༨_ཐ་རམ།

 

ཟླུམ་གཟུགས་གོ་ལའི་ཐང་དཀྱིལ་དུ་ཡིད་འོང་དམར་སེར་མྱུ་གུ་རྒྱས། །

རྣམ་དཔྱོད་རིག་པའི་རྩ་ལམ་ལ་དད་དཀར་སེམས་ཀྱི་འུར་སྒྲ་ལྡིར། །

བློ་གྲོས་རིག་སྨྲའི་དཔུང་སྡེ་ལ་མདུན་སྐྱོད་གོམ་པའི་འདེཊ་འཇོག་མྱུར། །

ལྷོད་མེད་མི་ཚེའི་བཞུར་རྒྱུན་དུ་ལུང་རྟོགས་བོན་གྱི་གྲུ་ཆར་འཇིབས། །

___༡༩_མགར་མེ་སྟག

 

སངས་རྒྱས་མི་ཡི་གཟུགས་སུ་མཚན་དཔེ་བཞད། །

སྐུ་ཚེ་ཧྲིལ་པོར་འགྲོ་བའི་དོན་དུ་བྱོན། །

ཇི་སྲིད་སྐལ་པ་འདི་ནས་མ་འཇིགས་བར། །

བསྟན་པའི་ཉི་གཞོན་ནུབ་མེད་འཆར་ཞིག་ཀྱེ། །

____༢༠_ཟུར་མང་།

 

དམར་སེར་ངུར་སྨྲིག་འཛིན་པའི་དེད་དཔོན་ཏེ། །

འགྲོ་དོན་སྐྱོ་ངལ་མེད་པའི་སེམས་དཔའ་ཆེ། །

ཁྱེད་སྐུ་སྟོན་མཚན་ཟླ་གཞོན་དཀར་པོ་རུ། །

དྲི་མེད་གཤེན་བསྟན་བརྒྱན་བཞིན་རྟག་བརྟན་བཞུགས། །

___༢༡_རུས་རྐང་།

རྒྱལ་བའི་རྒྱལ་ཚབ་གཤེན་རབ་འགྲོ་བའི་མགོན། །

མཁྱེན་བརྩེ་ནུས་པའི་ལུས་ཅན་སྡུག་བསྔལ་སེལ། །

དམ་པའི་རྒྱུད་འཛིན་སློབ་ཚོགས་མཐའ་ནས་རྐྱང་།  །

རྗེ་བཙུན་བླ་མ་དུས་ཀུན་བཞུགས་སུ་གསོལ། །

___༢༡_ཀུན་ཕན།

ཕྱོགས་མེད་ཕ་ནོར་གཤེན་བསྟན་རིན་ཆེན་གྱི། །

མངའ་བདག་དཔོན་གསས་ཞྭ་དཀར་སྨན་རི་བ། །

བསྟན་འགྲོར་ཕན་བདེ་འདོད་དགུ་འབྱུང་བའི་ཆེད། །

བསྐལ་སྲིད་མ་སྟོང་བར་དུ་བཞུཊ་གསོལ་འདེབས། །

___༢༢_དགག་སྒྲུབ་པ།

 

གསང་གསུམ་མཛད་པ་མཁའ་ཡི་མཐོངས་ཡངས་ནས། །

རྒྱུད་གསུམ་འོད་སྣང་ས་གསུམ་འགེང་བྱེད་རྗེར། །

མཆོག་གསུམ་ཞིང་གི་རྒྱལ་བས་ཐུགས་གཟིགས་ཏེ། །

སྟོང་གསུམ་ཞིང་དུ་སྐུ་ཞབས་རྟག་བརྟན་ཤོག །

___༢༣_ཀ་ཁའི་བུ།

 

ལུང་རིགས་བང་མཛོད་ཞིག་ཀླད་ནས་གདེང་བ། །

མཛད་ཕྲིན་གཤེན་བསྟན་དེ་ཕྱོཊ་བཞིར་ཁྱབ་པའི། །

ནང་བསྟན་མཛེས་རྒྱན་གྱི་ལྷ་ཞིག་ཡོད་པ། །

དུས་ཀུན་ང་ཚོ་ཡི་མགོན་དུ་བཞུགས་མཛོད། །

___༢༤_དཔོན་ཚང་བ།

 

ཁ་བའི་ལྗོངས་ནས་རིམ་གྱིས་བགྲོད་པའི་སྲིད་པ་བོན་གྱི་ཉི་གཞོན་ཏེ། །

གླིང་བཞིའི་འཇིག་རྟེན་འོད་ཀྱིས་བཀང་བའི་རྒྱལ་སྲས་བྱིན་རླབས་སྟོང་ལྡན་ཞིག །

བདག་ཉིད་ཆེན་པོའི་གསེར་ཁྲི་གནོན་བའི་ཉེར་གཅིག་དུས་ཀྱི་རྣམ་འདྲེན་ཁྱེད། །

བསྐལ་བརྒྱའི་བར་དུ་ནུབ་པ་མེད་པར་བསྟན་འགྲོའི་མགོན་ལ་འཆར་བར་ཤོག །

___༢༥_འགར་ཚུལ་ཁྲིམས་འགྱུར་མེད་ནས་གསོལ་བ་བཏབ་པའོ།

 

ཨེ་མ་བདག་གི་སྙིང་དབུས་པད་མའི་མཆོང་གུར་ན། །

གཟིམས་མེད་འོད་དུ་འཚེར་བའི་ཚེ་འབར་ཆ་གཅིག་ཉིད། །

མ་བཅོས་སེམས་ཀྱི་ཐང་ན་མཚན་དཔེའི་འོད་ཟེར་ཅན། །

འགྲོ་བའི་དུག་མཚོ་འཇོམས་པའི་སྣང་བྱེད་དཀྱིལ་འཁོར་ཆེ། །

རྒྱ་གར་བལ་པོའི་ཡུལ་ནས་ནུབ་མེད་རྟག་འཆར་ཤོག །

___༢༦_སྲིན།

 

ལྷག་བསམ་འོད་མཚོ་དེ་འགྲོ་ཀུན་སྩལ་བའི། །

མཁན་ཆེན་སོ་གསུམ་གྱི་རྒྱལ་སྲས་ཁྱེད་ཉིད། །

དུས་རྟག་འུ་ཅག་ཚོའི་མགོན་དུ་ཤར་བའི། །

མི་འགྱུར་གཡུང་དྲུང་གི་སྨོན་ལམ་བཏབ་ཡོད། །

___༢༧_ཁྲོམ་ལྕེ་ཐོག

 

གསང་གསུམ་མི་བཟད་རྒྱན་གྱི་འཁོར་ལོའི་མཛོད། །

རྒྱུད་གསུམ་བོན་གྱི་མཛོད་འཛིན་བསྟན་པའི་བདག །

སོ་གསུམ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ། །

ཁམས་གསུམ་འགྲོ་བའི་མགོན་དུ་རྟག་བཞུཊ་གསོལ། །

___༢༨_དོན་ཀུན་གྲུབ་པ།

 

ལུ༷ང་རིག་གཏེེར་མཛོད་གངས་དཀར་སྦུབ་ནས་འཁྲུངས། །

ལྟ་བ་ཁྱུང་ཆེན་རྟོ༷གས་པའི་ཀློང་དུ་འཕྱོ། །

དམ་པའི་མཛད་འཕྲིན་བསྟ༷ན་པའི༷་དཔལ་དུ་མཛེས། །

ཉི༷་མའི༷་འོད་ཐིག་བསྐལ་བརྒྱར་བརྟན་པར་སྨོན། །

___༢༩_སེ་ཉི་མ།

 

ལུང་རིག་གསང་བའི་མཛོད་འཛིན་སྨན་རི་བ། །

རྟོགས་པ་མངོན་ཤར་རྒྱལ་བ་གཉིས་པའི་ཚབ། །

བསྟན་པའི་སྲོག་གི་ཀ་ཆེན་ཁྱེད་མིན་སུ། །

ཉི་མའི་འོད་བཞིན་འགྲོ་ཀུན་མུན་སྨག་སེལ། །

འཛམ་གླིང་སྐྱེ་དགུའི་མགོན་དུ་རྟག་བརྟན་བཞུཊ། །

___༣༠_གཟེར་མིག

 

དམངས་ལ་སྙིང་རྗེའི་སྤྱན་གྱིས་རྟག་ཏུ་གཟིགས། །

བསྟན་ལ་འཕྲིན་ལས་འོད་ཟེར་སླར་ཡང་སྦྱིན། །

བདག་ཅག་གདུལ་བྱ་རྒྱ་མཚོའི་དཔལ་མགོན་དུ། །

བསྟན་པའི་བདག་པོ་མཁས་ཆེན་ཉི་མ་ལགས། །

ཞབས་པད་གཡུང་དྲུང་ཁྲི་རུ་བརྟན་བཞུགས་ཞུ། །

___༣༡_རྟོག་གེ་པ།

 

ལྷ་ལམ་སྟོང་པའི་མཁའ་དབྱིངས་དབུས་ནས་སྤྲིན་པ་ནག་པོ་གཞན་དུ་གཡོ། །

ཧི་མ་ལ་ཡའི་རི་བོའི་རྒྱབ་ནས་སེར་ཆེན་ཉིན་བྱེད་དབང་པོ་ཡི། །

ཐུགས་རྗེའི་འོད་ཟེར་སེར་པོས་མ་རིག་རྨོངས་པ་དྲུང་ནས་བཅོམ། །

ཐར་པའི་ལམ་བཟང་དཀར་པོ་ཁྱེད་ལས་གཞན་པ་སུ་ཡིས་བསྐྲུན། །

___༣༢_ལྕེ་རྣོན།

 

མཁྱེན་དང་བརྩེ་བས་འགྲོ་ལ་གཟིགས་པས་འགྲོ་བ་ཀུན་གྱི་ལྷ་སྐལ་ཡིན། །

གསང་གསུམ་ཡོན་ཏན་གཅིག་ཏུ་བསྡུས་པའི་བྱང་ཆུབ་སེམས་དཔའི་གར་དུ་བསྒྱུར། །

རྒྱལ་བ་གཤེན་གྱི་རིང་ལུགས་འཁྲུལ་མེད་འཛིན་པ་ཆེན་པོ་སྨན་རི་བའི། །

ཞབས་པད་མི་འགྱུར་སྐྱེ་དགུའི་མགོན་དུ་གཡུང་དྲུང་སྐུ་རུ་རྟག་བརྟན་ཤོག །

___༣༣_ཚོར་བཅུད་ལེན།

 

གཤེན་བསྟན་གོ་ལའི་སྒལ་གཞུང་མཐོ་པོ་རུ་བཏེགས་ཤིང་། །

ལུང་རྟོགས་བོན་རྣམས་སྐྱེ་རྒུའི་བསོད་ནམས་སུ་སྟེར་བ། །

དུས་ཀྱི་སྟོན་པར་ཕེབས་པའི་མཉམ་མེད་པའི་སྐུ་སྲས། །

དགུང་ལོ་བརྒྱ་ཁ་གང་བའི་སྨོན་ལམ་ནི་བཏབ་ཡོད། །

___༣༤_སྤྱན་གསུམ་པ།

 

ཉག་ཅིག་བརྗོད་མེད་དག་པ་ཟང་ཐལ་ལས། །

ལྷུན་གྲུབ་འདི་ཕྱིའི་མགོན་ཤར་སྨན་རི་བ། །

འགྲོ་ཀུན་གདོས་མའི་གཤིས་སུ་མ་ཡལ་བར། །

གསང་གསུམ་གཡུང་དྲུང་ཁམས་སུ་རྟག་བརྟན་ཤོག །

___༣༥_གྱེར་སྤུངས།

 

སེམས་ཀྱི་དར་དཀར་ཞིག་ཡར་ལ་ཕུལ་སྟེ། །

ཡིད་ཀྱི་མཆོད་གནས་ཞིག་གཙུག་ཏུ་སྒོམ་བཞིན། །

སྙིགས་མ་ལྔ་བདོ་འདིར་བོན་གཞིས་འཛིན་མཁན། །

རྗེ་གཅིག་སྨན་རི་བར་གསོལ་བ་བཏབས་ཡོད། །

___༣༦_ཨ་དཀར་པོ།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།