ཀ་རྩོམ་བླ་མ་དྲན་པའི་གདུང་འབོད་མཆི་མའི་མུ་ཏིག་ཕྲེང་བ།

ཀ་རྩོམ་བླ་མ་དྲན་པའི་གདུང་འབོད་མཆི་མའི་མུ་ཏིག་ཕྲེང་བ།

ཀ་དག་གདོད་མའི་མགོན་པོའི་ཐུགས་བཅུད་བླངས། །

ཁ་བ་གངས་ཅན་མཁས་རྒུའི་གཙུག་རྒྱན་ཉིད། །

ག་ན་བཞུགས་ཀྱང་བསྟན་དང་འགྲོ་ལ་གཟིགས། །

ང་ཡི་མགོན་པོ་མཆོག་གསུམ་ངོ་བོ་མཁྱེན། །

ཅ་ཅོ་མེད་པའི་དབེན་གསུམ་གདོད་ནས་གོམས། །

ཆ་ལུགས་ལྔ་ལྡན་སྐུ་གསུམ་དགོངས་པའི་ངང་། །

ཇ་ཡུན་ཙམ་ཡང་སོས་དལ་མི་བྱེད་པར། །

ཉ་དང་མཚོ་བཞིན་གནས་ལུགས་འབྲལ་མེད་བསྐྱངས། །

ཏ་ཐཱ་ག་ཏའི་གོ་འཕང་སྔོན་ནས་བརྙེས། །

ཐ་མལ་འགྲོ་བའི་དོན་དུ་སྤྲུལ་སྐུར་བྱོན། །

ད་ལྟ་ས་སྟེང་འདི་ན་འགྲན་ཟླས་དབེན། །

ན་རྒ་འཆི་བའི་ཚུལ་བསྟན་ཞི་བར་གཤེགས། །

པ་ང་ཀྲ་ཙེ་ཟབ་གསང་བསྙེན་སྔགས་གསུངས། །

ཕ་རོལ་བར་དོའི་འཁྲུལ་བ་དབྱིངས་སུ་ཞིག །

བ་ག་ཡུམ་ཆེན་ཀློང་དུ་མཉམ་པར་བཞག །

མ་རིག་ཉོན་མོངས་འགྲོ་ལ་ཐུགས་རྗེས་གཟིགས། །

ཙ་ལི་དཀྱིལ་འཁོར་རིགས་བརྒྱའི་བདག་ཉིད་སྐུ། །

ཚ་ཟེར་འོད་སྟོང་འགྱེད་པའི་དཔེ་ཇི་བཞིན། །

ཛ་ཡའི་ཡང་སྤྲུལ་ཉི་མ་གཞོན་ནུ་ཞིག །

ཝ་ལེར་ཤར་ནས་འགྲོ་ལ་བཀའ་འཁོར་སྐོར། །

ཞ་ལོང་འོན་ལྐུགས་སྡུག་བསྔལ་མནར་བའི་འགྲོར། །

ཟ་འཐུང་ཙམ་མིན་ཐོས་བསམ་ནོར་སྦྱིན་ཞིང་། །

འ་ཅག་འགྲོ་ལ་སྨིན་གྲོལ་ལམ་བསྟན་ཏེ། །

ཡ་མེད་མཁས་གྲུབ་བྱེ་བའི་མཛད་བཟང་སྐྱོངས། །

ར་རོ་བཞིན་དུ་འཁྱམས་པའི་ཉམ་ཐག་འགྲོ། །

ལ་ལུང་གང་དུ་གནས་ཀྱང་མ་བུ་ལྟར། །

ཤ་ཚ་སྙིང་རྗེས་ཐར་ལམ་སྟོན་པ་ལ། །

ས་བཅུ་ལམ་ལྔའི་བདག་ཉིད་ཁྱེད་རང་མཁྱེན། །

ཧ་ཅང་མྱ་ངན་དྲག་པོས་ནོན་པའི་འབངས། །

ཧ་ཧ་དགྱེས་པའི་བསྐལ་བཟང་མྱུར་བསྟན་ཏེ། །

ཨ་ཆེན་གངས་དང་ཏི་སེ་ལས་བརྒལ་བའི། །

ཨ་དཀར་བསྟན་པའི་རྒྱལ་མཚན་ཁྱེད་ཀྱིས་སྒྲེངས། །

ཞེས་པ་འདི་ནི་བཀའ་དྲིན་བཞི་རྫོགས་ཀྱི་དཔལ་ལྡན་བླ་མ་དམ་པ་སྐུ་ཞི་བར་གཤེགས་རྗེས་ཀྱི་བདུན་ཕྲག་གསུམ་པའི་ཉིན་ཞིག་བླ་མ་ཤིན་ཏུ་དྲན་པའི་གདུང་བ་བཟོད་གླགས་མེད་པའི་སྐབས་ཤིག་ཏུ། མིག་ཟུང་མཆི་མ་དང་བཅས་རང་སེམས་རང་གིས་གསོ་བའི་ཐབས་སུ། མགོན་པོ་གང་གི་བརྩེ་བའི་འཛུམ་ཟེར་གྱི་ཐུ་འོག་ནས་འཚར་ལོངས་བྱུང་བའི་སློབ་འབངས་སྐྱང་གི་སྤྲུལ་མིང་བ་ནམ་མཁའ་བསྟན་འཛིན་གྱིས་ཕུལ་བའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།