མཛད་བཟང་ཉིན་བྱེད་འབར་བའི་འོད་རླབས།

 

རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས་ཚོགས་ཆེན་གསུམ་སྣང་ཞིག་དགོན་ཆེན་དུ་འཚོག་སྐབས་ཀྱི་རྟེན་འབྲེལ་མཛད་སྒོའི་སྟེང་གི་གསུང་བཤད།

དེ་རིང་ང་ཚོ་མི་མང་པོ་ཞིག་གིས་ཡུན་རིང་དུ་སེམས་ལ་ཉར་ཞིང་། རེ་སྒུག་གི་ཀློང་དུ་ཐིམ་པའི་བག་ཆགས་ཟབ་མོ་མངོན་འགྱུར་བྱུང་བ་སྟེ། བོད་ཀྱི་ཆོས་དང་གཙུག་ལག་རིག་གཞུང་སྤྱི་ལ་དོ་སྣང་རྒྱ་ཆེར་བྱེད་པའི། ཤེས་བྱ་ཡོན་ཏན་གྱི་ཁོ་ལག་རབ་ཏུ་རྫོགས་པའི་དུས་ཀྱི་གདོང་ལེན་པ་རྣམས་ཀྱི། མཛད་རྗེས་རླབས་པོ་ཆེ་མངོན་སུམ་དུ་མཇལ་འདོད་པ་དེ་རེད། བོད་བརྒྱུད་ནང་བསྟན་གྱི་དགོངས་སྤྱོད་ནི། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པར་གང་ལ་གང་འདུལ་དུ་སྟོན་པའི་བྱ་ལས་ཁྱད་པར་ཅན་ཞིག་ཡིན་སྟབས། དེ་ལ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་རྩིག་རྨང་ངེས་ཅན་ཞིག་འདིང་དགོས་པ་མ་ཟད།  དེ་ལས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པའི་ཤེས་རིག་འཕེལ་རྒྱས་ཀྱི་གནས་བབ། སྔར་ལས་མཐོར་འདེགས་སུ་གཏོང་བའི་ཕན་རླབས་སུ་དམིགས་ཏེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ། གཟབ་རྒྱས་ངང་དངོས་སུ་འཚོག་རྒྱུ་ཡིན་པ་མ་ཟད། གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་གི་དགོངས་དོན། ཚད་མ་རིག་པའི་ལམ་ནས་གོ་བསྡུར་གཏིང་ཟབ་བྱེད་པར། གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་དང་། དེ་བཞིན་འགན་འཛིན་ཚན་ཁག་གིས་སྒྲིག་བཀོད་ལྟར་དུ། གཞུང་ལུགས་དང་། ལོ་རྒྱུས། རིག་གནས། སྐད་ཡིག སྲོལ་རྒྱུན་སོགས་ཤེས་བྱའི་ཁྱབ་ཁོངས་མི་འདྲ་བའི་སྐོར་ལ། རིག་ལམ་མཐའ་དཔྱོད་ཀྱི་གོ་རྟོགས་སྤེལ་རེས་བྱེད་པར། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པ་བཅས། མདོར་ན་ཞང་བོད་ཆོས་རིག་ལོ་རྒྱུས་ཉམས་ཞིབ་དང་འབྲེལ་བའི་ཚོགས་ཆེན་གསུམ་དེ་རིང་དངོས་སུ་འཚོགས་འགོ་བརྩམ་པ་རེད།

གོང་ཞུས་བརྗོད་བྱ་དེ་ལྡན་གྱི་ཚོགས་ཆེན་གསུམ་ནི། རྔ་ཡུལ་སྣང་ཞིག་དགོན་ཆེན་དུ། མཚན་ཉིད་འཆད་ཉན་བཙུགས་ནས་ལོ་འཁོར་བརྒྱ་འཁོར་བའི་བསྐལ་བཟང་དུས་སྟོན་གྱི་མཛད་སྒོ་སྤེལ་བ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར་ཧྲིལ་བོ་བཅུ་ལོན་པའི་དུས་མཚམས་གལ་ཆེན་ཞིག་ལ་འཚོགས་པ་ལགས་ན། དེ་ལ་མཁའ་འགྱིང་གཉན་གྱི་གདུང་རྒྱུད་ལས་གྲོལ་ཞིང་། བླ་མ་སྣང་ཞིག་ཚང་གི་ཁྲི་འཛིན་གདུང་རབས་སོ་དགུ་བ། སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་གཙོས་པའི་སྣང་ཞིག་དགོན་ཆེན་གྱི་ཚོགས་འདུ་ལས་སྣ་སྤྱི་དང་། དེ་བཞིན་རྒྱ་ཆེའི་གྲྭ་མང་གིས་མཐུན་འགྱུར་རོགས་འདེགས་དང་ལྷ་སྡེ་མི་སྡེ་ཡོངས་ནས་ཀྱང་། ཚོགས་ཆེན་གསུམ་གཟབ་རྒྱས་ངང་འཚོག་པར་དངོས་ཤུགས་བརྒྱུད་གསུམ་གང་རུང་གི་སྒོ་ནས་ཐུགས་ཁུར་ཆེ་བཞེས་མཛད་དེ། རྒྱབ་སྐྱོར་ཤུགས་ཆེན་གནང་པ་ཙམ་དུ་མ་ཟད། བླ་ན་མེད་པའི་མཐུན་རྐྱེན་འདི་ལྟར་བསྐྲུན་པ་ལ། ངས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་ལྟ་མཁས་མང་གསེར་རིའི་ཕྲེང་བ་མཚར་དུ་དངར་བའི་གདན་ས་མཆོག་གྱུར་འདི་རུ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྣམ་པ་དབུ་བཞུགས་མཛད་ཐོག ཆོས་བརྒྱུད་ཀྱི་ཆ་ནས་སྔ་འགྱུར་རྙིང་མ་བ་དང་། དཔལ་ལྡན་ས་སྐྱ་བ། རྒྱལ་བ་བཀའ་རྒྱུད་པ། རྗེ་བཙུན་ཇོ་ནང་པ། རི་བོ་དགེ་ལྡན་པ་སོགས་འབྲེལ་ཡོད་དགོན་སྡེ་མང་པོ་ཞིག་ནས་ཀྱང་། ཐེངས་འདིའི་འཆད་རྩོད་ལ་རིགས་ལམ་མཐའ་དཔྱོད་ཀྱི་ཉམས་མྱོང་སྤེལ་རེས་སུ་ཕེབས་གནང་མཛད་མཁན་ཤེས་ལྡན་མི་སྣའི་དཔུང་ཁག་གཙོར་བྱས། སྣང་ཞིག་དགོན་ཆེན་གཙོས་པའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ལྷན་རྒྱས་མཉམ་ཞུགས་གནང་ཡོད་པ་ཕུད། ད་དུང་རེ་རེ་བཞིན་མཚན་མ་སྨོས་ཀྱང་མདོ་དབུས་ཁམས་གསུམ་ན་གྱེར་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་བཀའ་དྲིན་རབ་ཏུ་ཆེ་བ། བོན་གྱི་དགོན་སྡེ་བཤད་སྒྲུབ་སློབ་གླིང་གང་རུང་ནས་ཕེབས་གནང་མཛད་པའི་དགེ་སློབ་ཁག་དང་། དེ་བཞིན་དུ། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཞིང་ལྗོངས་ལྔའི་ཁྱབ་ཁོངས་ན་ཡོད་པའི་གཡུང་དྲུང་བོན་གྱི་དགོན་སྡེ་སོ་སོའི་འཐུས་ཚབ་མི་སྣ་གང་མང་ཆེད་ཕེབས་གནང་ཡོད་པ་མ་ཟད། ནང་ལོག་ས་ཁུལ་གྱི་རྒྱའི་དགེ་བསྙེན་པ་དང་ཕྱོགས་བཞི་མཚམས་བརྒྱད་ནས་མཆོད་མཇལ་ཞུ་བར་ཕེབས་པའི། རྒྱ་ཆེའི་དད་ལྡན་མང་ཚོགས་འབོར་ཆེན་བཅས་རྣམ་པ་ལྷན་རྒྱས། འདི་ལྟར་གདན་གཅིག་ཏུ་མཉམ་འཛོམས་གནང་བ་ལ། སྒོ་གསུམ་གུས་པ་ཆེན་པོས་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

དུས་རབས་ཉེར་གཅིག་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་ཐད་ལ། འཛམ་གླིང་གོ་ལ་ཟླུམ་པོའི་སྟེང་ནས་དོ་སྣང་དང་ཞིབ་འཇུག་བྱེད་ཚད། མཐོ་ནས་མཐོ་རུ་འགྲོ་བའི་བསྐལ་པ་ཡག་པོ་ཞིག་གི་དབུ་བཟུང་ཡོད་པ་ནང་བཞིན། བོད་བརྒྱུད་ནང་བསྟན་གྱིས་གཞན་ཕན་སྙིང་རྗེ་དང་ཤེས་རབ་བླ་མེད་ཀྱི་སྒོ་ནས། འགྲོ་དྲུག་ཐར་ལམ་དུ་འགོད་དགོས་པའི་བླང་བྱ་དར་སྤེལ་གཏོང་བ་ལ། དགོས་ངེས་སྐུལ་འདེད་ཀྱི་ནུས་པ་འདོན་ཞིང་། བསྟན་པ་སྤྱིའི་འབྲེལ་ལམ་ཡར་རྒྱས་སུ་བསྐྱོད་པ་དང་། མི་རིགས་དང་མི་རིགས་ནང་ཁུལ་གྱི་མཐུན་ལམ་ཆིག་སྒྲིལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ་གཙོ་གནད་དུ་བཟུང་སྟེ། སྤྲོ་སེམས་ཆེན་པོའི་ངང་ང་ཚོ་ཚང་མ་གནས་འདིར་འདི་ལྟར་ལྷན་འཛོམས་བྱུང་བ་ལས།  བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་བར་རྒྱུས་ལོན་གཏིང་ཟབ་བྱེད་པའི་མཛའ་བརྩེ་འགྲོ་འོང་གི་མཐུན་ལམ། ལོ་རེ་ནས་ལོ་རེ་བཞིན་ཇེ་རྒྱས་ཇེ་ལེགས་སུ་འཕེལ་བཞིན་པའི་རྣམ་པ་བཟང་པོ་ཡོངས་སུ་མཚོན་ཡོད་ཅིང་། སྤྱིའི་ཆ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཆོས་དང་རིག་གཞུང་གི་འཚོ་བའི་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་བ་དང་བསྟུན། སྒང་བ་བོད་པ་རང་གི་ས་སྐྱེས་རྡོ་སྐྱེས་དང་ཕ་མེས་ཡང་མེས་ཀྱི་ཆོས་བརྒྱུད་རྩ་ཆེན་དུ་ཆགས་ཡོད་པའི་གཡུང་དྲུང་བོན་གྱི་བསྟན་པ་དང་། ཞང་བོད་གཙུག་ལག་རིག་གཞུང་སྒོ་ཀུན་ནས་ཉམས་པ་སླར་གསོ་བྱ་དགོས་པའི། འགན་འཁྲིའི་འདུ་ཤེས་ཀྱི་སྙིང་སྟོབས་རྒྱ་བསྐྱེད་དུ་འཕེལ་བཞིན་ཡོད་པ་སོགས། མདོར་ན་བོད་ཀྱི་ཆོས་རིག་གཙུག་ལག་ལོ་རྒྱུས་དང་བཅས་པའི་ཆ་ཐམས་ཅད་ཡར་ཟླའི་དཔལ་དང་། དབྱར་གྱི་མཚོ་ཆེན་ལྟར་རྒྱས་པའི་མཐུན་རྐྱེན་དུ་འགྱུར་བར་ཡིད་ཆེས་བརྟན་པོའི་ངང་ནས་དགའ་དད་སྤྲོ་གསུམ་གྱི་རྣམ་པ་གསར་དུ་ངོམ་བཞིན་ཡོད།

རྣམ་པ་ཚོ། སློབ་སྦྱོང་གི་སེམས་ཤུགས་གཅིག་སྒྲིམ་དང་། སྙིང་སྟོབས་ཆེར་སྤེལ། ཡར་རྒྱས་བརྩོན་ལེན་བྱེད་པའི་ངར་ཤུགས་ཀྱི་འབྱུང་ཁུངས་དོན་སྙིང་ལྡན་པ་ཞིག་སྟེ། གཡས་རུའི་འཆད་རྩོད་ཆེན་མོར་འབོད་པའི་སློབ་སྦྱོང་གི་ཁོར་ཡུག་འདི་འདྲ་ཞིག་བསྐྲུན་པ་ནི་ཚང་མས་འབད་འབུངས་དང་། དོན་འདིར་མཉམ་རུབ་བྱས་པའི་ལག་རྗེས་ལས་བྱུང་བ་ཡིན་པ་སུ་ཡིས་བསྙོན། བྱ་བཞག་འདིའི་སྒུལ་ཤུགས་ལ་བརྟེན་ནས་བོན་གྱི་དགོན་སྡེ་དང་། རི་ཁྲོད་རྣམས་ལ་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་གཉེར་སྔར་ཡོད་མི་ཉམས་གོང་འཕེལ་ངང་རྒྱུན་འཛིན་ཐུབ་པར་སྐུལ་འདེད་བྱ་བ་དང་། སྔོན་མེད་གསར་འཛུགས་ཀྱི་ལས་དོན་སྒྲུབ་པའི་མཐུན་རྐྱེན་བཟང་པོ་ཞིག་ཏུ་འགྱུར་དགོས་ཏེ། རྒྱུ་མཚན་ནི་རྗེ་མཉམ་མེད་བླ་མ་ཆེན་པོའི་ཞལ་ནས།  བསྟན་པ་ལ་ཨེ་ཕན་བསམ་ན་འཆད་ཉན་དགོས་པ་ཡིན། ཕྱོགས་ཕྱོགས་ནས་འཆད་ཉན་ལ་འབད་དགོས། ཞེས་དང་། བསྟན་པའི་སྲོག་ཤིང་འདུལ་བ་ཡིན། །བསྟན་པའི་སྙིང་པོ་གསང་སྔགས་ཡིན། །བསྟན་པའི་ཡང་རྩེ་རྫོགས་ཆེན་ཡིན། །ཞེས་གསུངས་པ་ལྟར་བསྟན་པའི་སྲོག་ཤིང་དང་། བསྟན་པའི་སྙིང་པོ། བསྟན་པའི་ཡང་རྩེ་བཅས་སུ་བསྔགས་ཤིང་། མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་དག་གི། གཞི་ལམ་འབྲས་བུའི་དགོངས་དོན་ཇི་བཞིན་གཏན་ལ་འབེབས་པར་བྱེད་པ་ལ། ཚིག་གི་སྒྲོན་མེས་དོན་གྱི་གདར་ཤ་གཅོད་པའི་ཚད་མའི་རིག་ལམ་ལྟར། དགག་བཞག་སྤང་གསུམ་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ལ་དག་ཐེར་བྱེད་པ་ཤིན་ཏུ་མཁོ་གལ་ཆེ་སྟབས། སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོའི་ཞལ་སྔ་ནས་ཀྱི། ཚད་གསུམ་ཟུང་དུ་འབྲེལ་བའི་བོན་སྡེ་བདུན། དྲི་བ་རྟགས་གསལ་སྒྲོན་མེའི་སྡེ། རྩོད་པ་རྫུ་འཕྲུལ་དྲྭ་བའི་སྡེ། རྒོལ་བ་སྤངས་པ་ཚར་གཅོད་སྡེ། བླངས་པ་ཀུན་འབྱུང་ཡངས་པའི་སྡེ། འགལ་བ་མི་མཐུན་སྤངས་པའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་གདར་གཅོད་སྡེ། ཞེས་མཛད་མདོ་དྲི་མེད་གཟི་བརྗིད་ལས་ཚད་མའི་བཤད་གཞུང་བདུན་དུ་ཕྱེས་ཏེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་སྐྱོང་དགོས་ཚུལ་བསྟན་ཡོད་ཅིང་། མ་ཟད་སྨྲ་བའི་དབང་པོ་མཁན་ཆེན་ཉི་མ་བསྟན་འཛིན་མཆོག་གི་ཞལ་ནས་ཀྱང་། རྩོད་པའི་རྒྱ་མཚོ་གཏིང་ཟབ་བརྒལ་མིན་ན། །འཆད་པ་རིན་ཆེན་གླིང་དུ་མི་ཕྱིན་པས། །རྩོམ་པ་ནོར་བུའི་མཛོད་ལ་སྤྱོད་བྱ་ཅི། །དེ་ཕྱིར་ཀུན་གྱིས་ཚུལ་འདིར་འཇུག་པར་རིགས། །ཞེས་གསུངས་པས་མཚོན་རང་ལུགས་འཐད་ལྡན་གྱི་གཞུང་ཆེན་དག་ལས། འདི་དག་གི་སྐོར་རྒྱ་ཆེར་གསུང་ཡོད་པས། བསྟན་སྤྱིའི་ལས་དོན་འདིའི་ཐད་ལ་ཚང་མས་མུ་མཐུད་དུ་ཡང་འབད་བསྐྱར་འབད་བྱས་ཏེ། འཆར་གཞི་ལེགས་འགོད་བྱ་རྒྱུ་དང་། སྟོབས་ཤུགས་སྒྲིག་འཛུགས་སྔར་ལས་ལྷག་པའི་ངང་འཕེལ་རྒྱས་འགྲོ་ཐབས་ལ་ཅི་ལྕོགས་གང་ནུས་ཀྱིས་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་དགོས་རྒྱུ་བཅས་ནི། བྱ་ལས་ཐམས་ཅད་ཀྱི་ནང་ནས་རབ་དང་མཆོག་གི་རྣམ་པར་འཛིན་དགོས་པ་དེ་ཡིན་ནོ། །

གཙོ་འཛིན་རྣམ་པ་དང་། ཤེས་ལྡན་པ་རྣམ་པ། རྒྱ་ཆེའི་མང་ཚོགས་རྣམ་པ། ང་ཚོས་མི་རིགས་རང་གི་སྐད་ཡིག་སྲོག་གི་ཀ་བ་རུ་བཟུང་སྟེ། འགྲོ་བའི་ལྟ་སྤྱོད་ཀྱི་ཁ་ལོ་གྱེན་དུ་འདེགས་པའི་སློབ་གསོ་འཕེལ་རྒྱས་ཕྱོགས་ལ་ཐུན་མོང་གིས་འབད་འབུངས་བྱ་རྒྱུ་ནི། གཟི་བརྗིད་ལྡན་ལ། བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་དང་འཕྲིན་ལས་རླབས་སུ་ཆེ་བ་ཞིག་ཀྱང་རེད། དེ་བས། མི་རྣམས་ཀྱི་རང་ཆེ་རང་མཐོང་གི་དམིགས་ཡུལ་འོག་སྤྱི་དོན་ལ་འཕྲད་བཞིན་པའི་དཀའ་ངལ་མཐའ་དག་རྒྱང་དུ་སེལ་བར། ང་ཚོས་རང་ཉིད་ཀྱི་བསམ་བློའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པའི་འདུ་ཤེས་རྒྱུན་མི་ཆད་པར་མཐོར་འདེགས་ཡོང་བར་བརྩོན་པ་དང་། བསྟན་འགྲོའི་སྤྱི་དོན་འཕེལ་རྒྱས་ཀྱི་དགོངས་བཞེད་ཟབ་མོའི་རླབས་ཆེན་ཐུགས་སྨོན་ལྷུན་འགྲུབ་ཡོང་སླད་དུ། བོད་སྤྱིའི་མཐུན་སྒྲིལ་ལ་གནོད་པའི་གྲུབ་མཐའི་ཕྱོགས་རིས་སེལ་བར་སྤྱི་སྒེར་སོ་སོ་ནས་སྟོབས་ཤུགས་གང་ཡོད་འདོན་རོགས་གནང་དགོས་རྒྱུ་མ་ཟད། བན་བོན་ཐམས་ཅད་བོད་བརྒྱུད་ནང་བསྟན་གྱི་གྲུབ་ཆའི་མ་ལག་གཙོ་བོར་ཆགས་ཡོད་པ་གཅིག་མཚུངས་ཡིན་པའི་ཆ་ནས། གྲུབ་མཐའ་དང་གྲུབ་མཐའ་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བྱ་རྒྱུ་གནད་ཀྱི་དོན་པོར་འཛིན་ཞིང་། བོད་ཀྱི་ཆོས་དང་རིག་གཞུང་འདི་བཞིན་རྒྱུད་འཛིན་དར་སྤེལ་ལ་གཅིག་ཏུ་སྨན་པ་དང་། གཞན་ཕན་གྱི་དགོངས་སྙིང་གཙོ་བོར་འཛིན་པའི་ལས་གཞི་ཁ་ཤས་ཅིས་ཀྱང་མཉམ་སྒྲུབ་གནང་བ་ལ། ང་ཚོས་ཐུན་མོང་དུ་འབད་བརྩོན་ཡོད་ཐོག ནམ་ཡང་ཤེས་རབ་ཀྱི་གྲོགས་དང་བཅས་ཏེ་བསྟན་འགྲོའི་བདེ་སྐྱིད་འཕེལ་རྒྱས་ཀྱི་དོན་དུ། རང་ཅག་ཚང་མ་རྣམ་ཀུན་ཞི་འཇགས་ཀྱིས་འཚོ་ཞིང་མཛའ་མཐུན་ངང་གཏན་དུ་མཉམ་གནས་བྱ་དགོས་པའི་འབོད་སྐུལ་ཀྱང་ཞུ་རྒྱུ་ཡིན་ནོ། །

མཇུག་མཐར། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱས་འཛོམས་ཚོགས་ཆེན་ཐེངས་གཉིས་པ་དང་། གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ། ཞང་བོད་གཞུང་བརྒྱའི་བགྲོ་གླེང་ཆེན་མོ་ཐེངས་གཉིས་པས་མཚོན། ཐེངས་འདིའི་མཛད་རིམ་ཁག་གྲ་རྒྱས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།    ཐུགས་རྗེ་ཆེ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།